སློབ་གསོ་བཅོས་སྒྱུར་དང་མཐོར་འདེགས་ཀྱི་ཆེད་དུ་ཡིན་ཞེས་ལོ་གཅིག་གི་གོང་ཙམ་ནས་ས་གནས་གྱི་འབྲེལ་ཡོད་ལས་ཁུངས་དག་གིས་སློབ་གྲྭ་ཁག་ནང་བོད་ཡིག་གི་སློབ་དེབ་མེད་པ་བཟོ་རྒྱུའི་འཆར་གཞི་ཞིག་བསྒྲགས་དང་སྒྲོག་གིན་ཡོད་པ་དང་། ད་ཆར་དངོས་སུ་ལག་བསྟར་བྱ་ཉེར་ཡོད་སྐད་ལ། དེར། དེ་རིང་རེབ་གོང་གི་སློབ་གྲྭ་ཆེ་ཁག་ཚང་མའི་སློབ་ཕྲུག་སྡེབ་ལངས་ཀྱིས་ངོ་རྒོལ་ལས་འགུལ་སྤེལ་ཡོད་འདུག་ལ། སློབ་མ་ཚོའི་འབོད་སྒྲ་ནི་༼ མི་རིགས་འདྲ་མཉམ སྐད་རིགས་རང་དབང་༽ཞེས་པ་འདི་ཡིན་འདུག
འབྲེལ་ཡོད་ནས་གནས་ཚུལ་མཁོ་གཏོང་གནང་དོན་ལྟར་ན། རེབ་གོང་རྫོང་མི་རིགས་སློབ་འབྲིང་དང་། རྨ་ལྷོ་ཁུལ་དགེ་ཐོན་སློབ་གྲྭ རྨ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གསུམ་གྱིས་གཙོས་པའི་སློབ་གྲྭ་ཆེ་ཁག་ཚང་མའི་སློབ་མ་མཉམ་ཞུགས་བྱས་ཡོད་པ་དང་། རོབ་ཚོད་བྱས་ན། སློབ་ཕྲུག་སྟོང་ཕྲག་གཅིག་གཉིས་ཤིག་འཛོམས་འདུག་ཟེར།
ཡང་གནས་ཚུལ་མཁོ་འདོན་པས་བརྗོད་གསལ་ལ། དེ་རིང་ཞོགས་པའི་ཆུ་ཚོད་བརྒྱད་པ་ནས་མགོ་བཙུགས་ཏེ། གྲོིང་ཁྱེར་གྱི་སྲང་ལམ་གང་སར་སྐད་འབོད་ཁྲོམ་སྐོར་བྱེད་ཀྱི་འདུག ཉེན་རྟོག་པ་དང་དམག་མི་རླངས་འཁོར་མང་པོ་སླེབས་ནས་ཕྱོགས་ཕྱོགས་ན་བལྟས་བསྡད་འདུག་ཟེར།
དུས་བབ་དྲ་ཚིགས་ཀྱི་ཟིན་བྲིས་པ་ཏཱ་ན་བློ་བཟང་གིས་དེ་རིང་གི་ངོ་རྒོལ་ལས་འགུལ་འདིའི་སྐོར་རང་ཉིད་ཀྱི་ཟིན་བྲིས་ནང་བཀོད་པའི་ནང་། ༼དེ་རིང་རེབ་གོང་ན་འོས་ལངས་བྱེད་ཀྱིན་ཡོད་གི ཤུགས་དྲག་པོ་བྱེད་གི་ཡོད་གི དྲི་བ། མི་ག་ཚོད་ཡོད། ལན། སྟོང་ལྷག་ཡོད་གི སློབ་མ་ཏག་ཏག་རེད། དྲི་བ། གང་ཕྱོགས་ཀྱི་སློབ་མ་རེད། ལན། རེབ་གོང་རྫོང་མི་རིགས་སློབ་འབྲིང་དང་། རྨ་ལྷོ་དགེ་ཐོན་སློབ་གྲྭ་རྨ་ལྷོ་མཐོ་འབྲིང་སློབ་གྲྭ་སོགས་རེད། དྲི་བ། འབོད་ཚིག་ཅི་ཞིག་ཟེར་གིན་འདུག ད་དུང་བསྡད་ཡོད་དམ། ལན། མི་རིགས་འདྲ་མཉམ སྐད་ཡིག་དར་སྤེལ་ཟེར་གྱིན་འདུག་པ་དང་། ད་ནིང་ཞོགས་པའི་ཆུ་ཚོད་བརྒྱད་ནས་ད་དུང་འགྲོ་ཀྱིན་འདུག དྲི་བ། ནང་ན་དགེ་རྒན་འདུག་གམ། ལན། དེ་ཅང་མེད་གི་པ། ཉེན་རྟོགས་པས་རྒྱང་ན་བལྟས་འདུག དྲི་བ། ཉེན་རྟོགས་པ་ག་ཚོད་འདུག ལན། ཉེན་རྟོགས་པ་རླངས་འཁོར་ཉི་ཤུ་སུམ་ཅུ་འདུག གྲངས་ཏག་ཏག་མ་ཤེས། དྲི་བ། ས་གནས་གང་དང་གང་ན་སྐད་འབོད་བྱེད་ཀྱིན་འདུག ལན། རྨ་ལྷོ་ཁུལ་སྲང་ལམ་གང་ཡིན་ས་ན་ཡོད་གི དྲི་བ། སློབ་མ་ཞི་ལུ་མང་ག་ཞི་མོ་མང་གི ལན། འདྲ་མཉམ་རེད། དྲི་བ། མི་མང་གཞན་མཉམ་ཞུགས་བྱེད་ཀྱིན་འདུག་གམ། ལན། མེད་གི ༽ཞེས་བཀོད་འདུག
༼གནས་ཚུལ་ཞིབ་ཕྲ་བརྩད་ཆོད་བྱུང་མཚམས་ཁ་གསབ་དང་བཅོས་འགོད་ཞུ་རྒྱུ་ཡིན།༽