གནས་ཚུལ་ཕྱོགས་སྒྲིག་པ། བསྟན་འཛིན་རབ་རྒྱས།
དེ་རིང་ནི་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་མགོ་འཛུགས་ཀྱི་ཉིན་དང་པོ་རེད། རེབ་གོང་མདོ་བ་འབྲོག་སྡོང་བེ་སྡེ་བ་རྒྱ་སྡང་ཚོ་བ་ནས་ཡིན་པ་བླ་མ་སྐྱབས་ཀྱི་བུ་མོ་བདེ་མཆོག་སྐྱིད་ཀྱི་བུ་སྐལ་བཟང་སྦྱིན་པ་༼རང་ལོ་ ༡༨ དང་། དེ་སྔ་རོང་པོ་དགོན་པའི་གྲྭ་པ་དང་ད་ལྟ་མི་སྐྱ་ཡིན་འདུག༽ལགས་ནས། དེ་རིང་བོད་ནང་གི་ཆུ་ཚོད་ ༤ དང་སྐར་མ་ ༥༥ སྟེང་། རེབ་གོང་རོང་པོ་དགོན་པའི་སྒྲོལ་མ་ཐང་ཆེན་ནས་རང་ལུས་མེར་བསྲེགས་བཏང་སྟེ་འདས་གྲོངས་ཕྱིན་འདུག
སྐལ་བཟང་སྦྱིན་པ་ལགས་ཀྱི་ཕ་མིང་ལ་གཅོད་པ་དང་། མ་མིང་ལ་བདེ་མཆོག་སྐྱིད་ཟེར་བ་དང་། ཕ་གཅོད་པ་སྐྱབས་ནི་མ་བདེ་མཆོག་སྐྱིད་ཀྱི་ནང་ལ་མག་པར་ཡོང་བ་ཞིག་ཡིན་འདུག་ནའང་། ཕྱིས་སུ་གཅོད་པའི་ཕ་མ་གཉིས་ལ་བདག་པོ་རྒྱག་དགོས་བྱུང་བའི་གནས་སྟངས་འོག་མག་པའི་ནང་དུ་ཕར་སྤོར་འདུག་པ་དང་། སྐལ་བཟང་སྦྱིན་པ་ལགས་བདེ་མཆོག་སྐྱིད་ཀྱི་ཕ་བླ་མ་སྐྱབས་དང་མ་བདེ་མཆོག་སྐྱིད་གཉིས་ཀྱི་འཁྲིས་ནས་འཚར་ལོངས་བྱུང་ཡོད་འདུག་སྟབས། ས་གནས་ནས་ཁོང་གི་སྐོར་འགྲེལ་བརྗོད་བྱེད་སྐབས། བླ་མ་སྐྱབས་ཀྱི་བུ་མོ་བདེ་མཆོག་སྐྱིད་ཀྱི་བུ་སྐལ་བཟང་སྦྱིན་པ་ཞེས་བརྗོད་ཀྱི་འདུག གནས་ཚུལ་རིམ་འབྱོར་ལྟར་ན། དེ་རིང་སྐལ་བཟང་སྦྱིན་པ་ལགས་ནས་ཐོག་མར་མེར་བསྲེགས་གཏོང་སྐབས་མི་མང་བརྒྱ་སྐོར་ཙམ་འཛོམས་ནས་མེ་གསོད་ཐབས་དང་ཕུང་པོ་རྒྱ་ལག་ཏུ་མི་ཤོར་བའི་ཐབས་ཤེས་གང་ཡོང་བྱས་འདུག་ལ། དེ་སྐབས་མི་མང་གིས་ ”རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཁྲི་ལོར་བརྟན་པར་ཤོག” ་ཅེས་སྐད་འབོད་དང་། རིམ་པར་མི་མང་ཕོན་ཆེ་འདུ་འཛོམས་བྱུང་སྟེ་ཁྱོན་བསྡོམས་མི་གྲངས་བཞི་སྟོང་ནས་ལྔ་སྟོང་ཙམ་སྒྲོལ་མ་ཐང་ཆེན་དུ་འཛོམས་ནས། རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཁྲི་ལོར་བརྟན་པར་ཤོག་ཅེས་སྐད་འབོད་ལྡིར་བའི་ཀློང་ནས། སྐལ་བཟང་རྒྱ་མཚོ་ལགས་ཀྱི་ཕུང་པོ་ཐད་ཀར་གདོང་རྒྱ་ཀླད་དུ་གདན་ཞུ་ཞུས་འདུག་ལ། གདོང་རྒྱལ་ཀླད་དུ་ཕྱོགས་ཡར་མར་ནས་སླེབས་པའི་མི་མང་སྟོང་ཕྲག་བརྒྱད་དགུ་ཞིག་འཛོམས་ཡོད་ཚོད་དེ་དག་ཁྲོད། རྒྱལ་བའི་ཞབས་བརྟན་ ”གངས་རི་ར་བས་བསྐོར་བའི་ཞིང་ཁམས་སུ།། ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས།། སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོ་ཡི།། ཞབས་པད་སྲིད་མཐའི་བར་དུ་བརྟན་གྱུར་ཅིག།” ཞེས་པ་སྐྱོར་འདོན་དང་། གཞན་ཡང་། “རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག” ཅེས་སྐད་འབོད་ཀྱང་ཤུགས་ཆེ་བྱས་ཡོད་འདུག་པ་ལས། དཔའ་བོ་ཁོང་གིས་རང་ལུས་མེར་བསྲེགས་སྐབས་སྐད་འབོད་ཅི་བྱས་སྐོར་ད་ལྟ་རག་སོན་མ་བྱུང་།
ས་གནས་ཀྱི་མིས་འགྲེལ་བརྗོད་བྱས་པ་ལྟར་ན། དེ་རིང་གི་མེར་བསྲེགས་གནས་ཚུལ་འདི་བྱུང་རྗེས་རེབ་གོང་རོང་པོའི་ལམ་འགག་ཚང་མར་དམག་མི་འགྲེམས་འཇོག་དང་། དེ་བཞིན་ཐོག་མར་མི་མང་འདུ་འཛོམས་བྱུང་ཡུལ་སྒྲོལ་མ་ཐང་དང་དེ་ནས་གདོང་རྒྱ་ཀླད་དུ་སྐུ་ཕུང་གདན་ཞུའི་སྐབས་དང་། སྦྱིན་སྲེག་གི་སྐབས་བཅས་ལ་དམིགས་བསལ་དམ་དྲག་གི་གནས་ཚུལ་བྱུང་ཡོད་མི་འདུག་ནའང་། ས་གནས་ཀྱི་མིས་བརྗོད་གསལ་ལ། གནས་ཚུལ་འདི་རིགས་བྱུང་སྐབས་རྩ་བས་ཞི་འཇགས་ཡོང་ཐབས་ཆེད་དམག་མི་དང་མང་ཚོགས་གདོང་ཐུག་གི་གནས་ཚུལ་རིགས་མ་ཡོང་བ་གཙོ་འདོན་བྱེད་བཞིན་འདུག་སྟབས། མངོན་གསལ་དེ་ཙམ་མེད་པ་མ་གཏོགས། མི་མང་ཁྲོད་དཀྱུས་ཆས་གྱོན་པའི་དམག་མི་དང་ཉེན་རྟོག་པ་འགྲེམས་འཇོག་བྱེད་པ་དང་། སོ་མྱུལ་བ་འགྲེམས་འཇོག་བྱེད་ཀྱི་ཡོད་པ་ནི་རྒྱུན་ལྡན་གྱི་གནས་ཚུལ་ཞིག་ཡིན་སྐོར་ཤོད་ཀྱི་འདུག
སྐལ་བཟང་སྦྱིན་པ་ལགས་ནི། རེབ་གོང་རོང་པོ་དགོན་པར་དུས་འཁོར་གྲྭ་ཚང་དང་། རྒྱུད་པ་གྲྭ་ཚང་། ཐོས་བསམ་གླིང་གྲྭ་ཚང་བཅས་གྲྭ་ཚང་གསུམ་ཡོད་པ་ལས་ཐོས་བསམ་གླིང་དུ་ཞུགས་ནས་ལོ་ཤས་རིང་གཞུང་ཅེན་ཁག་སློབ་གཉེར་གནང་མྱོང་མཁན་ཞིག་ཡིན་འདུག་པ་བཅས་དེ་རིང་ཉིན་རྒྱབ་ས་གནས་སུ་འབྲེལ་ལམ་བརྒྱུད་གང་རག་པའི་གནས་ཚུལ་ཕྱོགས་བསྡོམས་ལགས་ཤིང་། འདི་འབྲེལ་གནས་བསྡུས་འབྲེལ་ཡོད་བརྒྱུད་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཆེ་གྲས་ཁག་ལ་མཁོ་སྤྲོད་ཞུས་ཟིན་མཇུག བོད་པའི་གསར་འགྱུར་བརྒྱུད་ལམ་ཁག་ལ་ཆེད་འགྲེམས་ཞུས་པ་འདི་ལགས། གནས་ཚུལ་རིམ་འབྱོར་སྐབས་མཚམས་ཁ་གསབ་ཀྱིས་འགོད་སྤེལ་ཞུ་རྒྱུ་བཅས་ཀྱི་གནས་བསྡུས་སུ།
གདུང་རྒྱལ་ཀླད་དུམི་མང་འདུ་འཛོམས་ཀྱི་རྣམ་པ།
གནས་ཚུལ་ཁ་གསབ། ༼༡༽
དེ་རིང་རང་ལུས་མེར་བསྲེགས་གཏོང་མཁན་སྐལ་བཟང་སྦྱིན་པ་ལགས་ཀྱིས་རས་བྱང་ཞིག་གི་སྟེང་། “རྒྱལ་བ་རིན་པོ་
གནས་ཚུལ་ཁ་གསབ། ༼༢༽
རེབ་གོང་རོང་པོ་ནས་སྐལ་བཟང་སྦྱིན་པ་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ་བྱུང་རྗེས། མདོ་བ་འབྲོག་གི་མི་མང་ཕོན་ཆེ་མདོ་བ་ཞང་ཡོད་ས་གཡག་ལུང་དུ་འཛོམས་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་དང་། དེ་བཞིན་ཞང་མི་དམངས་སྲིད་གཞུང་དང་སློབ་གྲྭའི་ནང་གི་རྒྱ་དར་མར་ཕབ་འདུག་ལ། མི་མང་ཕོན་ཆེས་སྐད་འབོད་དང་བཅས་ཏེ་རེབ་གོང་རྫོང་གི་སྲིད་གཞུང་ལྟེ་གནས་རོང་པོའི་ཕྱོགས་སུ་ཡོང་བཞིན་ཡོད་འདུག་པ་དང་། རེབ་གོང་རྫོང་སྲིད་གཞུང་གིས་ཉེན་རྟོག་པ་དང་དམག་མི་མང་པོ་མདོ་བའི་ཕྱོགས་སུ་མངགས་གཏོང་བྱས་ཟིན་ཡོད་འདུག ད་ལྟ་རེབ་གོང་རོང་པོ་ནས་གནས་ཚུལ་འབྱོར་གསལ་ལྟར་ན། རོང་པོར་འཛོམས་ཡོད་པའི་མང་ཚོགས་ཚོའི་ངོས་ནས་སྐད་འབོད་བྱས་ཏེ་རོང་པོའི་ཕྱོགས་སུ་ཡོང་བཞིན་པའི་མདོ་བའི་མང་ཚོགས་དང་རོང་པོའི་ཕྱོགས་ནས་མངགས་གཏོང་བྱས་པའི་དམག་མིའི་བར་ལམ་ཁ་ནས་གདོང་ཐུག་དང་འབྲེལ་བའི་ཛ་དྲག་གནས་ཚུལ་འབྱུང་རྒྱུ་ཡིན་པའི་གླེང་སློང་བྱེད་བཞིན་ཡོད་འདུག
གནས་ཚུལ་ཁ་གསབ། ༼༣༽
སྐལ་བཟང་སྦྱིན་པ་ལགས་ཀྱིས་”མི་རིགས་འདྲ་མཉམ་ཡོང་དགོས། བོད་ལ་རང་དབང་དགོས། བོད་ཡིག་དར་སྤེལ་བྱེད་དགོས། ༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་བོད་ལ་ཕེབས་དགོས། བོད་རང་དབང་གི་ཆེད་དུ་ངས་རང་ལུས་མེར་སྲེག་གཏོང་རྒྱུ་ཡིན། “ཞེས་འཁོད་པའི་ཁ་ཆེམས་ཡི་གེ་ཞིག་བཞག་ཡོད་པ་རེད་འདུག
ཁྱེད་ལ་བསྟོད་པའི་ཚིག་རྫོགས་སོང་། །
ཁྱེད་ལ་བསྔགས་རྒྱུའི་ལྕེ་དིག་སོང་། །
ཁྱེད་ལ་རྒྱབ་སྐྱོར་མཚོན་བྱེད་དུ། །
ཅི་ཞིག་བྱ་དགོས་མ་ཤེས་སོང་།། ཀི་ཧི་ཧི། ་་་དཔའ་རྒོད་རྒྱལ་ལོ།། བོད་རྒྱལ་ལོ།། རྒྱ་གོག་བལྟས་ངན་ང་ཚོའི་དགྲ་བོ་ཡིན། ང་ཚོའི་མི་གསོད་མཚམས་འཇོག་དགོས། ཀི་ཧི་ཧིཧི
རང་དབང་ལུང་པའི་རྒྱ་གཞུང་གི་གཞུང་ཚབ་ཁང་སོ་སོའི་སྒོ་སྔུན་ནས་བརྡ་ལན་ཡ་ལན། གང་མང་མང་གིས་གཞི་རྒྱ་ཆེ་ཙམ་རེ་ཡོད་པ་བྱས་ནས་བསྡད་ན་ཡག་པོར་མཐོང་། ཆབ་སྲིད་ཀྱི་གནད་དོན་འདི་ཆབ་སྲིད་ཀྱིས་འཇུག་སྐྱོང་དགོས་བ་ལས་སྨོན་ལམ་ཙམ་གྱིས་འགྲིག་པ་མི་འདུག། མི་ཤུགས་ཅན་དང་ནུས་ཅན་ཚོས་མགོ་སྐྱོང་བར་ཤོག། བླ་མ་དང་གྲྭ་བས་མགོ་སྐྱོང་བར་ཤོག། ཁྱེད་ཅག་གི་རྗེས་ན་མི་དམངས་དཀར་འདེད་ནག་འདེད་ཡིན་པ་ཚང་མས་ཤེས་བཞིན་པ་རེད། ད་ལོངས་ཤོག། འཛམ་གླིང་དང་རྒྱ་ནག་གཉིས་ཀའི་སུ་ངོ་ཚ་ན་ཚ་རུ་འཇུག་དགོས། འགན་ལེན་ན་ལེན་དུ་འཇུག་དགོས།
གང་ལྟར་བོད་ནང་གི་དཔའ་བོ་དཔའ་མོ་སྙིང་ནས་འདུད།བོད་ཕྱིའི་ཁ་རྒྱག་པ་ཅི་ཡང་མི་འཇོན་མཁན་ཚོར་སྙིང་ནས་སྡང་།སྔོན་ཆད་བོད་ཀྱི་མགོ་བཟང་ཡང་ལུས་མི་བཟང་ཟེར་གི་ཡོད།དེང་སང་མགོ་བཟང་མིན་བཤད་ཤེས་ཚོད་མ་རེད་མོད།འོན་ཀྱང་ལུས་བཟང་པོ་ཞིག་ཡོད་པ་ང་ཚོས་མཐོང་ཐུབ་པས་མགོ་ཚང་མ་གཉིད་ལ་ཤོར་འདུག་པའི་བཟོ་འདྲ་འདུག་པའམ།ཡང་ན་མགོ་ན་ཡོད་པའི་མིག་དང་རྣ་གཉིས་ལ་སྐྱོན་ཤོར་ཡོད་ས་རེད་འདོད།
དཀོན་མཆོག་མཁྱེན། བདེ་བ་ཅན་གྱི་ཞིང་དེར་སྐྱེ་བ་ཤོག བཀའ་སྤྱི་གཉིས་ནས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་ཨ་རི་སོགས་ལ་ཞུ་འབོད་འདྲ་བྱེད་རྒྱུ་མེད་པ་ཡིན་ནམ། གང་འགྱོགས་ཐབས་ལམ་ཞིག་འཚོལ་དགོས་འདུག དེ་མུར་བཞག་ན་བོད་རིགས་གྲངས་ཉུང་མི་རིགས་རྫོགས་ས་རེད།
རང་ལུས་མེར་བསྲེགས་ཀྱི་འབྱུང་རྩ་རྒྱ་དམར་ཚང་ཡིན་པ་བསྙོན་མེད་རེད།་ཡིན་ན་ཡང་ང་ཚོས་ཕྱི་ལོག་ནས་ཅི་ཡང་བྱེད་རྒྱུ་ཡོད་པ་མ་རེད་ཅེས་རང་གིས་རང་ལ་ལྷོད་གཡེང་དང་དབང་བསྒྱུར་བྱས་ན་བདེན་པར་མི་མཐོང་། གཞིས་ལུས་བོད་མིས་རང་ལུས་མེར་བསྲེགས་གཏོང་བར་རེ་ལྟོས་ང་ཚོ་ལ་བཅིངས་ཡོད་པ་རེད།ང་ཚོས་ད་དུང་ཕྱི་ལོག་ན་བྱེད་རྒྱུ་ཡོད་པ་མ་རེད་ཟེར་ནས་ཉམས་ཆུང་བྱས་ནས་བསྡད་ན་རྒྱུ་འབྲས་ལ་འགྲོ་གི་མ་རེད།སྲིད་སྐྱོང་དང་རྐུབ་ཀྱོག་བསྲུངས་བསྡད་ནས་བོད་དོན་ཁ་ཟས་ལ་རོལ་མཁན་ཚོས་མི་མང་སྣེ་ཁྲིད་དགོས་རེད། དུས་ལ་བབ་འདུག
གཞིས་ལུས་མི་མང་གི་སྟོབས་ཤུགས་ལ་བརྩི་བཀུར་གྱིས་འཐབ་རྩོད་ལག་ལེན་དངོས་ལ་ཞུགས་མི་ཕོད་ཚེ།སྲིད་སྐྱོང་ངེས་པར་དགོངས་པ་ཞུ་དགོས་རེད།
རྒྱལ་གཅེས་སྙིང་སྟོབས་ཀྱི་དཔའ་འབར་བའི་རེབ་ཀོང་བ་སྐལ་བཟང་སྦྱིན་པ་མཆོག་ནས་རང་དབང་དང་བདེན་དོན་གྱི་སླད་དུ་ཚེ་སྲོག་མེ་སྲེག་གིས་དམར་གཞུང་ལ་ཞི་རྒོལ་བྱས་ནས་སྐུའི་འཕེན་པ་རྫོགས་པར་སྐྱོ་གདུང་དྲག་པོས་མྱ་ངན་གུས་འདུད་དང་ཕ་མ་སྤུན་མཆེད་ཚང་མར་སེམས་སྐྱོའི་འཚམས་འདྲི་ཞུ་ཀི་ཡོད།
དྲ་གྲོགས་རིན་ཆེན་ལགས། ༼དེང་སང་མགོ་བཟང་མིན་བཤད་ཤེས་ཚོད་མ་རེད་མོད།༽ཟེར་བའི་ཚིག་འདི་ལ་ཁྱོད་རང་ཉིད་ཀྱིས་བདག་པོ་རྒྱག་ཐུབ་ཀྱི་ཡོད་དམ། གལ་སྲིད་ཁྱོད་རང་ལ་འཇོན་ཐང་སེམས་ཤུགས་ནུས་པ་སོགས་ཡོད་ན་ཕྱི་ལ་ཐོན་དང་སུ་གང་གིས་དགག་བྱ་གནང་གི་མ་རེད། རང་དབང་ལུང་པ་རེད།
ཅི་ཡང་མི་འཇོན་གང་ཡང་མི་ནུས་པ་ཞིག་ལ་སྐད་ཆ་མཐོ་བོ་ལན་པོ་རང་ཡོད་ན?????
མགོ་མ་འཚོས་པར་མྱོ་ཁ་མ་བླས་ན་བཟང་པར་སྙམ།
ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱི། ཚེ་ལས་འདས་པ་དེ་རྣམས་བར་དོ་སྡུག་བསྔལ་མི་འབྱུང་བར་ཤོག ང་ལ་དགེ་རྩ་གང་ཡོད་པ་རྣམས་འདས་པོ་འདི་རྣམས་རྒྱུད་ལ་སྨིན་གྱུར་ཅིག མཐར་རྣམ་མཁྱེན་རྒྱལ་བསི་གོ་འཕང་མྱུར་དུ་ཐོབ་པར་ཤོག
༄། ད་ཞུས་ཡག་གཅིག་འདུག དང་ཐོག་གནས་ཚུལ་འདི་རིགས་སྤྱི་སྒེར་སུ་ལ་བྱུང་ན་ང་ཚོའི་བོད་ཡིག་ཁྱབ་བསྒྲགས་ནང་དུ་མ་སྤེལ་། དང་པོ་སུ་ལ་ཡོང་ན་BBC དང་ཡང་ན་CNN སོགས་ལ་གཏོང་ཐུབ་པ་བྱོས་དང་དེ་ནས་འཛམ་གླིང་ལ་ཁྱབ་ཐོབ་རེ་ཡོད། དེ་མིན་ང་རང་ཚོའི་ནང་དུ་wechat དང་ ཁ་བརྡ་ནང་ལ་བཀོང་ཚར་ནས་ཁོང་ཚོས་གནས་ཚུལ་ཟོས་ལྷག་དེ་ངོས་ལེན་གནང་གིས་མ་རེད། དེ་དོན་གཅིག་གི་གཅིག་ལ་ལན་བརྡ་གནང་ན་དགེ།