དུར་བྱང་།
གོ་བ་རགས་པའི་དབང་དུ་བཏང་ནས་འཆད་པར་བྱ་སྟེ། རྫུན་མ་རྐྱང་རྐྱང་གིས་གྲུབ་པའི་སྐད་འཕྲིན་གྱི་འཇིག་རྟེན་འདི་ན་དོན་དངོས་ཡིན་པའི་གནས་ཚུལ་རེ་ཟུང་ལས་མེད་པ་དེ་ལྟ་ནའང་། ཨ་དཀོན་རེན་པོ་ཆེ་དམར་གསོད་བཏང་འདུག་ཅེས་པ་ནི་བདེན་པ་ཡིན་ཚུལ་ལ་བློ་ཉེ་ཉེ་རུ་སོང་ཙ་ན། གཞི་ནས་ཕྲན་པའི་སེམས་པ་འདི་ཡང་རྟབ་རྟབ་པོ་རུ་གྱུར་ཞིང་རྒྱུན་ལྡན་ལས་རིང་དུ་བརྒལ་འདུག་པ་དེའོ།། གང་ལྟར་ཡང་ཡ་ང་བའི་གནས་ཚུལ་འདི་ལྟ་བུ་མང་བོ་མང་བོ་ཞིག་མཐོང་ཐོས་མྱོང་གསུམ་གྱི་ཡུལ་དུ་བྱུང་དང་འབྱུང་བཞིན་པ་ལགས་ན། ཁོང་ལ་ཆེད་དུ་དམིགས་ནས་ཚ་ཚ་འུར་འུར་གྱི་རྣམ་འགྱུར་བསྟན་པ་ནི་ཅི་ཡི་ཕྱིར་དུ་ཡིན་ནམ། ཕྲན་པར་མཚོན་ན་ཨ་དཀོན་རིན་པོ་ཆེ་ཟེར་བའི་སྐྱེས་ཆེན་དེ་ལ་རྒྱུས་མངའ་ཅི་ཡང་མེད་པའི་ཁར། དེང་སང་གང་དུ་བཞུགས་ཡོད་མེད་ཀྱང་གསལ་དུ་མ་ངེས་མོད། སྐད་འཕྲིན་དུ་ཁྱབ་པའི་ཁོང་གི་མཛད་རྗེས་དེ་དག་ལ་རེ་རེ་བཞིན་མཇལ་རྗེས། ཞིབ་ཏུ་བཀླགས་རྗེས། ནན་དང་བསྐྱར་དུ་བལྟས་རྗེས། ཁོང་ནི་བོད་མི་རིགས་ཀྱི་ཆེད་དུ་ཅི་ཡང་གཏོང་ཕོད་ལ། གང་ཞིག་བསྒྲུབ་ཕོད་པའི་སྐྱེས་བུ་དམ་པ་ཞིག་ཡིན་པ་གཞི་ནས་ངོ་འཕྲོད་པ་བྱུང་། སྐད་ཆ་གཞན་གྱིས་བསྙད་ན་ཁོང་ནི་ངེས་པ་དོན་གྱི་མི་རིགས་རིང་ལུགས་པ་རྣལ་མ་ཞིག་ཡིན་པ་དེའོ།།
དེ་ཡང་དྲིལ་ནས་བརྗོད་པར་བྱ་སྟེ། བོད་ལྗོངས་གཙོས་སི་ཁྲོན་ཞིང་ཆེན། མཚོ་སྔོན་ཞིང་ཆེན། ཀན་སུ་ཞིང་ཆེན། ཡུན་ནན་ཞིང་ཆེན་སོགས་སུ་བསླབ་ཚན་སྣ་མང་ཐོག་ལ་རོགས་སྐྱོར་དང་། སློབ་གྲྭ་ཁག་གསར་འཛུགས་སོགས་ཀྱི་མཛད་རྗེས་ནི་མི་སྤྱིར་བཏང་བ་ཞིག་གི་རྨི་ལམ་དུའང་འཁོར་མི་སྲིད་པ་མང་བོ་ལག་ཏུ་བསྟར་བ་འདི་ལས་ལྷག་པའི་བྱ་བ་རླབས་པོ་ཆེ་ཟེར་བ་ཞིག་ཡོད་དམ། “མདོར་ན་བོད་ཀྱི་ས་ཁུལ་ལྗོངས་དང་ཞིང་ཆེན་ལྔ་ལ་མཚོན་ན་སྤྱི་ལོ་ ༡༩༩༠ ལོ་ནས་ ༢༠༡༠ ལོ་བར་རོགས་པ་བྱས་པའི་སློབ་མ་རྐྱང་པ་རགས་རྩིས་བྱས་ན་ ༩༡༡༨ ལྷག་ཙམ་ལ་རོགས་རམ་མཛད་པ་དང་། རོགས་དངུལ་གནང་བ་རགས་རྩིས་བྱས་ན་དམངས་སྒོར་ ༡༧༨༠༩༥༥༢༦ ཙམ་གྱིས་རོགས་རམ་འཛུགས་བསྐྲུན་གནང་བར་མཛད། དེ་ཡང་རྒྱལ་ཁབ་ཀྱི་ཁྲིམས་དང་མཐུན་པའི་གན་རྒྱ་ལོ་དྲུག་ནས་བཅུའི་བར་བཞག་སྟེ་ཁ་དང་བསམ་པ་ཙམ་མ་ཡིན་པར་སྦྱོར་བ་སྐུ་དངོས་ཕེབས་ཤིང་རང་གི་ལག་གིས་གནང་སྦྱིན་བསྟན་འགྲོའི་དོན་ལ་སྨིན་པར་མཛད་དོ།”
ཨ་ཁ། འདི་ལྟ་བུའི་སྐྱེས་བུ་དམ་པ་ཞིག་ཅིའི་ཕྱིར་བསད་པ་རེད་དམ། འདི་ལྟ་བུའི་རླབས་ཆེན་གྱི་མི་སྣ་ཞིག་ཅིའི་ཕྱིར་བཀྲོངས་པ་ཡིན་ནམ། ཅིའི་ཕྱིར། ཅིའི་ཕྱིར། ད་ནི་བསམ་གཞིག་གི་རྒྱུན་ཐག་རིང་དུ་བསྲིངས་ཏེ་སྐྱི་གཡའ་བའི་དོན་དངོས་འདིའི་རྒྱབ་ལྗོངས་ལ་བསྔོག་པར་འབད་ཐུབ་ན་ཤིན་ཏུ་ལེགས་སོ། ། ཕྲན་པར་མཚོན་ན་དེ་དང་དེའི་རྒྱུ་རྐྱེན་དེ་ལྟར་མིན་ནམ། འདི་ལྟར་ཡིན་ནམ་ཞེས་འོལ་ཚོད་ཅིག་ལས་གཞན་པའི་ནུས་པ་ཅི་ཡང་མིན་མོད། ཕྲན་པས་ཁྱེད་ཚོར་ནན་གྱིས་འདྲི། གསོད་མཁན་དུ་གྲགས་པའི་བོད་པ་དེ་གསུམ་གྱིས་ཁོང་གི་རྒྱུ་ནོར་ཁོ་ན་ལ་ཧམ་པས་ཡིན་ནམ། སྐུ་ལི་གཅིག་གི་གོང་ཚོད་ལས་མ་འགྲིག་པ་རེད་ཅེས་པའི་གནས་ཚུལ་བྱིས་པའི་རྩེད་མོ་དང་མཚུངས་པ་དེ་གས་ཡིན་སྲིད་དམ། འོ་ན། ལག་དམར་དེ་གསུམ་ཁོ་ན་མ་གཏོགས་གཞན་སུས་ཀྱང་བཀོད་འདེམས་དང་བཙན་ཤེད། ཡང་ན་ཁོང་ཚོར་མངགས་བཅོལ་དང་རྒྱབ་དཔུང་ཅི་ཡང་མེད་སྲིད་དམ། བོད་པ་དེ་གསུམ་ལ་འཇིགས་སྐྲག་དང་ཞེད་སྣང་མེད་པར་མཚོན་གྱིས་ཡང་ཡང་བསྣུན་པའི་སྤོབས་པ་དེ་གང་ནས་འོང་བ་ཡིན་ནམ། ཁོང་གསུམ་གྱིས་སྐྱེས་ཆེན་དེ་བཀྲོངས་པའི་མཇུག་འབྲས་ཤེས་བཞིན་དུ་མངོན་མཆོང་བྱེད་དོན་ཅི་ཡི་ཡིན་ནམ།
ཡང་དོགས་པ་གཞན་ཞིག་གིས་སྣེ་དྲངས་ཏེ་ཁྱེད་ཚོར་བསྐྱར་དུ་འདྲི། གཅིག་བྱས་ན་ཁོང་ཚོའི་རྒྱབ་ཏུ་ལངས་ཤིང་སྦས་པའི་ཚུལ་དུ་ཡོད་པ་ནི་དཔོན་པོ་ག་གེ་མོ་ཞིག་ཡིན་ཡང་སྲིད། གཅིག་བྱས་ན་ཁོང་ཚོའི་མཐའ་སྐོར་ནས་མཐེ་བོང་འགྲེང་མཁན་ནི་ཚོགས་པ་ག་གེ་མོ་ཞིག་ཀྱང་ཡིན་སྲིད། གཅིག་བྱས་ན་ཁོ་པ་ཚོར་དེ་ལྟ་བུའི་ཕྱིར་མི་ལྡོག་པའི་སྤོབས་པ་ཞིག་སྩོལ་མཁན་ནི་སྲིད་གཞུང་ག་གེ་མོ་ཞིག་ཡིན་ཡང་སྲིད། དེ་ལྟར་རེད་དམ། དེ་ལྟར་རེད་དམ། སྤྱིར་ན་རྣམ་རྟོག་ལ་མཐའ་དང་ཚད་མེད་ཙ་ན། ཕྲན་པར་ཡང་དེ་ལྟར་རྣམ་རྟོག་ཤར་བ་ནི་ཤར་ཆོག་ཆོག་ཏུ་སྣང་ལ། འདི་ལྟར་དོགས་སློང་བྱས་པ་ནི་འོས་ཤག་ཤག་ཏུ་སྣང་། མདོ་དོན་ནི་འོ་སྐོལ་ཚོས་མིག་ཆུ་གཅིག་པོ་བཏང་ནས་བསྡད་པ་ནི་སྲོལ་རྒྱུན་ལ་བརྩི་བཀུར་བྱེད་པ་ཙམ་དུ་ངེས་སྲིད་མོད། ཤི་བོ་ལ་མྱ་ངན་ཙམ་གྱི་མཚོན་རྟགས་སུ་འགྲོ་ངེས་མོད། མིན། ང་ཚོས་ངེས་པར་དུ་རླབས་ཆེན་གྱི་མི་སྣ་གང་དེའི་འདས་རྐྱེན་འཚོལ་དགོས། འདི་ནི་སྤྱིར་བཏང་ལས་བརྒལ་བའི་གནས་ཚུལ་ཞིག་ཡིན་ཙང་། སྐད་ཆ་དང་ཚིག་གི་ངོ་གདོང་ལས་བུད་དེ་བཀབ་པ་དང་སྦས་པའི་ཚུལ་དུ་ཡོད་པའི་རྒྱུ་རྐྱེན་དེ་ཅི་བས་ཀྱང་འཚོལ་དགོས། དེ་ལྟ་མ་ཡིན་ན། ད་དུང་འདི་ལྟར་མི་འབྱུང་བའི་ངེས་པ་མེད་ལ། བསྐྱར་དུ་དེ་ལྟར་མི་བྱེད་པའི་གདེང་ཚོད་སུ་ལ་ཡོད་ཨང་།
དོགས་པ་གཞན་ཞིག་སྟེ། ཕྱོགས་ཞེན་དང་རིང་དུ་བཀྱེད་དེ། དུང་སེམས་ཀྱི་ཟུར་དུ་བུད་དེ། འདས་དོན་ལ་ཕྱིར་རྟོག་དང་དངོས་ཡོད་ལ་ལག་པ་བསྲིངས་ཏེ། བོད་པའི་སྤྱི་ཚོགས་ལ་ཁ་གཏད་པ་དེའང་དོན་མེད་ཆུད་ཟོས་སུ་འགྲོ་བའི་དོགས་པ་ཞིག་ཡེ་ནས་མ་ཡིན། འུ་ཅག་ལ་ཉམས་མྱོང་ཡོད་པ་ལྟར། གལ་ཏེ་ཆོས་ལུགས་ཀྱིས་ཉོག་འཛིང་དུ་ངེས་སྲིད་ལ། གལ་ཏེ་ས་ཁུལ་གྱི་ཞེན་ཁོག་ཏུའང་ངེས་སྲིད། རྨོངས་པའི་སྤྱི་ཚོགས་སུ་ངོ་མཚར་བ་ཅི་ཞིག་ཡོང་ངེས་ལ། མུན་ནག་གི་སྤྱི་ཚོགས་སུ་ཧང་སངས་པའི་རྣམ་འགྱུར་ཡང་གང་ཞིག་ཡོང་ངེས། ད་དུང་འོ་སྐོལ་ཚོའི་སྤྱི་ཚོགས་འདི་མིའི་སྤྱི་ཚོགས་རྣལ་མ་ཞིག་ཏུ་གྱུར་མ་ཐུབ་པས། བསམ་བློ་པ་དང་ཤེས་ཡོན་པ་གཙོས་དེ་འབྲེལ་གྱི་མི་སྣ་དག་ལ་ལྷིང་འཇགས་ཀྱི་ཁོར་ཡུག་ཅིག་ད་སྔ་བར་དུ་བོད་པའི་སྤྱི་ཚོགས་སུ་གྲུབ་མྱོང་མེད་པ་ནི། འདས་པའི་ལོ་རྒྱུས་དང་ཡིག་ཚང་དག་གིས་གསལ་བོར་བཀྲལ་འདུག་པ་དེ་གའོ།། རྒྱུ་མཚན་དེ་དང་དེས། འདི་ལྟར་དོགས་སློང་བྱ་ཆོག་ལ། དེ་ལྟར་རྣམ་རྟོག་གི་ས་བོན་གདབ་ཀྱང་ཆོག
2013.10.9
་་་་་ “མདོར་ན་བོད་ཀྱི་ས་ཁུལ་ལྗོངས་དང་ཞིང་ཆེན་ལྔ་ལ་མཚོན་ན་སྤྱི་ལོ་ ༡༩༩༠ ལོ་ནས་ ༢༠༡༠ ལོ་བར་རོགས་པ་བྱས་པའི་སློབ་མ་རྐྱང་པ་རགས་རྩིས་བྱས་ན་ ༩༡༡༨ ལྷག་ཙམ་ལ་རོགས་རམ་མཛད་པ་དང་། རོགས་དངུལ་གནང་བ་རགས་རྩིས་བྱས་ན་དམངས་སྒོར་ ༡༧༨༠༩༥༥༢༦ ཙམ་གྱིས་རོགས་རམ་འཛུགས་བསྐྲུན་གནང་བར་མཛད། དེ་ཡང་རྒྱལ་ཁབ་ཀྱི་ཁྲིམས་དང་མཐུན་པའི་གན་རྒྱ་ལོ་དྲུག་ནས་བཅུའི་བར་བཞག་སྟེ་ཁ་དང་བསམ་པ་ཙམ་མ་ཡིན་པར་སྦྱོར་བ་སྐུ་དངོས་ཕེབས་ཤིང་རང་གི་ལག་གིས་གནང་སྦྱིན་བསྟན་འགྲོའི་དོན་ལ་སྨིན་པར་མཛད་དོ།”་་་་་