སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
ཀྲུའུ་ཝེ་ཆོན།
མ་རྩོམ།
(རྒྱ་ནག་དབུས་དམར་ཤོག་སློབ་གྲྭའི་”སློབ་སྦྱོང་དུས་བབ་”སྟེང་འདེམས་བཀོད་བྱུང་བའི་མི་རིགས་གནད་དོན་གྱི་རྩོམ་ཡིག)
ཕྱི་ཟླ༢ཚེས་༡༣ཉིན། རྒྱ་ནག་དབུས་དམར་ཤོག་སློབ་གྲྭའི་<<སློབ་སྦྱོང་དུས་བབ>>འདོན་ཐེངས་གསར་ཤོས་དེའི་མདུན་ཤོག་དང་མདུན་བྱང་དུ། རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་ཁང་གི་འགན་འཛིན་གཞོན་པ་ཀྲུའུ་ཝེ་ཆོན་གྱིས་མི་རིགས་གནད་དོན་སྐོར་གྱི་རྕོམ་ཡིག་དེ་བཀོད་ཡོད་པ་དང་། ལོ་ཤས་ནང་རྒྱ་ནག་དམར་ཤོག་གི་མི་རིགས་ལས་དོན་དང་སྒོས་སུ་བོད་ཀྱི་གནད་དོན་ཐད་རྒྱུན་དུ་གླེང་སློང་བྱེད་མཁན་གྱི་ཀྲུའུ་ཝེ་ཆོན་གྱིས་“ངེས་པར་དུ་ལྷོད་ཡངས་མེད་པར་ནང་སྲིད་འཛིན་སྐྱོང་བཅོས་བསྒྱུར་དང་། ཁ་བྲལ་ལས་འགུལ་བརྩམ་མཁན་གྱི་ཕྱི་དགྲ་དེ་དག་ཚར་གཅོད་བྱེད་པའི་དུས་མཚུངས་སུ། མ་འོངས་པར་གྲངས་ཉུང་མི་རིགས་རྣམས་ལ་རོགས་སྐྱོར་དང་འདུ་ཤེས་འཛིན་སྟངས་དེའང་མཁོ་དགོས་ཆ་རྐྱེན་ལ་དམིགས་ནས་ལམ་སྟོན་ཁ་ཕྱོགས་བསྒྱུར་དགོས་པ་དང་། མི་སེར་ལག་འཁྱེར་ནང་“མི་རིགས”ཞེས་པའི་ཡི་འབྲུ་གཉིས་པོ་དེ་མེད་པར་བཟོས་ནས་། མི་རིགས་ས་ཁུལ་རང་སྐྱོང་གི་ས་ཆ་འཕར་སྣོན་མི་བྱེད་པ་དང་། མི་རིགས་རང་སྐྱོང་གི་གྲོང་ཁྱེར་མི་བསྐྲུན་པ། མི་རིགས་འདྲ་མིན་གྱི་སློབ་མ་རྣམས་མཉམ་བསྲེས་ཀྱི་སློབ་གྲྭར་གཏོང་པ་སོགས་གནད་དོན་འདྲ་མིན་ཐད་དཔྱད་བརྗོད་བྱས་པ་རེད”ཀྲུའུ་ཡི་འགྲེལ་བརྗོད་དེས་རྒྱ་ནག་དབུས་གཞུང་གི་མི་རིགས་སྲིད་བྱུས་ཐད་བཅོས་སྒྱུར་གཏོང་བའི་བསམ་བློ་དེ་མཚོན་ཐུབ་ལ། ཕྱོགས་གཞན་ཞིག་ནས་རྒྱ་ནག་དམར་ཤོག་གི་མི་རིགས་ལས་དོན་གྱི་མ་འོངས་ཁ་ཕྱོགས་དེ་གསལ་ལྷམ་མེར་སྟོན་ཐུབ།
དེང་གི་མི་རིགས་ས་ཁུལ་གནད་དོན་ཐད་བྱུང་བའི་བསམ་ཚུལ་ཁ་ཤས།
ད་ལྟའི་བར། རང་རྒྱལ་གྱི་མི་རིགས་དང་ཆོས་ལུགས་ལས་དོན་དེ་སྤྱི་ཡོངས་ནས་ཡག་པོ་བྱུང་ཡོད་མོད། འོན་ཀྱང་ལས་དོན་དེའི་ཐད་ད་དུང་ཡང་དཀའ་ངལ་མི་ཉུང་བ་ཞིག་ཡོད་པ་རེད། དཀའ་ངལ་དེ་ཚོ་ལས་ཁ་ཤས་ནི་བཅོས་བསྒྱུར་གུ་ཡངས་བཏང་པ་ནས་སྤྱི་ཚོགས་ཀྱི་འཕོ་འགྱུར་ལས་བྱུང་པ་དང་། དེ་ནི་མི་དམངས་ནང་ཁུལ་གྱི་འགལ་ཟླ་དང་། སློབ་གསོ། འཛིན་སྐྱོང་སོགས་ཀྱི་རྐྱེན་ཡིན་པ་རེད། དཀའ་ངལ་ཁ་ཤས་ནི་ནུབ་ཕྱོགས་འཁོན་འགྲེས་འཛིན་པའི་དགྲ་བོ་དེ་ཚོས་གཅིག་གྱུར་དང་མངོན་ཐོན་གྱི་ཀྲུང་གོ་རྒྱལ་ཁབ་དེ་ཉིད་འཛམ་གླིང་ཡང་རྕེ་རུ་གཟེངས་སུ་ཐོན་པ་མཐོང་འདོད་མེད་པར། ཆེད་མངགས་མི་རིགས་དང་ཆོས་ལུགས་སོགས་བེད་སྤྱོད་བཏང་སྟེ་རང་རྒྱལ་གྱི་བརྟན་ལྷིང་དང་གཅིག་གྱུར་ལ་གཏོར་བཤིག་གཏོང་ཐབས་བྱེད་པ་དེ་རེད། འགལ་ཟླ་འདིའི་རིགས་ནི་རང་དགྲ་གཉིས་ཀྱི་འགལ་ཟླ་ཞིག་ཡིན་དུས། དེ་ནི་རང་རྒྱལ་གཞན་ཕམ་གྱི་འཐབ་རྩོད་བྱེད་དགོས་པའི་གནད་དོན་ཞིག་ཡིན།
མི་རིགས་ས་ཁུལ་ལ་ཡར་རྒྱས་དང་ཁ་བྲལ་ལ་འཐབ་རྒོལ་དང་འབྲེལ་བའི་སྐོར།
གང་ཐུབ་ཀྱིས་གྲངས་ཉུང་མི་རིགས་ས་ཁུལ་ཀྱི་དཔལ་འབྱོར་འཛུགས་བསྐྲུན་བྱེད་པ་དང་། གང་ཐུབ་ཀྱིས་གྲངས་ཉུང་མི་རིགས་མང་ཚོགས་ཀྱི་འཚོ་བ་ལེགས་བཅོས་གཏོང་པ་ནི། ང་ཚོའི་འཐབ་རྩོད་ཀྱི་དམིགས་ཡུལ་དེ་ཡིན་ལ། ཁ་བྲལ་ལ་འཐབ་རྒོལ་བྱེད་པར་ཆེས་རྨང་གཞིའི་དངོས་པོའི་མཁོ་དགོས་དེ་ཡིན་མོད། ཡིན་ནའང་། ང་ཚོས་ནམ་ཡང་གསལ་པོ་ཤེས་དགོས་པ་ནི། དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་འཛུག་བསྐྲུན་དེས་རྒྱལ་ཁབ་ལ་མཐུན་སྒྲིལ་དང་བརྟན་ལྷིང་ཡོང་པར་འགན་ལེན་མི་ཐུབ་ལ། ཁ་བྲལ་རིང་ལུགས་ཀྱི་དཀའ་ངལ་དེའང་རང་བཞིན་གྱིས་ཡལ་མི་སྲིད་པ་ཞིག་རེད། ཨུ་རུ་སུ་དང་ཡུ་གུ་སི་ལ་ཝིཡ་རྒྱལ་ཁབ་འདི་གཉིས་ལས་བྱུང་བའི་ཉམས་མྱོང་དེ་ནི་ཇི་འདྲའི་བག་ཆགས་གཟབ་མོ་ཞིག་མ་ཡིན་ནམ། རྒྱལ་ཁབ་འདི་གཉིས་ལ་གཉིས་སྐྱོར་འཕེལ་རྒྱས་འཛུག་བསྐྲུན་གྱི་ཆ་ཚད་དམའ་བའི་མི་རིགས་སྲིད་བྱུས་དེ་ཡོད་པ་དང་། མཐར་ཚང་མ་སྟོང་པར་གྱུར་པ་རེད། ཨུ་རུ་སུ་རྒྱལ་ཁབ་ཀྱིས་འཐུས་མི་འཕར་སྣོན་གྱི་སྤྱི་མཐུན་ལམ་ལུགས་དེ་ལག་བསྟར་བྱས་པ་དང་། རྩ་ཁྲིམས་གཏན་འབེབས་ལྟར་སྤྱི་མཐུན་སོ་སོར་མཐུན་ཚོགས་ནས་ཕྱི་འཐེན་བྱེད་པར་“རང་ཐག་རང་གཅོད་”ཀྱི་དབང་ཚད་ཡོད་པ་དང་། སྤྱི་བཏང་ནས་ཁ་ནས་བཤད་པ་ཙམ་ཡིན་ནའང་། བསམ་ཡུལ་ལས་འདས་པ་ནི་ལོ་ངོ་བཅུ་ཕྲག་ཁ་ཤས་རྗེས་སུ་གནས་ཚུལ་དེ་མངོན་འགྱུར་བྱུང་པ་རེད།
ཕྱི་ལོ་༡༩༩༡ལོར་དབྱིན་ཇི་རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་པ་པན་ཆེ་ཝེ་ཡིས་ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ཀྱི་གནད་དོན་ཐད་གདོང་ལེན་ཇི་ལྟར་བྱེད་དགོས་མིན་གྱི་ཐད་“ང་ཚོའི་སྲིད་བྱུས་ཀྱི་གལ་ཆེན་ཆ་ཤས་གཞན་ཞིག་ནི་ཨུ་རུ་སུ་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་བྱུང་བའི་ཞན་ཆ་དེ་བེད་སྤྱོད་གཏོང་པ་དེ་ཡིན་པ་དང་། དེ་ཡང་ཨུ་རུ་སུའི་རྩ་ཁྲིམས་དེས་དོན་དངོས་ཐོག་སྤྱི་མཐུན་འཐུས་ཚོགས་ཀྱང་ཨུ་རུ་སུ་དང་ཁ་བྲལ་ཏུ་འགྲོ་བའི་ཆོག་མཆན་དེ་སྤྲད་ཡོད་པ་རེད།”ཅེས་བཤད་ཡོད། རེད་ཡཱ། གུང་ཁྲན་ཏང་དང་ནུས་ལྡན་ཚན་ཁག་ཚོས་མཉམ་རུབ་ཀྱི་རྐྱེན་པས། ལོ་མང་རིང་དབང་ཚད་འདི་ཉིད་ལག་བསྟར་དང་མངོན་འགྱུར་བྱུང་མེད་མོད། ཡིན་ནའང་རྩ་ཁྲིམས་འདིའི་ཞན་ཆ་དེས་མ་འོངས་པར་ང་ཚོའི་སྲིད་བྱུས་ལ་དོ་བགེག་ཡོང་མི་སྲིད་པ་མ་རེད། ཡུ་གུ་སི་ལ་ཝིཡ་ལ་མཚོན་ན་རྒྱལ་ཁབ་འདིས་སྤྱི་མཐུན་ཚོགས་ཁག་དང་རང་སྐྱོང་ལྗོངས་ཀྱི་ས་ཁུལ་མི་རིགས་ལས་བྱེད་དུ་བཀོད་པ་དང་། ཐ་ན་ཀྲུང་དབྱང་གི་ཆེས་མཐོ་བའི་ལས་སྣེ་དེ་ཚོའང་མི་རིགས་འདྲ་མིན་གྱིས་“སྐོར་རེས་དབང་འཛིན་”བྱས་དུ་འཇུག་པ་རེད། སྤྱི་བཏང་ནས་མི་རིགས་འདྲ་མིན་མཉམ་རུབ་དང་སྤྱི་མཚུངས་བྱེད་འདོད་ཡོད་པ་དེ། བསམ་ཡུལ་ལས་འདས་པར་མི་རིགས་དབྱེ་འབྱེད་དེ་ཉིད་ཇེ་ཆེར་སོང་པ་དང་། དེས་ཆབ་སྲིད་ཀྱི་གནད་དོན་ཐད་མངོན་གསལ་དོད་པོས་རམ་འདེགས་བྱས་པ་རེད། མི་རིགས་ཕན་ཚུན་བར་གྱི་འགལ་ཟླ་དང་དཀའ་ངལ་དེ་དག་ལམ་ལུགས་དང་སྲིད་བྱུས་འཆར་འགོད་ཡོང་བའི་འདོད་བློ་བཞིན་མ་འགྲུབ་པར། དེ་ལས་ལྡོག་ཏེ་ཇེ་ཞན་དང་ཇེ་སྡུག་ཏུ་བཏང་པ་རེད། མཐར་རྒྱལ་ཁབ་དེ་རྩ་ཐོར་སོང་བའི་རྐྱེན་དུ་གྱུར།
ང་ཚོས་མི་རིགས་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ཐད་རོགས་སྐྱོར་བྱེད་པའི་དུས་མཚུངས་སུ། ང་ཚོའི་ལམ་ལུགས་དང་སྲིད་བྱུས་ཀྱི་འཆར་བཀོད་དེའང་ཀྲུང་ཧྭ་མི་རིགས་ཀྱི་སྲ་བརྟན་ལ་ཕན་ནུས་ལྡན་པ་ཞིག་བཟོ་དགོས་ལ། ངེས་པར་དུ་མི་རིགས་འདྲ་མིན་གྱི་ལས་བྱེད་རྣམས་ལ་དམིགས་ལྡན་གྱིས་བསམ་བློའི་ཆབ་སྲིད་ཀྱི་སློབ་གསོ་རྒྱག་དགོས་པ་དང་། ངེས་པར་དུ་བཅོས་བསྒྱུར་རྒྱུད་རིམ་ཁྲོད་བྱུང་བའི་མི་རིགས་འགལ་ཟླ་དང་དབྱེ་འབྱེད་དཀའ་རྙོག་དེ་ཚོ་སེལ་ཐབས་བྱེད་དགོས་ངེས་ཡིན། ངེས་པར་དུ་ལྷོད་ཡངས་དང་འཛེམ་ཟོན་མེད་པར་ནང་སྲིད་འཛིན་སྐྱོང་བཅོས་སྒྱུར་དང་། ཁ་བྲལ་ལས་འགུལ་སྤེལ་མཁན་གྱི་ཕྱི་དགྲ་རྣམས་ཚར་གཅོད་བྱེད་དགོས། མི་རིགས་ས་ཁུལ་དེ་ཉིད་འཛུགས་སྐྲུན་དང་འཕེལ་རྒྱས་གཏོང་པར་རམ་འདེབས་ཀྱི་ཞོར་ལ་མི་རིགས་འདྲ་མིན་ཕན་ཚུན་མི་འབོར་སྤོ་རེས་དང་། དངོས་པོ་སྤེལ་རེས། དངུལ་འབོར་སྤེལ་རེས། རྒྱུད་ལམ་སྤེལ་རེས་དང་ལས་བྱེད་གནས་སྤོ་སོགས་འགྲུབ་པ་བྱས་ནས། མི་རིགས་མཐུན་ལམ་སྲ་བརྟན་དང་རྒྱལ་ཁབ་གཅིག་གྱུར་དང་བརྟན་ལྷིང་ཡོང་བའི་གོ་རིམ་དུ་སྒྱུར་དགོས། བཤད་སྟངས་གཞན་ཞིག་ནས་བཤད་ན། མི་རིགས་ས་ཁུལ་དུ་མ་དངུལ་རྐང་འཇོག་ག་དུས་བྱེད་ནའང་།མི་རིགས་མཐུན་སྒྲིལ་དང་བརྟན་ལྷིང་སྲུང་སྐྱོབ། རྒྱལ་ཁབ་གཅིག་གྱུར་སྲ་བརྟན་གྱི་དམིགས་ཡུལ་དེ་འགྲུབ་པར་བྱེད་དགོས་ལ། ངེས་པར་དུ་དཔལ་འབྱོར་དང་ཆབ་སྲིད་གཉིས་ཀ་ནས་གྲུབ་འབྲས་ཐོན་པར་བསམ་བློ་གཏོང་དགོས།
ལོ་ངོ་གསུམ་ཅུ་ལྷག་གི་ནང་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་ཁྲོམ་རྭ་འཕེལ་རྒྱས་སོང་པ་དེས་རང་རྒྱལ་གྱི་དཔལ་འབྱོར་གནས་བབ་དེའི་ཆ་ཤས་ཚང་མར་འཕེལ་རྒྱས་དང་རྒྱུད་སྤེལ་ཆེས་ཆེར་ཕྱིན་པ་དང་། རྒྱུད་སྤེལ་འདི་ནི་ཆེ་ཚད་དང་མྱུར་ཚད་སོགས་གང་གི་ཆ་ནས་ཀྱང་མངོན་ཐོན་ཡིན་པ་རེད། ཆ་རྐྱེན་འདིས་མི་རིགས་འདྲ་མིན་ཕན་ཚུན་རྒྱུད་སྤེལ་དང་མཛལ་འབྲེལ་ཐུབ་པར་སྟབས་ཇེ་བདེ་དང་ཇེ་ལེགས་སུ་སོང་པ་དང་འབྲེལ་ཐག་ཀྱང་ཇེ་ཉེ་རུ་ཕྱིན་ཡོད། དཔེར་ན།མི་རིགས་འདྲ་མིན་གྱི་མི་དམངས་ཚོ་ཁྱབ་ཁོངས་ཆེས་ཆེར་གྱིས་མཉས་བསྲེས་འཚོ་སྡོད་བྱེད་པ་ཡིན་ན། གྲངས་ཉུང་མི་རིགས་མང་ཚོགས་ཀྱི་རང་རྒྱལ་གྱི་སྤྱི་སྐད་དེ་ཉིད་སློབ་སྦྱོང་བྱེད་པར་སྤྲོ་བ་ཁེངས་ལ། ང་ཚོའི་ཆབ་སྲིད་དང་སྲིད་བྱུས་ཀྱི་ཁ་ཕྱོགས་ནི་འདིའི་ཕྱོགས་སུ་གཏད་དགོས་པ་རེད་ལ། ཁ་ཕྱོགས་འདི་ཉིད་ཤུགས་ཆེ་རུ་གཏོང་དགོས་པ་རེད། ཐ་ན་ཕྱིར་ལོག་མི་ཐུབ་པའི་གདེང་སྤོབས་ཀྱང་དགོས་ཀྱི་རེད། “གསུམ་ཁ་མི་བྲལ”གྱི་དགོས་འདོད་དང་སྲིད་བྱུས་དེ་ཉིད་དམིགས་ཡུལ་ཞིག་དང་ལྟ་བ་ཞིག་ཏུ་བཟུང་པ་མ་ཟད། དེ་ཉིད་དངོས་ཡོད་ཀྱི་དཔལ་འབྱོར་དང་། ཆབ་སྲིད། རིག་གནས་སོགས་འཕེལ་རྒྱས་མངོན་གྱུར་ཐུབ་པར་ཆ་རྐྱེན་དུ་གྲུབ་དགོས།
ད་དེང་རང་རྒྱལ་གྱི་མི་རིགས་འཆར་བཀོད་ཀྱི་དངོས་ཡོད་གནས་ཚུལ་ནས་རིམ་བཞིན་གྲངས་ཉུང་མི་རིགས་ལ་རོགས་སྐྱོར་བྱེད་པའི་རྒྱུད་རིམ་ཁྲོད། མི་རིགས་གནད་དོན་དང་ས་ཁུལ་གནད་དོན་སོགས་ད་དུང་ཡང་དུས་ཡུན་རིང་པོར་མཉམ་གནས་བྱ་ངེས་རེད་མོད།འོན་ཀྱང་།མི་རིགས་འདྲས་སྡོད་ཀྱི་གཟབ་ཚད་དེ་ཆེ་རུ་འགྲོ་བ་དང་།གྲངས་ཉུང་མི་རིགས་མང་ཚོགས་ཀྱི་འཚོ་བའི་མཐུན་རྐྱེན་དང་སློབ་སྦྱོང་གནས་ཚད་སོགས་མཐོ་རུ་འགྲོ་བའི་དུས་མཚུངས་སུ། ས་ཁུལ་ས་བབ་ཀྱི་དགོས་མཁོ་རང་བཞིན་ནས་སྣེ་ཁྲིད་བྱེད་དགོས། དེ་ནི་དཔལ་འབྱོར་རོགས་སྐྱོར་དེའང་རང་བྱུང་ཁོར་ཡུག་གི་དཀའ་ངལ་དང་དབུལ་ཕོངས་མི་ཚང་སོགས་གཙོ་དམིགས་ཀྱིས་ལག་བསྟར་བྱེད་དགོས། ལྷག་པར་དུ་། དབུལ་ཕོངས་ས་ཁུལ་ཚོ་གལ་ཆེན་གཙོ་འཛིན་བྱ་དགོས། ས་ཁུལ་དེར་གནས་པའི་མི་མང་ཡོངས་ལ་རྒྱབ་སྐྱོར་ཏུ་། དཔེར་ན“ནུབ་རྒྱུད་འཛུགས་སྐྲུན”དང་‘ཤིན་རྒྱུད་ཕྱུག་སྒྱུར་ལས་རིམ”འདྲ་བོར་མི་དམངས་རོགས་སྐྱོར་དེ་ཉིད་ཚད་བརྒལ་མིན་པར། ས་ཁུལ་ས་བབ་ཀྱི་དགོས་མཁོ་གཙོ་བོར་དམིགས་དགོས་པ་དང་། རྒྱལ་ཁབ་ཀྱི་རྒྱབ་སྐྱོར་ཆེ་ཤོས་དེ་གྲངས་ཉུང་མི་རིགས་མང་ཚོགས་སུ་འགྲོ་ཐུབ་པ་བྱེད་དགོས་མོད། ཡིན་ནའང་། སྤྱི་ཚོགས་ཆབ་སྲིད་ཀྱི་ཁ་ཕྱོགས་ཀྱི་རམ་འདེབས་དེ་ནི་མི་འདྲ་བ་ཡིན།
མི་རིགས་འདུ་ཤེས་དང་མི་རིགས་འཕེལ་རྒྱས་ཀྱི་ཁ་ཕྱོགས་སྐོར།
མི་རིགས་འདུ་ཤེས་ནི་ལྷན་སྐྱེས་ནས་ཡོད་པ་དང་། མི་རིགས་ཡོད་ན་མི་རིགས་འདུ་ཤེས་དེ་ཡང་ཡོད་པ་རེད། མི་རིགས་རྩ་འཐོར་འདུ་ཤེས་དེ་མེད་ན། མི་རིགས་དེའང་རྩ་འཐོར་ཏུ་འགྲོ་མི་སྲིད། འདིར་བཤད་རྒྱུ་ཞིག་ནི་ཀྲུང་ཧྭ་མི་རིགས་ཀྱི་དོན་སྙིང་འོག་གནས་པའི་མི་རིགས་འདྲ་མིན་གྱི་འདུ་ཤེས་དེ་ཡིན་པ་དང་། མི་རིགས་འདུ་ཤེས་འདིར་རམ་འདེགས་ཀྱི་ནུས་པ་ལྡན་ལ། འཐུས་བཤོལ་གྱི་ནུས་པའང་ཡོད་པ་ཡིན། དེ་ནི་གཙོ་བོ་ནི་སློབ་གསོ་དང་ཁ་ཕྱོགས་ལ་རེག་ལས་ཡོད། འཁྲུག་ཆ་དོད་པའི་མི་རིགས་འདུ་ཤེས་ནི་མི་རིགས་ཀྱི་རང་འཚོ་རང་རྒྱས་དང་མི་རིགས་རིག་གཞུང་ལ་གཅེས་སྤྲས་དང་འཕེལ་རྒྱས་གཏོང་པ་དེ་ཡིན། མི་རིགས་རང་ཉིད་ཀྱི་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེན་པོར་ཞབས་འདེགས་ཞུ་བའི་སྤོབས་སེམས་བསྐྱེད་པ་དང་། མི་རིགས་གཞན་པ་ནས་སློབ་སྦྱོང་བྱེད་འདོད་ཀྱི་བསམ་བློ་ལྡན་པ། འདི་ལྟ་བུའི་མི་རིགས་འདུ་ཤེས་ནི་ཀྲུང་ཧྭ་མི་རིགས་ཀྱི་མི་རིགས་འདུ་ཤེས་དང་ཆ་མཚུངས་ཡིན། འཐུས་བཤོལ་གྱི་མི་རིགས་འདུ་ཤེས་ནི་གཞན་མི་རིགས་ལ་མཐོང་ཆུང་དང་ཁྱད་གསོད་བྱེད་པ་དེ་དང་། ལོ་རྒྱུས་དང་རིག་གཞུང་ནས་སོ་སོ་ཀྲུང་ཧྭ་མི་རིགས་དང་ཐ་དད་དུ་འདོད་པ་དང་། དོན་དངོས་ཐོག འདི་ལྟ་བུའི་མི་རིགས་འདུ་ཤེས་ནི་བྱབ་ཆུང་ཡིན་པ་དང་། དེ་ནི་ཀྲུང་ཧྭ་མི་རིགས་ཀྱི་མི་རིགས་འདུ་ཤེས་དང་འགལ་ཟླ་ཡིན།
ང་ཚོས་ནམ་ཡང་མི་རིགས་རང་ཉིད་ལ་སྲ་བརྟན་ཚུགས་པའི་མི་རིགས་འདུ་ཤེས་དེ་ཉིད་འཐུས་བཤོལ་རང་བཞིན་དང་ཁ་བྲལ་འདུ་ཤེས་སུ་བཟུང་མི་རུང་ལ། དེ་ཉིད་རྩ་མེད་དུ་གཏོང་གང་ཐུབ་བྱེད་རྒྱུ་མེད། འདིས་མི་རིགས་ག་གེ་མོའི་སེམས་ཁམས་ལ་ཕོག་ཐུག་ཐེབས་སླ། ཡིན་ནའང་། མི་རིགས་སུས་ཀྱང་མི་རིགས་རང་ཉིད་ཀྱི་འདུ་ཤེས་དེ་ཉིད་རྒྱལ་ཁབ་ཀྱི་འདུ་ཤེས་དང་ཀྲུང་ཧྭ་མི་རིགས་ཀྱི་མི་རིགས་འདུ་ཤེས་ལས་བརྒལ་དུ་འཇུག་རྒྱུ་མེད་། འདི་ལྟར་བྱུང་ན། རྒྱལ་ཁབ་ཀྱི་མཐུན་སྒྲིལ་ལ་གནོད་ཀྱི་ཡོད་ལ། ཁ་བྲལ་རིང་ལུགས་ཀྱི་བསམ་བློའི་ཉལ་ཁྲི་ཚ་བོ་ཞིག་ཏུ་འགྱུར་ཉེན་ཆེ། ང་ཚོའི་སློབ་གསོ་དང་དྲིལ་བསྒྲགས་ལས་དོན་གྱི་དོན་སྙིང་དང་འོས་འགན་གཙོ་བོ་ནི་མི་རིགས་འདྲ་མིན་གྱི་མེས་རྒྱལ་ཁྱིམ་ཚང་ཆེན་པོ་འཛུགས་སྐྲུན་བྱེད་ཕྱོགས་ཀྱི་ཐད་སྐད་ཆ་བཤད་དགོས་པ་དེ་ཡིན་ལ། ཁྱོད་སར་ང་དང་ངའི་སར་ཁྱོད་ཡོད་པའི་སྐོར་མང་ཙམ་བཤད་དགོས་པ་དང་། ཉེ་རབས་ཀྱི་བཙན་རྒྱལ་རིང་ལུགས་དང་འཐབ་ཕྱོགས་ཀྱི་སྲིད་བྱུས་ལས་རང་རྒྱལ་གཅིག་གྱུར་དང་སྲུང་སྐྱོབ་ཀྱི་སྐོར་སྐད་ཆ་མང་ཙམ་བཤད་དགོས་པ་མ་ཟད། ཀྲུང་གོའི་ཐུན་མིན་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ནང་མི་རིགས་འདྲ་མིན་ལ་གཅིག་གྱུར་དང་ཕྱོགས་མཚུངས་ཀྱི་ཁེ་ཕན་ཡོད་པ་དང་། གཅིག་མཐུན་གྱི་བསམ་ཚུལ་ཡོད་ལུགས་སོགས་མང་ཙམ་བཤད་དགོས་གལ་ཆེ། དེས་མི་རིགས་འདྲ་མིན་གྱི་མི་དམངས་ཚོས་གཟི་བརྗིད་ལྡན་པའི་མེས་རྒྱལ་ལ་ངོས་ལེན་དང་། ཀྲུང་ཧྭ་མི་རིགས་ལ་ངོས་ལེན། ཀྲུང་ཧྭ་རིག་གཞུང་ལ་ངོས་ལེན། ཀྲུང་གོའི་ཐུན་མིན་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུ་ལ་ངོས་ལེན་སོགས་ངོས་ལེན་འདི་དག་ཇེ་ཟབ་ཏུ་གཏོང་ཐུབ་ཀྱི་ཡོད།
ད་ལྟའི་ཆར། ང་ཚོའི་སློབ་གསོ་དང་འཛིན་སྐྱོང་གི་འཆར་ཇུས་དེས་ཀུན་སློང་ཡོད་མེད་ལ་མ་ལྟོས་པར་གང་ལྟར་ཀྱང་རྒྱལ་ཁབ་ཀྱི་ལྟ་གྲུབ་དང་ཀྲུང་ཧྭ་མི་རིགས་ཀྱི་ངོས་ལེན་ཡོད་པའི་སློབ་གསོ་སོགས་ནུས་མེད་འཐུས་བཤོལ་དུ་གཏོང་གི་འདུག དཔེར་ན། སློབ་མ་ཁ་ཤས་སློབ་གྲྭར་འགྲིམས་རྗེས་གུ་དོག་གི་མི་རིགས་འདུ་ཤེས་སུ་མཐར་ལྷུང་ནས་རྙོག་དྲ་བཟོ་པ་དང་། མི་རིགས་གནད་དོན་གྱི་ལས་འགུལ་དང་དཀའ་ངལ་གང་རུང་བྱུང་དུས། སློབ་གྲྭ་འདི་དག་དོགས་ཟོན་བྱ་ཡུལ་གྱི་ཁྱབ་ཁོངས་སུ་མ་བཀོད་ག་མེད་ཡིན། གནད་དོན་འདི་དག་གི་ཐད་ང་ཚོས་ཅིས་ཀྱང་བསམ་གཞིགས་དང་མནོ་བསམ་རེ་གཏོང་དགོས་སྙམ། མཚམས་འདིར་ངས་ད་དུང་བཤད་འདོད་བྱུང་པ་ནི། ཁ་བྲལ་རིང་ལུགས་པ་ཞེས་ལབ་དུས་གྲངས་ཉུང་མི་རིགས་གཅིག་པོའི་གནད་དོན་དུ་བརྩི་མི་རུང་། ཕྱི་རྒྱལ་གྱི་རྒྱ་རིགས་ངོ་རྒོལ་ཟིང་སློང་པ་དང་། ཧྥ་ལོན་ཀོང་། ཐེ་ཝེན་རང་བཙན་དོན་གཉེར་བ་སོགས་འདི་དག་ཡོད་ཚད་རྒྱ་རིགས་མིན་ན་སུ་རེད་དམ། ད་དེང་ཆར་ཕྱི་རྒྱལ་རྒྱ་རིགས་ངོ་རྒོལ་ཟིང་སློང་པ་ཚོར་ལས་འགུལ་ཁ་ཕྱོགས་ཤིག་རྙེད་པ་ནི། ཁོ་ཚོ་ཚང་མ་ཏཱ་ལའི་བླ་མ་དང་རུབ་པེ་ཡཱ་གཉིས་སུ་ལྟོ་སློང་རྒྱག་གི་ཡོད་པ་དེ་རེད། གུ་དོག་མི་རིགས་འདུ་ཤེས་ཀྱི་དོག་ཟབ་ཞེས་ལབ་དུས་དེ་ཡང་གྲངས་ཉུང་མི་རིགས་ཁོ་ན་ལ་དམིགས་པ་ཞིག་ཡིན་ཞེས་བསམ་རྒྱུ་མེད།
རྒྱ་རིགས་ཚོས་ནམ་རྒྱུན་བཤད་རྒྱུར་དགའ་བའི་ཚིག་ཏེ་“འབྲུག་གི་རྗེས་འཇུག་པ་”དང་“ཡན་ཧོང་ཚ་རྒྱུད་”ཅེས་པ་དེ་ཡིན་པ་དང་། (མཆན།ཡན་ཧོང་གཉིས་ནི་རྒྱ་ནག་གནའ་རབས་ཀྱི་རིགས་རྒྱུད་མི་འདྲ་བ་གཉིས་ཡིན་པ་དང་། རིགས་རྒྱུད་འདི་གཉིས་ཕན་ཚུན་རོགས་འདེགས་བྱས་པར་མཐར་མཉམ་འདྲེས་སུ་གནས་པས་ན་སྟོབས་ཆེན་ཞིག་ཏུ་གྱུར། རྒྱ་རིགས་ཚོས་ཁོང་ཚོ་རིགས་རྒྱུད་འདི་གཉིས་ནས་མཆེད་པའི་བུ་རབས་ཚ་རྒྱུད་ཡིན་ཞེས་བཤད་སྲོལ་ཡོད།) དོན་དངོས་ཐོགདེ་ནི་ཚན་རིག་དང་མི་མཐུན་པ་ཞིག་རེད། ཉེ་ཆར་ཤར་དབུས་རྒྱུད་ཀྱི་ཞབས་ཞུ་སྡེ་ཚན་ནས་བོད་ལྗོངས་དང་ཤིན་ཅང་ནས་ཡོང་བའི་མགྲོན་པོ་ཚོར་ལྟ་སྟངས་ལོག་པ་འཛིན་པའི་གནས་ཚུལ་བྱུང་པ་དེ་ནི་མི་རིགས་བསམ་བློ་ལ་ཕོག་ཐུག་ཆེ་བའི་བྱེད་ཕྱོགས་ཤིག་རེད། རྒྱ་རིགས་ནི་མི་འབོར་མང་ཤོས་ཀྱི་མི་རིགས་དེ་ཡིན་དུས། མི་རིགས་འདིས་ཅིས་ཀྱང་མི་རིགས་ཁ་བྲལ་རིང་ལུགས་པ་དང་འཐབ་འཛིང་བྱེད་དགོས་ཀྱི་ཡོད་ལ། རྒྱ་རིགས་རིང་ལུགས་ཀྱི་ལྟ་བ་ཤུགས་ཆེར་སླེབས་པར་དོགས་ཟོན་དང་བཀག་འགོག་བྱེད་དགོས།
མི་རིགས་འཕེལ་རྒྱས་དང་འཛུགས་སྐྲུན་གྱི་ཁ་ཕྱོགས་སྐོར་གླེང་དུས། མི་རིགས་མཉམ་འབྲེལ་མཉམ་བསྲེས་ཀྱི་གནད་དོན་དེ་འདྲེས་ནས་མ་བཤད་ཐབས་མེད་ཡིན། གནད་དོན་འདི་ལྟ་གྲུབ་སྨྲ་བའི་ནང་ནམ་ཡང་རྩོད་གཞི་ཞིག་ཡིན་པ་དང་། མི་རིགས་ལས་དོན་གྱི་ཁྱབ་ཁོངས་ནང་ལའང་དོག་མི་བདེ་བ་ཞིག་ཡིན་པས་ན། ནམ་རྒྱུན་ང་ཚོས་“མཉམ་བསྲེས་”ཞེས་པའི་ཚིག་དེ་གླེང་གི་མེད། སུ་ཏཱ་ལིན་གྱི་ལྟ་ཚུལ་ལ། སྤྱི་ཚོགས་རིང་ལུགས་ཀྱི་ལྟ་གྲུབ་ནང་། མི་རིགས་འདྲ་མིན་གྱི་སྐད་ཡིག་རྩ་མེད་འགྲོ་བ་དང་མིའི་རིགས་ཀྱི་སྤྱི་མཐུན་སྐད་ཡིག་དེ་གསར་གཏོད་བྱུང་པ་ནི་མི་རིགས་ཐ་དད་ཀྱི་འདུ་ཤེས་དེ་རྩ་མེད་དང་མི་རིགས་མཉམ་བསྲེས་ཡོང་བའི་དམིགས་ཡུལ་གཙོ་བོའི་རྟགས་མཚན་དེ་ཡིན་པར་འདོད་མོད། ཡིན་ནའང་། ང་ཚོའི་ཤེས་ལྡན་པ་ཁ་ཤས་ཀྱི་ལྟ་ཚུལ་ལ། ལོ་རྒྱུས་སུ་མི་རིགས་གཉིས་ལས་ལྷག་ཡོད་པ་དེས། ཕན་ཚུན་གྱི་ཉེ་འབྲེལ་དང་ཕན་ཚུན་ཤུགས་རྐྱེན་ནས་མཐར་མི་རིགས་གཅིག་ཏུ་གྱུར་པ་དེ་ནི་མི་རིགས་མཉམ་བསྲེས་སུ་གོ་དགོས་པར་འདོད།
ངས་བལྟས་ན། ལྟ་ཚུལ་འདི་གཉིས་ཀ་འགྲིག་པ་ཞིག་རེད་སྙམ། གོང་མ་དེས་མིའི་རིགས་ཀྱི་སྤྱི་ཚོགས་སྤྱིའི་མཐུར་གཏུག་གི་མཉམ་བསྲེས་དེ་བཤད་ཀྱིས་ཡོད་པ་དང་། ཕྱི་མ་དེས་དེང་རབས་དངོས་ཡོད་འཚོ་བའི་ཁྲོད་བྱུང་བའི་མི་རིགས་མཉམ་བསྲེས་དེ་བཤད་ཀྱི་ཡོད། གལ་སྲིད་དེ་རིང་ནས་སུ་ཏཱ་ལིན་གྱི་མི་རིགས་མཉམ་བསྲེས་ལྟ་ཚུལ་དེ་མངོན་གྱུར་བྱེད་དགོས་ཞེས་ལབ་ན །དེ་ནི་ནོར་འཁྲུལ་རེད། གལ་སྲིད་མི་རིགས་མཉམ་བསྲེས་ཀྱི་འདོད་ཕྱོགས་ཕྱི་མ་དེའང་འགྲུབ་མི་ཐུབ་ལབ་ན། དེའང་བདེན་མ་རེད། གནད་དོན་འདིའི་ཐད་ཕྱི་ལོ་༡༩༥༧ལོར་བློ་མཐུན་ཀྲུའུ་ཨིན་ལེས་ཀྱིས་དཔྱད་བརྗོད་གལ་ཆེན་ཞིག་སྤེལ་ཡོད་པ་དང་། ཁོང་གིས་དེ་ལས་དོག་མི་བདེ་བའི་ཐ་སྙད་ཅིག་བེད་སྤྱོད་བཏང་པ་རེད། དེ་ནི་“མཉམ་སྒྱུར”ཞེས་པ་དེ་རེད། གལ་སྲིད་མཉམ་སྒྱུར་ནི་མི་རིགས་ཞིག་གིས་དྲག་གནོན་གྱིས་མི་རིགས་གཞན་ཞིག་རྩ་མེད་བཟོས་པར་གོ་དགོས་ན། དེ་ནི་རྗེས་ལུས་རེད། གལ་སྲིད་མཉམ་སྒྱུར་དེ་ནི་མི་རིགས་འདྲ་མིན་རང་བཞིན་གྱིས་མཉམ་བསྲེས་ཀྱིས་འཕེལ་རྒྱས་འོད་ལམ་དུ་སྙེགས་པ་ཡིན་ན། དེ་ནི་མངོན་ཐོན་རེད །རྒྱ་རིགས་ནས་མི་རིགས་གཞན་དང་མཉམ་སྒྱུར་བྱེད་པ་དང་། མི་རིགས་གཞན་ནས་རྒྱ་རིགས་སུ་མཉམ་སྒྱུར་བྱེད་པ། ཧུར་མི་རིགས་འདི་ལྟར་རེད་ལ། མན་ཇི་མི་རིགས་ཀྱང་འདི་ལྟར་རེད། མི་རིགས་གཞན་པ་ཚོའང་འདི་ལྟར་རེད། རྒྱ་ནག་གི་ལོ་རྒྱུས་ནང། མི་རིགས་ཁ་ཤས་མུ་མཐུད་མཉམ་བསྲེས་བྱུང་པ་རེད་ལ། མི་རིགས་གསར་པའང་མུ་མཐུད་ཡོང་བསྡད་པ་ཞིག་རེད། འདི་ནི་དར་སྲོལ་ཞིག་རེད་ལ། རྒྱུན་ལྡན་ཞིག་ཀྱང་རེད། སི་མ་ཆེན་གྱིས་<<རྒྱལ་ཐོ>>བྲིས་པ་ནས། རྒྱལ་རབས་རྒྱལ་རྒྱུད་ཀྱི་སྤྱི་ཚོགས་ཆབ་སྲིད་ཀྱི་གར་སྟེགས་ན་མི་རིགས་སྒྲོམ་གཞི་དང་དབྱིབས་བཀོད་སོགས་གཅིག་མཐུན་བྱུང་མེད་པ་རེད། གལ་སྲིད་རྒྱལ་པོ་པེ་ཝེ་ཞའོ་ཡིས་རང་མོས་ཀྱིས་སོ་སོའི་པེ་མི་རིགས་དེ་ཉིད་ཀྲུང་ཡོན་མི་རིགས་གཉིས་མཉམ་སྒྱུར་མ་གནང་ཚེ། ཕྱིས་སུ་ཐང་རྒྱལ་རབས་ཀྱི་མངའ་ཐང་དང་སྟོབས་འབྱོར་དེ་ག་ནས་ཡོང་ངམ། རྒྱ་ནག་གི་ལོ་རྒྱུས་ཀྱང་བསྐྱར་དུ་འབྲི་དགོས་རྒྱུ་ལོས་ཡིན། གཅིག་བྱས་ན་ད་ལྟ་ཡང་“མཚེའུ་ལྔ”ཡི་གནས་སྟངས་སུ་གྱར་ཡོད་སྲིད་རྒྱུ་རེད། (མཆན།རྒྱ་ནག་གནའ་རབས་ལོ་རྒྱུས་ཁྲོད་རྒྱ་ནག་གི་ས་ཁྱོན་སྐོར་གླེང་དུས།“མཚེའུ་ལྔ།མཚོ་བཞིའི” ་རྒྱ་ཁྱོན་ཡོད་ལུགས་སོགས་བཤད་སྲོལ་ཡོད།)
སྤྱི་ཚོགས་རིང་ལུགས་ཀྱི་གོ་རིམ་དང་པོ་ནི་མི་རིགས་འདྲ་མིན་མཉམ་དུ་འཕེལ་རྒྱས་གཏོང་བའི་གོ་རིམ་དེ་ཡིན་པ་དང་། ང་ཚོས་ཁྲིམས་གཅོད་ཀྱི་ཐབས་ལམ་ནས་མི་རིགས་མཉམ་བསྲེས་བྱེད་མི་རུང་ལ། རང་རྒྱལ་གྱི་མི་རིགས་ལས་དོན་གྱི་ལོ་རྒྱུས་ཁྲོད་གནད་དོན་དང་དཀའ་ངལ་འདིའི་རིགས་ཀྱི་ཉམས་མྱོང་གཏིང་ཟབ་ཐེབས་ཡོད་པ་རེད། ཕྱི་ལོ་༡༩༥༨ལོར་“གོམ་རྒྱུགས་ཀྱིས་སྤྱི་ཚོགས་རིང་ལུགས་ཕྱོགས་སུ་བཞུགས”ཞེས་པའི་ཁ་གཡང་འོག་མི་རིགས་ཁྱད་ཆོས་དང་མི་རིགས་ངོ་བོ་དེར་ཡོངས་སུ་ཁྱད་གསོད་དང་མཐོང་ཆུང་བྱས་པ་རེད། “གྲིས་གཅོད་པ་དང་གོམ་སྟོབས་མཉམ་འགྲོས”ཀྱི་ཁ་གཡང་བསྒྲོགས་ཏེ་གང་བྱུང་གིས་རང་སྐྱོང་ས་ཁུལ་ལ་འགྱུར་བ་གཏོང་པ་དང་བཅོས་བསྒྱུར་བྱས་པ། མཉམ་སྡེབ་བྱས་པ་རེད། ས་གནས་ཁ་ཤས་ན་བཙན་ཐབས་ཀྱིས་གྲངས་ཉུང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ལ་བསྒྱུར་བཅོས་དང་རྩ་མེད་བཟོས་པ་དང་། མི་རིགས་འབྲེལ་ལམ་ལ་ཕོག་ཐུག་ཆེས་ཆེར་བྱུང་་པ་རེད། ཁྲིམས་གཅོད་ཀྱི་ཐབས་བྱུས་ནས་མི་རིགས་མཉམ་བསྲེས་བྱེད་དུ་འཇུག་མི་རུང་པ་དེ་ནི་ང་ཚོས་བྱ་ཐབས་དང་བྲལ་དགོས་ཀྱི་ཡོད་ཅེས་ལབ་ཀྱི་མེད་པ་དང་། སྣེ་ཁྲིད་ཀྱི་ཡིད་ཐང་ཆད་པ་དང་མི་རིགས་མཉམ་བསྲེས་ལ་བཀག་འགོག་བྱེད་དགོས་ཞེས་ལབ་ཀྱི་མེད། རང་མོས་དང་རང་འདོད། རང་སྐུལ་གྱི་རྨང་གཞི་ཐོག་མི་རིགས་མཉམ་འབྲེལ་ནི་“རྒྱར་སྒྱུར་”ལ་གོ་རྒྱུ་མེད་པ་དང་། དེ་ནི་མི་རིགས་འདྲ་མིན་གྱི་ཐུན་མོང་ཁ་ཕྱོགས་དེ་གོང་མཐོར་གཏོང་པ་ཡིན།
ང་ཚོས་ཐུན་མིན་གྱི་ཁྱད་ཆོས་དེར་གུས་བཀུར་དང་། སྣ་གྲངས་ཀྱི་གཅིག་བསྡུས། མཛའ་འབྲེལ་གྱི་འཕེལ་རྒྱས་སོགས་ནི་མི་རིགས་ལས་དོན་གྱི་རྨང་གཞིའི་ཁ་ཕྱོགས་དེ་ཡིན་དགོས། ང་རང་སྒེར་གྱི་བསམ་ཚུལ་ལ་མ་འོངས་པར་མི་སེར་ལག་འཁྱེར་ནང་“མི་རིགས”ཞེས་པའི་ཡི་འབྲུ་གཉིས་པོ་དེ་མེད་པར་བཟོས་ནས་། མི་རིགས་ས་ཁུལ་རང་སྐྱོང་གི་ས་ཆ་འཕར་སྣོན་མི་བྱེད་པ་དང་། མི་རིགས་རང་སྐྱོང་གི་གྲོང་ཁྱེར་མི་བསྐྲུན་པ། མི་རིགས་འདྲ་མིན་གྱི་སློབ་མ་རྣམས་མཉམ་བསྲེས་ཀྱི་སློབ་གྲྭར་གཏོང་པ་དེ་རྒྱ་ཆེར་བཀོད་པ། གྲངས་ཉུང་མི་རིགས་ཀྱི་ཡར་རྒྱས་དང་ཁེ་བབ་ནས་བཤད་ནའང་འདྲ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་གྱུར་ཁེ་བབ་ནས་བཤད་ནའང་འདྲ །གང་ལྟར་ཀྱང་རྒྱལ་ཁབ་ཀྱི་སྤྱི་སྐད་དར་སྤེལ་གཏོང་དགོས་ངེས་རེད། ཕྱི་ལོ་༢༠༠༠ལོའི་སྐབས་བཅོ་བརྒྱད་པའི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐོག་<<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྲིམས་ལུགས་>>དེ་ཉིད་གྲོས་མཐུན་བྱུང་པ་དང་། གཏན་འབེབས་ལ། “རྒྱལ་ཁབ་ཀྱི་སྤྱི་སྐད་དར་སྤེལ་དང་། སྒྲིག་མཐུན་ཡི་གེ་དར་སྤེལ”གཏོང་པ། “མི་སེར་ཚོར་རང་རྒྱལ་གྱི་སྤྱི་སྤྱོད་སྐད་དང་ཡི་གེ་སོགས་བཀོལ་སྤྱོད་ཆོག་པར་ཐོབ་ཐང་སྤྲད་པ་རེད་” ད་དུང་དུས་མཚུངས་སུ“མི་རིགས་འདྲ་མིན་ལ་སོ་སོའི་མི་རིགས་ཀྱི་སྐད་ཡིག་བཀོལ་སྤྱོད་དང་དར་སྤེལ་གཏོང་བའི་རང་དབང་སྤྲད་པ་རེད” སྤྱི་ཚོགས་ནང་མ་ཁ་ཤས་ཀྱིས་རྒྱལ་ཁབ་ཀྱི་སྤྱི་སྐད་ལ་མོས་མཐུན་མེད་པར་བརྟེན་ནས་སེམས་ཁྲལ་དང་འགུལ་སྤྱོད་བྱེད་མི་རུང་། ང་མི་རིགས་ས་གནས་མང་པོར་སོང་པ་ཡིན། གྲངས་ཉུང་མི་རིགས་ཀྱི་སློབ་མ་དང་ཁོང་ཚོའི་ཕ་མ་ཚོས་སྲིད་བྱུས་འདི་ལ་མོས་མཐུན་མི་གནང་པར་ཡིད་ཆེས་ཀྱི་མི་འདུག། རེད་ཡཱ། གན་དོན་ལག་བསྟར་བྱེད་པའི་རྒྱུད་རིམ་ཁྲོད་གཟབ་གནན་བྱེད་དགོས་པ་རེད་ལ། དཔེར་ན་། གྲངས་ཉུང་མི་རིགས་རང་ཉིད་ཀྱི་སྐད་ཡིག་མ་གཏོགས་མི་ཤེས་པའི་དགེ་རྒན་ཚོའི་མདུན་ལམ་དེ་ཐག་གཅོད་ཡག་པོ་གནང་དགོས།
གྲངས་ཉུང་མི་རིགས་གྲོང་ཁྱེར་དུ་མི་འབོར་གནས་སྤོ་བྱེད་པའི་གནད་དོན་གྱི་སྐོར།
རང་རྒྱལ་གྱི་དཔལ་འབྱོར་འཛུགས་སྐྲུན་དང་གྲོང་ཁྱེར་དུ་སྒྱུར་བའི་རྒྱུད་རིམ་དེ་གང་མགྱོགས་གཏོང་པ་དང་། མི་རིགས་འདྲ་མིན་གྱི་མི་འབོར་གནས་སྤོ་དེ་ཉིན་རེར་མང་དུ་འགྲོ་པ། ལྷག་པར་དུ་། ནུབ་རྒྱུད་མི་རིགས་ས་ཁུལ་གྱི་མི་འབོར་ཤར་ཕྱོགས་མཚོ་རྒྱུད་ས་ཁུལ་དུ་གནས་སྤོ་སོགས། གྲངས་ཉུང་མི་རིགས་ཀྱི་མི་འབོར་གནས་སྤོ་ཡི་མ་ལག་དེ་ཉིད་འཁྲུག་ཆ་དོད་དུ་ཕྱིན་པ་རེད། དེས་ཤར་རྒྱུད་ལ་ངལ་རྩོལ་ནུས་ཤུགས་བསྐྲུན་ལ། ནུབ་རྒྱུད་ཀྱི་རིག་གནས་ཁྱེར་ཡོང་། དུས་མཚུངས་སུ་ནུབ་རྒྱུད་ས་ཁུལ་དུ་འབྱོར་བ་དང་ཁྲོམ་རྭ་དཔལ་འབྱོར་ལྟ་གྲུབ་སྣ་ཚོགས་ཁྱེར་ཡོང་། མི་རིགས་འདྲ་མིན་ཕན་ཚུན་སློབ་སྦྱོང་བྱེད་པ་དང་། རྒྱུས་ལོན་བྱེད་པར་མང་དུ་བཏང་པ་རེད། བརྒྱུད་རིམ་འདིའི་ཁྲོད་སྤྱི་ཚོགས་ཀྱི་དཀའ་ངལ་ཁ་ཤས་ཡོང་པར་ནི་སྨྲོས་མེད་ཡིན་ལ། དཔེར་ན་། ཤར་རྒྱུད་ས་ཁུལ་དུ་མི་རིགས་འགལ་ཟླ་ཡི་གནད་དོན་གསར་པ་ཁ་ཤས་སླེབས་པ་དང་། འཛིན་སྐྱོང་ཁྱབ་ཁུངས་ཆེ་རུ་གཏོང་པ། མི་རིགས་དང་ཆོས་ལུགས་སོགས་ཀྱི་དཀའ་རྙོག་ཆེ་རུ་གཏོང་པ། ཡང་སྒོས་སུ་མཁྲེགས་བཟུང་གི་བསམ་བློ་ཁ་ཤས་གོ་སྐབས་འདིར་རྒྱུད་ཀྱིས་ཤར་ཕྱོགས་ས་ཁུལ་ལ་ཐིམ་པ་སོགས་གནད་དོན་མང་པོ་ཡོང་སྲིད།
ངས་བསམ་པར། འདི་ནི་ལས་དོན་ལ་གཟབ་ནན་བྱེད་མིན་གྱི་གནད་དོན་ཞིག་ཡིན་པ་དང་། གནད་དོན་འདིའི་རྐྱེན་པས་དོགས་པ་བྱེད་དང་གྲངས་ཉུང་མི་རིགས་ཀྱི་མི་འབོར་གནས་སྤོ་ལ་ངོས་ལེན་མི་བྱེད་པ་གནང་མི་རུང་སྙམ། ཕྱོགས་གཅིག་ནས། མི་འབོར་གནས་སྤོ་ཡི་ལས་ཁུང་གི་ཕྱི་ནང་སྤོ་མཁན་ཚོར་གཟབ་ནན་གྱིས་སློབ་གསོ་རྒྱག་པ་དང་། སྣེ་ལེན་ཞབས་ཞུ་ཡག་པོ་སྒྲུབ་པ། གལ་གནད་ཆེ་སར་ལས་བྱེད་ཆེད་གཏོང་གིས་ས་གནས་སྲིད་གཞུང་ལ་རོགས་འདེགས་བྱེད་དུ་འཇུག་དགོས་པ་ཡིན། ཕྱོགས་གཞན་ཞིག་ནས། ས་གནས་སྲིད་གཞུང་གིས་ལས་གནས་སྤྲད་ཕྱོགས་དང་། ཕྲུ་གུའི་སློབ་གྲྭ། སྨན་བཅོས་འགན་ལེན། ཁྲིམས་ལུགས་རྒྱབ་སྐྱོར་སོགས་དགོས་མཁོའི་གནད་དོན་འདིའི་ཐད་གནས་སྤོ་མི་འབོར་ལ་རོགས་འདེགས་ཐོབ་ཐང་གང་ཐུབ་ཀྱིས་སྤྲད་དགོས། ཁོང་ཚོའི་ཁྲིམས་ཀྱི་བདག་དབང་ལ་སྲུང་སྐྱོབ་དང་། ཁོང་ཚོའི་རེ་བ་ལ་མཐུན་འགྱུར་སྐྲུན་པ། དེ་དང་དུས་མཚུངས་སུ། ཁྲིམས་ལུགས་ལ་དོ་དམ་བྱེད་དགོས་པ་དང་། སློབ་གསོ་དྲིལ་བསྒྲགས་དང་ཁྲིམས་མཐུན་འཛིན་སྐྱོང་བྱེད་དགོས། ཕན་མེད་གདོང་ལེན་དང་སྣང་བ་གང་ཤར་བྱེད་དུ་འཇུག་མི་རུང་། ཁྲིམས་འགལ་ལས་འགུལ་ལ་གོ་མེད་ཚོར་མེད་ཀྱི་རྣམ་འགྱུར་བསྟན་མི་རུང་། མི་སུ་ཡིན་ནའང་མི་རིགས་ཀྱི་ངོ་བོ་དེ་ཁུར་ནས་ཁྲིམས་ལུགས་ལ་རྩིས་མེད་དང་རྡོག་རུལ་གཏོང་དུ་འཇུག་མི་རུང་། ས་གནས་གང་སར་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་སྤེལ་པ་དང་། གཙོ་བོ་ནི་ས་ཁུལ་འདི་དག་གི་མི་དམངས་ཚོར་འདྲ་མཉམ་གྱི་ཐོབ་ཐང་སྤྲད་པ་དང་ཁྲིམས་མཐུན་གྱི་ཐོབ་ཐང་སྤྲད་པ་དེ་ཡིན་པ་དང་། ཁོང་ཚོར་རོགས་པ་བྱས་ནས་དཀའ་ངལ་ལས་གྲོལ་ཐུབ་པ་བྱ་རྒྱུ་དེ་ཡིན་པ་ལས། ཁོང་ཚོ་སྤྱི་ཚོགས་ཀྱི་མི་འབོར་ནས་ཕྱིར་དགར་བྱེད་མི་རུང་། མི་རིགས་ཀྱི་ངོ་བོ་ཐོག་གྲོང་ཁྱེར་ཡར་ཐོན་གྱི་ལྟ་སྐྱོང་གནང་དགོས་དང་། ཁོང་ཚོའི་སྤྱི་ཚོགས་ཀྱི་བྱེད་ལས་ཚོ་ད་ཡོད་གྲོང་ཁྱེར་གྱི་རུ་ཚོགས་དང་གྲོང་སྡེ་རུ་ཁྲིད་ཡོང་པ་དང་།“མི་རིགས་གྲོང་སྡེ” “མི་རིགས་སྤྱི་ཚོགས” “མི་རིགས་ཚོགས་པ་”སོགས་མི་བྱུང་པར་བཀག་སྡོམ་བྱེད་དགོས།
……………………………………………………………………………………………………..
སྐར་ཁུང་རྩོམ་ཡིག་ལེགས་འདེམས་ཚོགས་ཆུང་།
ཚེ་རིང་ཤཱཀྱ།
ལོ་རན་ ཧར་ཁྲི་ལིས།
སྡོམ་པ་ཚེ་རིང་དབང་མོ།
བསྟན་འཛིན་བདེ་སྐྱིད་།
དཀའ་ཐུབ་ཚེ་རིང་།
སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་།
བུད་ངྔྷ་སྐྱབས།
ལྗང་གཞོན།
བློ་བཟང་གྲགས་པ།
སྐལ་བཟང་ཉི་མ།
སྦྲ་རིགས་ཐོགས་མེད་།
འབྲོང་བུ་ཟླ་བ་ཚེ་རིང་།
རིག་འབྱུང་དོན་གྲུབ་བཀྲ་ཤིས།
www.khabdha.org
khabdha@gmail.com