ཀླུ་སྨྱོན།
ཧ་ཅང་གྲང་བའི་དགུན་ཟླ་རིང་མོ་ཞིག་བརྒྱུད་རྗེས།
དེ་རིང་གཞི་ནས་འདི་གར་ཉི་འོད་དྲོན་པོ་ཞིག་ཤར་བྱུང་།
ཉི་འོད་འདིས་ནམ་མཁའ་སྟོང་པ་འདིར་ཡང་ཚོས་གཞི་སྔོན་པོ་ཞིག་བྱུགས་ཤིང་།
ཉི་འོད་འདིས་ས་གཞི་ཆེན་པོ་འདིར་ཡང་བདེ་སྐྱིད་རྫོགས་མེད་ཅིག་སྦྱིན་སོང་།
མི་དང་གྲོག་མ་གཉིས་ལ་ཆེས་འདྲ་ས་ཞིག་ཡོད་པ་ནི།
ཉི་མ་དྲོ་དུས་སྡོད་ཚུགས་མེད་པར་ས་རྒྱུག་རྡོ་རྒྱུག་བྱེད་དགོས་པ་དེ་ཡིན་པས།
ཉི་འོད་འཇམ་པའི་དེ་རིང་ཡང་མི་དང་གྲོག་མ་ཚོ་མཉམ་དུ་སྒོར་བུད་བྱུང་།
སྒེའུ་ཁུང་བརྒྱུད་དེ་འཕྲོས་པའི་ཉི་འོད་སེར་པོ་དེའི་ཀློང་དུ།
ངས་ལམ་སེང་གྱོན་ཆས་དག་ཕུད་དེ་དམར་ཧྲེང་མར་ཁ་སྦུབ་ཏུ་ཉལ་ནས་བསྡད།
ལག་པ་བསྲིངས་ཏེ་རླུང་འཕྲིན་གྱི་གློག་སྒོ་ཕྱེས་པ་ན།
སུའུ་སྒྲུན་ལྷོ་མས་འོས་ཤོག་འཕངས་ཏེ་རང་བཙན་བདམས་པའི་སྐོར་ཞིག་རྒྱང་སྲིང་བྱེད་བཞིན་མཆིས།
དགུན་མཇུག་གི་ང་ལ་མཚོན་ན་ཉི་འོད་སེར་པོ་ཞིག་གི་དྲོད་ཁོལ་མྱོང་རྒྱུ་དེ་ནི་རང་བཙན་ལས་ཀྱང་གལ་ཆེ་བས།
མི་ནག་པོ་ས་ཡ་གཉིས་ཀྱི་ཚེ་སྲོག་གིས་ཉོས་པའི་རང་བཙན་དེར་དོན་སྙིང་ཅི་ཙམ་ཞིག་ལྡན་མིན་དང་།
ས་གནས་འདིའི་མི་ས་ཡ་དྲུག་གི་རེ་སྒུག་གིས་བསུས་པའི་དེ་རིང་གི་ཉི་འོད་དྲོན་པོ་འདི་གཉིས་ཀྱི་བར་དུ།
ངས་མཚུངས་རྟགས་རིང་མོ་ཞིག་འབྲི་རྒྱུར་བསམ་བློ་གཏོང་བཞིན་པའི་དུས་སུ།
གློ་བུར་དུ་ད་དུང་དགུན་ཁའི་གྲང་རླུང་གི་ཁྲོད་དུ་འཚོ་གཞེས་གནང་བཞིན་པའི་རང་གི་ཕ་མ་གཉིས་དྲན་བྱུང་།
ཕ་མའི་དྲིན་ལན་མ་བཞག་པའི་བུ་སྡུག་ང་འདྲ་བར་མཚོན་ན།
ཉི་འོད་དྲོན་པོ་དེའི་ཀློང་ནས་རྒྱང་རིང་དུ་འཕུར་བའི་གནམ་གྲུ་ཞིག་ལ་ལྟ་བཞིན།
དུས་ཚོད་ཏག་ཏག་ཅིག་ལ་བསླེབས་ཚེ།
ང་ཡང་ཉི་འོད་ཀྱི་ཀློང་ནས་གནམ་གྲུ་ཆེན་པོ་ཞིག་ལ་བསྡད་དེ།
དགུན་གྲང་སྒང་ལ་ཡང་ཉི་འོད་ཕྱོགས་མེད་དུ་བརྡལ་བའི་ཕ་ས་ཕ་ཡུལ་དུ་ཐེངས་ཤིག་བསྐྱོད་ནས།
ཕ་མའི་ཚེ་མཇུག་གི་ཞལ་གསུང་དྲོན་མོ་རེ་ལ་ཉན་ན་ཧ་ཅང་འདོད།
གང་ལྟར་དེ་རིང་ཉི་འོད་དྲོ་ཞིང་འཇམ་རླུང་དལ་བུར་ལྡང་བཞིན་འདུག
དེ་རིང་ངའི་སེམས་ཁོང་ནས་ཀྱང་ཉི་འོད་ལྟ་བུའི་སྙན་ངག་གི་རྦ་རླབས་ཤིག་འཕྱུར་བྱུང་།
http://www.youtube.com/watch?v=-MlAdXlXyck&feature=related
ཨ་ཁུ་ཀླུ་སྨྱོན་ལགས། ཁྱེད་ནི་དམ་པའི་དོན་གྱི་སྙན་ངག་པ་ཞིག་ཡིན་པར་སེམས། ངས་སྙན་ངག་ཅིག་ལ་ཁྱད་ཆོས་ག་རེ་ཚང་དགོས་མི་ཤེས་ཤིང་། ཁྱེད་ཀྱི་སྙན་ངག་ལ་ཁྱད་ཆོས་ག་འདྲ་ཡོད་ཞུ་མི་ཤེས་ཀྱང་། ཁྱེད་ཀྱི་སྙན་ངག་དེ་ཐེངས་རེ་འདོན་དུས། སེམས་ལ་ཇི་འདྲའི་སྣང་བ་སྐྱིད་པོ་ཞིག་ཤར་ཡོང་གི་འདུག ཁྱེད་ཀྱིས་བྲིས་པའི་སྙན་ངག་ཀློག་དུས། ངས་ཀྱང་སྙན་ངག་འབྲི་འདོད་སྐྱེ་ཞིང་། འབྲི་ཐུབ་རྒྱུ་འདྲ་པོའི་སྣང་བ་ཤར་གྱི་འདུག་ལ། འོན་ཀྱང་འབྲི་བར་རྩོམ་ཚེ། ངའི་སེམས་པ་ནག་ཐོམ་མེར་སོང་ནས། བརྗོད་བྱ་དང་བརྗོད་བྱེད་ཀྱི་ཚིག་གང་ཡང་ཡོང་གི་མིན་འདུག
གང་ལྟར་ཁྱེད་ཀྱི་སྙན་ངག་ལས་ཡིད་བདེ་མྱོང་མཁན་ང་འདྲ་བའི་གང་ཟག་མང་དག་ཅིག་མཆིས་ངེས་པས། དེ་དག་ལ་ཡིད་བདེ་བར་མེད་དུ་སྟེར་ཆེད། མུ་མཐུད་ནས་སྙན་ངག་འབྲི་བར་བསྐུལ་ཞིང་གསོལ་བ་འདེབས་པ་ལགས་ན། ཁྱེད་ཀྱིས་གསོལ་འདེབས་དེ་དགོངས་པའི་དབྱིངས་ནས་མི་ཡལ་བར་ཐུགས་རྗེ་བཟུང་བའི་རེ་བ་དང་། དེའི་དགེ་བའི་རྩ་བ་ལ་བརྟེན་ནས་སྐུ་ཉིད་ཀྱང་སྐུ་ཚེ་བསྐལ་བརྒྱའི་བར་བརྟན་པའི་སྨོན་ལམ་ཞུ།
བོད་གངས་རིའི་ལྗོངས་ན་སྙན་གི་ཕྱོགས་ནས་ཀླུ་སྨྱོན་ཧེ་རུ་ཀ་ལས་ལྷག་པ་དཀོན་པོ་ཡིན། ཁོང་གིས་སྙན་ངག་འབྲི་སྟངས་གང་གི་སྟེང་ནས་བྲིས་ཀྱང་ཕུལ་བྱུང་བ་ཤ་སྟག་འཁྱོལ་གྱིན་འདུག ཁོང་གིས་སྙན་ངག་འབྲི་མཚམས་མི་འཇོག་པ་དེ་ནི་བོད་ཀྱི་སྙན་ངག་པའི་རྒྱལ་ཁ་ཆེན་པོ་ཞིག་གི་སྔོན་འགྲོ་ཡིན།
དྲ་གྲོགས་རྣམ་གཉིས་ཀྱི་བསྟོད་པ་དེ་ཧ་ཅང་ཐལ་སོང་། ཡིན་ན་ཡང་ངས་མ་ཤི་བར་དུ་སྙན་ངག་ཆལ་ཆོལ་རེ་འབྲི་རྒྱུའི་དམ་བཅའ་བཞག་ཟིན། ད་ཐེངས་ཀྱི་དམ་བཅའ་འདི་ནི་ལོ་ཆུང་ཡིན་དུས་འཁོར་བ་ལ་ངེས་འབྱུང་མེད་པར་རབ་བྱུང་བའི་སྡོམ་པ་བླངས་པ་དང་མི་འདྲ་བར་དགའ་སྐྱོ་ཆགས་སྡང་གི་མི་ཚེའི་མ་རྩ་ཆུང་ཆུང་ཞིག་ཡོད་པས། ཀློག་མཁན་ཡོད་མེད་ལ་མ་ལྟོས་པར་ཅིག་མུ་མཐུད་དེ་འབྲི་གི་ཡིན་ལགས།
ཨ་ཁུ་ཀླུ་སྨྱོན་ལགས། ཐུགས་རྗེ་ཆེ། ང་ཚོས་མུ་མཐུད་ནས་ཀློག་གི་ཡིན།
ངོ་མ་དྲོ་གི།
འཁྱག་རླུང་དང་ཁ་ཆར་གྱིས་ཉིན་མང་པོར་བཏུམ་པའི་གྲོང་ཁྱེར་ཉི་འོད་ཀྱིས་ཁྲ་ཁྱིལ་ལེར་བཏང་།
རྒྱ་མཆོའི་རྦ་རླབས་དང་སྨུག་ལོང་གིས་ཁེངས་པའི་མཚོ་འདབས་ཀྱི་ཁང་ཆུང་གཙང་མ་བཟོས་སོང་།
དེ་རིང་གུང་གསེང་མིན་ན་ཡང་གཅེར་བུར་འགྲེང་བའི་ན་གཞོན་མ་འགའ་མཚོ་མཐར་གཅེར་བུ་རྒྱུ།
ཆར་སྤྲིན་གྱིས་བཏུམ་པའི་ཁ་སང་། ཉི་འོད་ཀྱིས་བསུས་པའི་དེ་རིང་། སང་ཉིན་ནི་སུ་ཡིས་རྟོགས།
སྙན་ངག་པའི་མཚན་ཐོབ་་པའི་སྙན་ངག་པ་ཚང་མས་དྲ་ངོས་སུ་འདི་ལྟར་རང་གི་སྙན་ངག་རྣམས་བྲིས་ནས་ཡོད་ན། ལོ་གཞོན་རྣམས་ལ་མིག་དཔེ་ཇི་ལྟར་བཟང་པོ་ཞིག་ངང་གིས་འཐེབ་ངེས་པས། ཧ་ཅང་ལེགས། མུ་མཐུད་ཀྱི་ཡིན་གསུངས་པར་དགའ། ཐུགས་རྗེ་ཆེ།
བྲིས་ཡོད་ཀི། ཨ་མ་དྲན་སོང་ལ་ ། རང་དབང་ཡང་དྲན་སོང་།
སྔ་དྲོ་ཉི་མ་དྲོ་དགོས།
ཉིན་དགུང་རླུང་བསིལ་རྒྱབ་དགོས།
དགོང་དྲོ་རླུང་འཚུབ་མེད་དགོས།
འདི་རིང་ཉི་མ་སྐྱིད་དགོས།