ཨ་ནུ་ཐང་བསོད་ནམས།
གནའ་བོའི་སྟག་གཟིག་དང་འབྲེལ་བའི་དེང་གི་རྒྱལ་སྤྱིའི་རྩོད་རྙོག – ISIS
སྟག་གཟིག་ཟེར་བ་ནི་དབྱིན་སྐད་དུ་པཱ་ཤར་ཡ་ཟེར་ཞིང་ཁོང་ཚོའི་ས་ཆ་གཙོ་བོ་དང་། མི་འབོར་མང་ཤོས་ནི་དེང་སྐབས་ཀྱི་ཨེ་རན་གྱི་ནང་དུ་ལྷག་ཡོད་ལ་ཡུལ་གྲུ་དཀྱིལ་ཤར་ཁུལ་གཙོ་བོ་གྱུར་ཡོད། སྔོན་ལོ་༥༥༠ ནས་པཱ་ཤར་རྒྱལ་ཁབ་བཙུགས་ཤིང་སྲིད་དབང་བཟུང་བ་མ་ཟད། སྐབས་དེ་རུ་འཛམ་གླིང་ཐོག་གི་སྟོབས་འབྱོར་ཆེ་ཤོས་དང་། ཤེས་རིག་དར་ཤོས་ཀྱི་རྒྱལ་ཁབ་གསུམ་གྱི་ཁོངས་སུ་ཐེ་ཡོད།
རྒྱལ་ཁབ་གཞན་གཉིས་ནི་རོ་མན་རྒྱལ་ཁབ་དང་། རྒུ་རིས་ཁའི་བྷེ་གཟན་ཁྲན་Byzantine རྒྱལ་ཁབ་གཉིས་རེད། རྗེས་སུ་རྒི་རིས་ཁ་དང་ཁ་ཆེ། ཏུར་ཁ་དང་སོག་པོ་བཅས་ཀྱི་བཙན་འཛུལ་བྱུང་རྗེས་སུ་མི་རིགས་དེ་དག་དང་འདྲེས་ཁར། ཁིར་སྒྲི་དང་ཨ་གཟར་བྷ་རྒྱམ་སོགས་སུ་འདྲེས་ཡོད།
པཱ་ཤར་ཡའམ་སྟག་གཟིག་རྒྱལ་ཁབ་ཀྱི་ཁྱབ་ཚད་ནི་དེང་སྐབས་ཀྱི་ཕ་ཁི་སི་ཐན་ཏེ། གནའ་བོའི་རྒྱ་གར་གྱི་ས་མཚམས་དང་། ཨ་ཧྥུ་རྒན་ནེ་སི་ཐན་དང་ཁྲ་རྗེའི་སི་ཐན་ཏེ། གནའ་བོའི་མངའ་རིས་དང་ས་མཚམས། ཨ་གཟར་བྷ་རྒྱམ་ཏེ། གནའ་བོའི་ཏུར་ཁ་དང་ས་མཚམས་བཅས་མདོར་ན་དེང་སྐབས་ཀྱི་ལྷོ་ཤར་ཡོ་རོབ་ནས་བོད་ཀྱི་ནུབ་ཕྱོགས་བར་དང་། བྱང་ཨ་ཧྥུ་རི་ཁ་ནས་ཕཱ་ཁི་ཐན་བར་དུ་སྟག་གཟིག་རྒྱལ་ཁབ་ཀྱི་ས་ཡིན་པས། རྒྱལ་ཁབ་དེའི་མིང་ལ་ནུབ་གླིང་དང་ཤར་གླིང་ཟླ་བསྒྲིགས་ཀྱི་རྒྱལ་ཁབ་དང་རིག་གཞུང་མཉམ་བསྲེས་ཀྱི་རྒྱལ་ཁབ་ཅེས་འབོད།
བོད་ཀྱི་སྟོད་མངའ་རིས་ནི་གནའ་བོར་སྟག་གཟིག་དང་ས་མཚམས་སུ་འཁེལ་བས་བོད་ཀྱི་ཤེས་རིག་དང་ལག་རྩལ། ཆོས་ལུགས་ཀྱི་ཆོ་ག་མང་པོ་ཞིག་མངའ་རིས་བརྒྱུད་ནས་བོད་དུ་སླེབས་ཡོད། དཔེར་ན་སྲུང་བཙན་གྱི་དབུ་ཞྭ་དང་། གྲུམ་གདན་སོགས་ཀྱི་ལག་རྩལ་སྟག་གཟིག་ནས་བོད་དུ་དར་ཡོད།
བོད་ཀྱི་ལོ་རྒྱུས་མང་པོ་རུ་མངའ་རིས་ནི་བོད་ཀྱི་དཔལ་ཡོན་དར་ཤོས་ཀྱི་ས་ཁུལ་དུ་བརྩི་ཡང་། དོན་དངོས་དེ་དག་གི་མང་ཤོས་ནི་སྟག་གཟིག་ནས་དར་བ་ཡིན་པ་མ་ཟད། མངའ་རིས་སྟག་གཟིག་དང་ས་མཚམས་འཁེལ་བས་སྟག་གཟིག་གི་ཆོས་སྤེལ་མི་སྣ་དུ་མ་མངའ་རིས་སོགས་བོད་ཀྱི་ནུབ་ཁུལ་དུ་ཡོང་བའི་ལོ་རྒྱུས་ཡོད་ལ། ལག་རྩལ་སོགས་ཀྱིས་མངའ་རིས་ལ་ཤུགས་རྐྱེན་རྒྱ་ཆེན་ཐེབས་ཡོད།
དུས་རབས་བརྒྱད་པ་ནས་བཅུ་བའི་བར་དུ་ཁ་ཆེས་སྟག་གཟིག་ལ་བཙན་འཛུལ་བྱས་ཏེ། སྟག་གཟིག་རྒྱལ་ཁབ་རྩ་མེད་དུ་བཏང་ཞིང་། ཁོའི་ཆོས་ལུགས་གཟོ་རོ་སི་ཁྲན་ Zoroastrian དང་མི་རིགས་ལ་ཉམས་ཉེས་ཚབས་ཆེན་བྱུང་བ་མ་ཟད། ཨ་རབ་ཀྱི་མི་རིགས་ཀྱིས་ཡུལ་དེ་ལ་དབང་སྒྱུར་བྱས་ཤིང་ཁ་ཆེའི་ཆོས་ལུགས་ཀྱིས་རྒྱལ་ཁྲིམས་བསྐྱངས་པས་ཁ་ཆེའི་ཡུལ་གྲུ་ཞིག་ཏུ་ཆགས།
༡༠༥༥ ལོ་ཏུར་ཁུ་ཡིས་བཙན་འཛུལ་བྱས་ཏེ་དབང་སྒྱུར་བྱས་ཤིང་ཏུར་ཁའི་མི་མང་དང་མཉམ་བསྲེས་བྱས་ཡོད། ༡༢༢༤ ལོར་སོག་དམག་གིས་བཙན་འཛུལ་བྱས་ཤིང་དབང་བསྒྱུར་བྱས་ཀྱང་། ༡༣༣༥ ཏུར་ཁས་སོག་པོ་གནས་དེ་རུ་མཐའ་སྤྲོད་བཏང་ཏེ་༡༥༣༤ ལོའི་བར་དུ་དབང་སྒྱུར་བྱས་པས། གཤེས་ཡ་ཆོས་རྒྱུད་ཀྱི་ཨེ་རན་པ་མང་པོ་བཙན་ཤུགས་ཀྱིས་གསོ་ནུས་ལ་བསྒྱུར་བས་དེང་སྐབས་ཀྱང་གཤེས་ཡ་དང་གསོ་ནུས་བར་དུ་སྙིང་ནད་ལྷག་ཡོད།
སོག་པོ་ཚོས་སངས་རྒྱས་ཆོས་ལུགས་དང་ཁ་ཆེའི་ཆོས་ལུགས་དར་ཡུལ་སོགས་སུ་བཙན་འཛུལ་བྱས་པའི་མཐའ་མ་དེར་སོག་རིགས་མང་ཆེ་བ་སངས་རྒྱས་ཆོས་ལུགས་པ་དང་ཁ་ཆེ་བར་གྱུར་པས། དེང་སྐབས་ཀྱང་སོོག་རིགས་ཀྱི་བྷེ་རུ་ཡ་དང་ཁལ་མིག སོག་རྒྱལ་ཕྱི་ནང་གི་མི་འབོར་མང་ཤོས་བོད་བརྒྱུད་སངས་རྒྱས་ཆོས་ལུགས་པར་གྱུར་ཡོད་ལ། གྱུར་དགོས་དོན་ཡང་གོང་མ་སེང་ཅན་ཧང་གིས་བོད་བརྒྱུད་སངས་རྒྱས་ཆོས་ལུགས་ཡོན་རྒྱལ་རབས་ཀྱི་ཆོས་ལུགས་སུ་བཀོད་པས་རེད། ཁ་གཟའ་སི་ཐན་དང་གུར་ཁི་སི་ཐན། ཁྲའ་ཁྲའ་སོགས་ཀྱི་མི་འབོར་མང་ཆེ་བ་ཁ་ཆེ་རུ་གྱུར་ཡོད། མང་པོ་ཞིག་གིས་ད་ལྟ་ཁོང་ཚོ་སོག་རིགས་ཡིན་པ་ངོས་ལེན་དེ་ཙམ་བྱེད་ཀྱིན་མེད།
ཏུར་ཁས་སྟག་གཟིག་ལ་དབང་སྒྱུར་བྱས་མིན་ལ་མ་ལྟོས་པར་པཱ་ཤར་ཡ་ཚང་མ་ཏུར་ཁིའི་རྒྱལ་བོའི་འོག་ཏུ་ཚུད་ཐུབ་མེད། པཱ་ཤར་ཡའི་མི་རིགས་ཁག་ཅིག་གིས་པཱ་ཤར་གྱི་གསའ་ཧྥ་ཝི་སྒྲ་ཟེར་བའི་ Safavid Dynasty རྒྱལ་ཕྲན་བཙུགས་ནས་ཏུར་ཁའི་མངའ་འོག་ཏུ་མ་ཕྱིན་པ་མ་ཟད། རིམ་བཞིན་འགྲན་ནས་མཐར་ ༡༥༣༤ ལོར་ཏུར་ཁའི་བཙན་འཛུལ་མཐའ་སྐྲོད་བཏང་ནས་ཨེ་རན་གྱི་རྒྱལ་ཁབ་བཙུགས་ཤིང་། ཁ་ཆེའི་གཤེས་ཡ་ཆོས་རྒྱུད་སྲིད་གཞུང་གི་ཆོས་ལུགས་བཀོད་པས་ཨེ་རན་གཤེས་ཡ་གཙོ་བོ་བྱེད་མཁན་གྱི་རྒྱལ་ཁབ་ཏུ་གྱུར་ཡོད། ༡༩༧༨ ལོའི་ཨེ་རན་གྱི་གསར་བརྗེ་མ་ཡོང་བར་དུ་གཤེས་ཡ་རྒྱལ་ཁབ་དེའི་གཞུང་འབྲེལ་གྱི་ཆོས་ལུགས་ཡིན་པས། གསོ་ནུས་གཙོ་བོ་བྱེད་མཁན་གྱི་ཁ་ཆེའི་རྒྱལ་ཁབ་མང་པོས་ཨེ་རན་རྒྱང་རིང་དུ་བཏང་ཡོད།
ཁ་ཆེ་ལ་ཆོས་རྒྱུད་ཆེན་པོ་གཉིས་ཡོད་ཅིང་གཤེས་ཡ་དང་གསོ་ནུས་གཉིས་རེད། དེང་སྐབས་ཁ་ཆེ་བའི་ཁྲོད་ནས་བརྒྱ་ཆ་ ༨༥ % – ༩༠་% ཙམ་གསོ་ནུས་བ་ཡིན་པས། གཤེས་ཡ་བ་བརྒྱ་ཆ་ ༡༠ % -༡༥ % ལས་མེད། དེར་བརྟེན། ཨེ་རན་གསོ་ནུས་ཁ་ཆེ་བའི་རྒྱལཁབ་ཚོའི་ཁྲོད་ནས་བློ་བདེ་བག་ཕེབས་ཀྱིས་འཚོ་བ་སྐྱེལ་རྒྱུ་ཁག་པོར་ཆགས་ཡོད་ལ། ཆགས་པས་རྡུལ་ཕྲན་མཚོན་ཆ་བཟོ་བཞིན་ཡོད་པས་ནུབ་ཕྱོགས་པས་དཔལ་འབྱོར་གྱི་ཉེས་ཆད་འགེལ་ཡུལ་དུ་གྱུར་ཡོད།
ཨེ་རན་གྱི་གསར་བརྗེ་ཡི་རྗེས་སུ་ཨེ་རན་ནི་ཁ་ཆེའི་ཆོས་ལུགས་ཀྱི་རྒྱལ་ཁབ་ཅིག་ཏུ་བསྒྱུར་ཡོད་ཀྱང་། ཡུལ་དེའི་མི་འབོར་མང་ཤོས་དང་སྲིད་དོན་པ་མང་ཤོས་གཤེས་ཡ་ཆོས་བྱེད་པ་ཡིན་པས། ཨེ་རན་གྱིས་ད་དུང་ཡང་གཤེས་ཡ་ལ་རྒྱབ་སྐྱོར་བྱེད་ཀྱིན་ཡོད་ལ། ཏུར་ཁས་གསོ་ནུས་ལ་རྒྱབ་སྐྱོར་བྱེད་ཀྱིན་ཡོད། དེར་བརྟེན། དཀྱིལ་ཤར་ཁུལ་གྱི་འཐབ་འཁྲུག་འདི་ཆབ་སྲིད་དང་དཔལ་འབྱོར་ཁོ་ནའི་འཐབ་འཁྲུག་ཅིག་མིན་པར་ཆོས་རྒྱུད་ཀྱི་འཐབ་འཁྲུག་ཏུ་གྱུར་ཡོད་པས། ནུབ་ཕྱོགས་ཀྱི་སྟོབས་ཆེན་རྒྱལ་ཁབ་ཚོར་ཨེ་རག་ནང་འདུམ་བྱེད་རྒྱུ་ཁག་པོར་གྱུར་པ་མ་ཟད། གསེ་རི་ཡའི་གནས་སྟངས་ཀྱང་གཤེས་ཡ་དང་། གསོ་ནུས་ཀྱི་འགལ་ཟླ་རུ་ཆགས་པས་འགྲིག་ཐབས་བྱེད་རྒྱུ་ཧ་ཅང་གི་དཀའ་ངལ་གྱི་གནས་སུ་ལྷུང་ཡོད།
དེང་སྐབས་ཨེ་རན་གྱིས་ག་དུས་ཡིན་ཡང་ཨེ་རག་གི་གཞུང་འཛིན་གྱི་གཤེས་ཡའི་སྲིད་དོན་པ་ལ་རྒྱབ་སྐྱོར་བྱེད་ཀྱིན་ཡོད་ལ། གནས་ཚུལ་དེས་ཨེ་རག་གི་གསོ་ནུས་མི་མང་ལ་དཀའ་ངལ་མང་དུ་སྤྲད་པས། ཨེ་རག་གི་གསོ་ནུས་མང་པོས་ཁ་ཆེའི་རྒྱལ་ཁབ་གསར་བ་ ISIS ལ་རྒྱབ་སྐྱོར་བྱེད་པའི་མཐུན་རྐྱེན་དུ་ཆགས་བཞིན་ཡོད། རྒྱུ་མཚན་ནི། ཁ་ཆེའི་རྒྱལ་ཁབ་གསར་བ་དེ་གསོ་ནུས་བ་ཚོས་གཙོ་བོར་བཟུང་བས་རེད།
ཏུར་ཁའི་འོག་ནས་རང་བཙན་རྩོད་མཁན་གྱི་ཁིར་སྒྲིའི་མི་རིགས་དང་། གཤེས་ཡ་ཆོས་ལུགས་ཀྱི་གསེ་རི་ཡའི་སྲིད་འཛིན་ཨ་གསའ་སྒྲི་གཉིས་ཏུར་ཁའི་དགྲ་བོ་ཡིན་ཞིང་། དེ་གཉིས་ལ་བཀག་འགོག་བྱེད་རྒྱུ་ཏུར་ཁའི་རྩ་བའི་དམིགས་ཡུལ་ཡིན། དེ་གཉིས་ལས་ཀྱང་ཁིར་སྒྲིའི་མི་རིགས་ལ་ཏུར་ཁས་འཇིགས་སྣང་གཙོ་བོ་བྱེད་ཀྱིན་ཡོད་པས། ནུབ་ཕྱོགས་པས་གནོན་ཤུགས་ཡོད་མེད་ལ་མ་ལྟོས་པར། ཏུར་ཁས་གང་ཐུབ་ཀྱིས་རང་དང་ཆོས་རྒྱུད་གཅིག་པའི་ ISIS དྲག་འཐབ་པ་ལ་རྒྱབ་སྐྱོར་བྱེད་ཀྱིན་ཡོད་ལ། རྡོ་སྣུམ་ཡང་དེ་ཚོའི་ལག་ནས་ཉོ་བཞིན་ཡོད།
རྒྱུ་མཚན་ནི། ཨ་གསའ་སྒྲི་མ་ཕམ་པའི་སྔོན་ལ་ནུབ་ཕྱོགས་པས་ཁིར་སྒྲི་ལ་རྒྱབ་སྐྱོར་བྱས་ནས་ ISIS ཕམ་པར་བཏང་བ་ཡིན་ན། ཁིར་སྒྲས་མི་རིགས་ཀྱིས་ཏུར་ཁའི་འོག་ནས་རང་བཙན་རྩོད་པའི་སྟོབས་ཤུགས་ཆེ་རུ་འགྲོ་ཁར། གསེ་རི་ཡའི་དཀའ་རྙོག་མུ་མཐུད་དུ་ལྷག་ངེས་ཡིན་ཞིང་། ལྷག་པ་ཡིན་ན་གསེ་རི་ཡའི་གསོ་ནུས་བའི་དཀའ་ངལ་སེལ་ཐབས་བྲལ་བས། དཀའ་ངལ་དེའི་ཤུགས་རྐྱེན་ཆོས་རྒྱུད་གཅིག་པའི་ཏུར་ཁའི་ནང་དུ་ཡོང་ངེས་པས་རེད། དེར་བརྟེན། ཨ་གསའ་སྒྲ་མེད་པར་གཏོང་རྒྱུ་ནི་ཏུར་ཁས་ཁེ་ཕན་ཆེ་ཤོས་སུ་མཐོང་གི་ཡོད། འོན་ཀྱང་། ནུབ་ཕྱོགས་པས་ ISIS མེད་པར་གཏོང་རྒྱུ་ཁེ་ཕན་ཆེ་ཤོས་སུ་མཐོང་བས་ཁོ་གཉིས་མཐུན་གྱི་མེད།
ཁིར་སྒྲི་མི་རིགས་དང་ཁ་ཆེའི་རྒྱལ་ཁབ་གསར་བ་ ISIS གཉིས་དགྲ་ཁ་གཏད་ཡིན་ཞིང་། སྔ་ལོ་ཨེ་རག་ནས་ཁ་ཆེའི་རྒྱལ་ཁབ་གསར་བས་ཁུར་སྒྲི་མི་རིགས་སྡེབ་གསོད་བྱས་པ་ཨ་རི་གཙོ་བོར་གྱུར་པའི་ནུབ་ཕྱོགས་པས་བསྐྱབས་ཤིང་། ད་ལྟ་མི་རིགས་དེ་ནུབ་ཕྱོགས་པའི་མཐུན་ཕྱོགས་ཡག་ཤོས་དང་། ཁ་ཆེའི་རྒྱལ་ཁབ་གསར་བ་ལ་རྒོལ་རྡུང་གཏོང་བྱེད་ཀྱི་ལག་ཆ་གཙོ་བོ་ཆགས་ཡོད་པས། ནུབ་ཕྱོགས་པ་དང་། ཏུར་ཁའི་མནའ་འབྲེལ་ལ་འགལ་བ་བྱུང་ཡོད། རྒྱུ་མཚན་ནི། ཨ་རི་དང་ཨ་རབ་མནའ་འབྲེལ་གྱིས་ཁིར་སྒྲི་བེད་སྤྱོད་བཏང་ནས་ཁ་ཆེའི་རྒྱལ་ཁབ་གསར་བ་མེད་པ་བཟོ་རྒྱུར་བརྩོན་བཞིན་ཡོད་པས། བཟོས་མཚམས་སུ་ཁུར་སྒྲི་མི་རིགས་ཀྱི་སྟོབས་ཤུགས་རྒྱས་ཤིང་དྲག་སྦྱོང་གི་མྱོང་བ་དང་གོ་ལག གསར་དུ་ཐོབ་པའི་གསེ་རི་ཡའི་ས་ཆ་སོགས་བེད་སྤྱོད་བཏང་ཏེ་ཏུར་ཁའི་འོག་ནས་རང་བཙན་རྩོད་པས་རེད།
ཁིར་སྒྲི་མི་རིགས་ཀྱིས་དེ་སྔོན་ཚད་གཞི་ངེས་ཅན་ལྡན་པའི་རྒྱལ་ཁབ་བཙུགས་མྱོང་བ་མ་ཟད། ད་ལྟ་ཁོང་ཚོ་འཛམ་གླིང་གང་སར་ཡོད་ཀྱང་། གནས་སྡོད་བྱེད་ས་གཙོ་བོ་ནི་ཏུར་ཁ་དང་ཨེ་རག གསེ་རི་ཡའི་བཅས་ཡིན་ཁར། ཏུར་ཁའི་འོག་ན་ཡོད་མཁན་ཚོས་རང་དབང་དང་། རང་བཙན་རྩོད་ཀྱིན་ཡོད་པས། ལོ་ཁ་ཤས་ཀྱི་སྔོན་དུ་ཨ་རིས་ཏུར་ཁི་ལ་རོགས་རམ་བྱས་ནས་ཁིར་སྒྲིའི་རང་དབང་འཐབ་མོ་བ་རྣམས་འཇིགས་སྐུལ་རིང་ལུགས་པར་ངོས་འཛིན་བྱས་པ་མ་ཟད། ཨ་རིས་ཏུར་ཁ་དང་མཉམ་དུ་མཁའ་ཐོག་ནས་ཁིར་སྒྲིའི་དྲག་འཐབ་པ་རྣམས་ལ་ཨེ་རག་ནང་དུ་རྒོལ་རྡུང་བྱས་ཡོད།
ISIS བཙུགས་རྗེས་ཨ་རི་དང་ཁིར་སྒྲི་གཉིས་ཀྱི་དགྲ་བོ་གཅིག་པ་ཆགས་ཤིང་། ཨ་རིས་རང་གི་ཁེ་ཕན་གྱི་ཆེད་དུ་ཁིར་སྒྲི་ལ་རོགས་སྐྱོར་བྱེད་རྒྱུ་དགོས་མཁོ་ཡག་ཤོས་སུ་གྱུར་པས། ཏུར་ཁ་དང་ཨ་རི་མནའ་འབྲེེལ་ལ་དཀའ་ངལ་འཕྲད་བཞིན་ཡོད། འོན་ཀྱང་། ཨ་ཏུར་གཉིས་ཀས་གནས་སྐབས་ཀྱི་འགལ་བ་ཡོད་མེད་ལ་མ་ལྟོས་པར་གང་ཐུབ་ཀྱིས་ཕན་ཚུན་གྱི་མཐུན་ཕྱོགས་བེད་སྤྱོད་ཀྱིས་ཕན་ཚུན་ལ་བསམ་ཤེས་དང་། གུ་ཡངས་གཏོང་རེས་བྱས་ཏེ་མནའ་འབྲེལ་ཉར་ཐབས་བྱེད་བཞིན་ཡོད།
གསེ་རི་ཡའི་སྲིད་འཛིན་ཨ་གསའ་སྒྲི་ནི་གཤེས་ཡ་ཆོས་རྒྱུད་པ་ཡིན་ཞིང་ཁོང་གི་རྒྱབ་སྐྱོར་བ་གཙོ་བོ་ནི་གཤེས་ཡ་དང་། ཡུལ་དེའི་གྲངས་ཉུང་ཡི་ཤུ་ཆོས་ལུགས་པ་ཚོ་ཡིན། གསེ་རི་ཡའི་གྱེན་ལོག་ཕྱོགས་ཁག་གི་རང་དབང་དམག་དཔུང་དང་ཁ་ཆེའི་རྒྱལ་ཁབ་གསར་བ་ ISIS གཉིས་ཀྱི་ཁོངས་མི་གཙོ་བོ་ནི་གསོ་ནུས་བ་ཡིན། དེ་བཞིན་དེང་སྐབས་ཀྱི་ཨེ་རག་གི་གཞུང་འཛིན་མི་སྣ་གཙོ་བོ་དག་ནི་གཤེས་ཡ་བ་ཡིན་ཞིང་། ཡིན་དགོས་དོན་ཡང་ ༢༠༠༣ ལོར་ཨ་རིས་ཨེ་རག་ལ་བཙན་འཛུལ་བྱས་སྐབས། སྐབས་དེའི་སྲིད་འཛིན་གསའ་སྒྲམ་ཧོས་གསན་ལ་ཁ་གཏད་གཅོག་ཆེད་དུ་གཤེས་ཡ་ཆོས་ལུགས་པ་བེད་སྤྱོད་བཏང་བས་རེད།
ཨེ་རག་གིས་བརྒྱད་བཅུ་དང་དགུ་བཅུའི་ནང་དུ་ཨེ་རན་ལ་བཙན་འཛུལ་བྱེད་སྐབས་གསོ་ནུས་བ་མང་པོ་ལ་ཆབ་སྲིད་ཀྱི་གོ་གནས་སྤྲད་ཅིང་། ཨེ་རན་ལ་དམག་འཐབ་བྱས་པས་གཤེས་ཡ་ཆོས་བྱེད་པ་དང་། ཁིར་སྒྲི་མི་རིགས་ལ་དཀའ་ངལ་ཆེན་པོ་བཟོས་ཡོད། རྒྱུ་མཚན་ནི། ཁིར་སྒྲི་དང་ཨེ་རག་གི་གཤེས་ཡ་ཆོས་བྱེད་པ་མང་པོས་ཨེ་རན་ལ་རོགས་པ་བྱས་པས་རེད། བྱེད་དགོས་དོན་ཡང་ཁིར་སྒྲི་བ་རྣམས་ལ་ཨེ་རག་གི་ནང་དུ་རང་དབང་མེད་པའི་དཀའ་ངལ་ཡོད་པ་བཞིན་ཨེ་རག་གི་ནང་དུ་ཡང་གསོ་ནུས་བ་རྣམས་ལ་དེ་ལྟར་ཡོད། མ་ཟད་ཨེ་རག་གི་གཤེས་ཡ་བ་རྣམས་ཀྱིས་རང་དང་ཆོས་རྒྱུད་གཅིག་པ་ཨེ་རན་ལ་རྒྱབ་སྐྱོར་བྱས་པས། གསའ་སྒྲམ་ཧོས་གསན་གྱི་སྲིད་གཞུང་གིས་གསོ་ནུས་བ་བེད་སྤྱོད་བཏང་ནས་གཤེས་ཡ་དང་། ཁིར་སྒྲི་བར་གཉའ་གནོན་བྱས་པའི་ན་ཚ་ད་དུང་ཡང་ལྷག་པས་ཁ་ཆེའི་རྒྱལ་ཁབ་གསར་བ་ ISIS ཆབ་སྲིད་ཀྱི་དགོས་མཁོ་གལ་ཆེན་དུ་ཆགས་བཞིན་ཡོད།
ཨེ་རག་གིས་ཨེ་རན་ལ་བཙན་འཛུལ་བྱེད་དགོས་དོན་གཙོ་བོ་ནི་ ༡༩༧༨ ལོའི་ཨེ་རན་གྱི་གསར་བརྗེ་དེ་ཨེ་རག་གི་གཤེས་ཡ་ནང་དུ་ཁྱབ་པར་འདོད་པའི་ཞེད་སྣང་དང་། གསར་བརྗེ་བྱུང་མ་ཐག་པའི་ཨེ་རན་གྱི་མི་མང་རྣམས་གཅིག་སྒྲིལ་གྱི་ནུས་པ་ཞན་ཁར། སྲིད་གཞུང་ཡག་པོ་ཞིག་མེད་པས་སྲིད་དོན་ཆོགས་ཚོ་ནང་ཁ་མི་མཐུན་པའི་གོ་སྐབས་དམ་འཛིན་གྱིས་ཨེ་རག་གིས་བཙན་འཛུལ་བྱས་ཀྱང་ཨེ་རན་གྱི་མི་མང་གིས་སེམས་ཤུགས་མ་ཞུམ་པར་ཨེ་རག་གི་བཙན་འཛུལ་ལ་རྒོལ་ལན་བྱས་སྟེང་། ནུབ་ཕྱོགས་པ་དང་། ཁ་ཆེའི་རྒྱལ་ཁབ་མང་པོས་ཨེ་རག་གི་སྟོབས་ཤུགས་རྒྱ་བསྐྱེད་ནི་རང་གི་བདེ་འཇགས་ཀྱི་ཉེན་ཁ་ཞིག་ཏུ་མཐོང་བས་ཨེ་རན་ལ་རྒྱབ་སྐྱོར་བྱས་པ་མ་ཟད། ཨེ་རག་གི་གཤེས་ཡ་དང་ཁིར་སྒྲི་བས་ཀྱང་ཨེ་རན་ལ་རྒྱབ་སྐྱོར་བྱས་པས་ཨེ་རག་གི་བཙན་འཛུལ་ལམ་ལྷོང་བྱུང་མེད།།
་་་་་་་་་་་ དེང་སྐབས་ཀྱང་སོོག་རིགས་ཀྱི་བྷེ་རུ་ཡ་དང་ཁལ་མིག སོག་རྒྱལ་ཕྱི་ནང་གི་མི་འབོར་མང་ཤོས་བོད་བརྒྱུད་སངས་རྒྱས་ཆོས་ལུགས་པར་གྱུར་ཡོད་ལ། གྱུར་དགོས་དོན་ཡང་གོང་མ་སེང་ཅན་ཧང་གིས་བོད་བརྒྱུད་སངས་རྒྱས་ཆོས་ལུགས་ཡོན་རྒྱལ་རབས་ཀྱི་ཆོས་ལུགས་སུ་བཀོད་པས་རེད། ་་་་་་་་་་་་་
ལོ་རྒྱུས་འདི་དག་བོད་སྐད་དུ་འཐོན་བཞིན་པ་ནི། བོད་རིགས་དང་བོད་ཀྱི་སྐད་ཡིག་ཡར་རྒྱས་སུ་འགྲོ་བཞིན་པའི་མཚོན་རྟགས་སུ་ངོས་འཛིན་མི་ཆོག་གམ། ལགས།
སྔོན་ཆད་སྟག་གཟིག་ནས་གཤེར་རབ་མི་པོ་ཆེ་བོད་ལ་བོན་ཆོས་སྤེལ་བར་ཡོང་བའི་སྐོར་ཤེས་འདོད་ཆེན་པོ་ཡོད་པས་ཤེས་མཁན་ཡོད་ན་གསུངས་རོགས་ཞུ།
ངས་ སྟག་གཟིག་ལ། ཏག་ཟིག་ཞེས་འབྲི་འདོད་ཤར།
Zoroastrian
ཟེར་བ་འདི་བོན་པོས་ཟེར་བའི་གཤེན་རབ་ཀྱང་དེ་དང་འབྲེལ་བ་ཡོད་་པ་ཞིབ་འཇུག་པ་མང་པོས་གླེང་།
ལོ་རྒྱུས་ལེགས་པར་སྦྱངས་ཤིང་བོད་སྐད་དུ་བྲིས་པར་མངོན་པར་བསྟོད་འོས།
་
མུ་སུལ་མན་གྱི་ཆོས་ལུགས་པ་གཉིས། སུནྣི་དང་། ཞེས་པ་དང་། ཤ་ཨི་ཨ། ཤེས་པ་མིང་ཚིག་གཉིས་པོ་བོད་ཀྱི་ཡི་གེ་སྔོན་འཇུག་དང་རྗེས་འཇུག་དག་བཀོད་ནས་བྲིས་པ་གཏན་ནས་མི་་རུང་བར་མཐོང་། བོད་མི་ཀློག་པ་པོ་ཞིག་གིས་གཤེས་ཡ་དང་། གསོ་ནུས་པའི་དོན་ལ་བོད་ཀྱི་མིང་ཚིག་ཅིག་ཡིན་པར་གོ་འཐོམས་པའམ་མགོ་འཐོམས་པར་འགྱུར་བ་གདོན་མི་ཟ། དེས་ན། ཚིག་གི་སྒྲ་བཤད་མ་ཤེས་ན། སྔོན་རྒྱ་གར་དང་བོད་ཀྱི་སྒྲ་སྒྱུར་བ་པོ་དག་གི་་མཛད་པ་ལྟར་དུ། ཡི་གེ་ཇི་ལྟ་བ་བཞིན་འབྲི་དགོས་པར་མཐོང་། དཔེར་ན། ཀཽ་་ཤི་ཀ ལེགས་སྦྱར་མིང་ཚིག་ཉིད་རང་ཆགས་བཞག་ཡོད་པ་ལྟར་རོ།
་
ཁ་ཆེ་ལ་ཆོས་རྒྱུད་ཆེན་པོ་གཉིས་ཡོད་ཅིང་གཤེས་ཡ་དང་གསོ་ནུས་གཉིས་རེད།
་
བུ་སྟོན་ཆོས་འབྱུང་དུ། གར་ལོག་ནས་ལམ་ཐོན་ནས་ཧོར་ཡུལ་དུ་ཕྱིན། ཅེས་པའི་གཪ་ལོག་ཅེས་པ་དེ། ཨ་ནུ་ཐང་བསོད་ནམས་ལ་ཁྱེད་ལ་རྒྱུས་ཡོད་ན། འབྲི་གྲོགས་བཀའ་དྲིན་ཆེའོ།
རྒན་ལ་དྭགས་པ་ཐུགས་མད། རྩོམ་འདི་བཀླགས་སྐབས་དེ་འདྲ་དྲན་སོང་།
ད་དུང་”གསའ་སྒྲམ་ཧོས་གསན”
ཆོས་ལུགས་སྐོར་ལ་སྟོང་ལབ་མ་རྒྱག་ཉོོ་ཆ་རང་ཡོང་སོ་སོའི་རྒྱལ་ཁབ་དང་
མི་རིགས་དང་འབྲེལ་བའི་རྩ་དོན་ལ་འགན་འཁུར་ཆོས་ལུགས་སྐོར་ལ་མང་
བཤད་བསྡད་ན་མགོ་ལས་རྨ་ཆེ་བཟོས་ཡོང་དེང་འཛམ་གླིང་ཤར་ནུབ་ག་པར་
བ་ལྟས་ཀྱང་ཆོས་ཀྱིུ་དཀའ་རྙོགས་ཀྱང་ཀྱང་རེད་་ད་།ཧ་ཧ་ཧ་ཧ་
རྣམ་པ་ཚོས་དགོངས་ཚུལ་བ་ལ་ཐུགས་རྗེ་ལེགས་འབུལ། དེང་སྐབས་ངའི་མཆན་མང་པོ་ཞིག་ཁ་བརྡའི་ནང་དུ་འདེབས་ཐུབ་ཀྱིན་མི་འདུག་པས། དེ་རིང་ཨེ་འགྲོ་ལྟ་དགོས།
གར་ལོག་ཟེར་བ་ནི། དབྱིན་སྐད་དུ་རྒ་གཟི་ནཱ་ཝི་སྒྲི་དང་ཏུར་ཁའི་སྐད་དུ་རྒ་གཟི་ནཱ་ལེའི (975-1187)ཟེར་བ་དེ་ལ་གཙོ་བོ་གོ་དགོས། དེས་རྒྱ་གར་བྱང་ཕྱོགས་ཀྱི་པན་རྗབ་བྷུ་དང་མཱ་ཏོའི་རཱ། ཕཱ་ཁི་ཐན་དང་ཀ་ཤིར་སྨྲིར། བོད་བྱང་ནུབ་ཁུལ་ཁྲ་རྗེའི་ཐན་དང་ཡུ་གུར་གྱི་ནུབ་ཁུལ་སོགས་བཟུང་བ་མ་ཟད། རྒྱ་གར་ཐེངས་བཅུ་བདུན་ཙམ་བཙན་འཛུལ་བྱས་ཏེ། ཧིན་ངྷི་དང་སངས་རྒྱས་ཆོས་ལུགས་པ་ཐེངས་དང་པོར་ཁ་ཆེ་རུ་བསྒྱུར་མཁན་དེ་ཡིན། དེ་བརྟེན། ཁོང་ནི་ཧིན་ངྷི་དང་སངས་རྒྱས་ཆོས་ལུགས་པའི་དགྲ་ཡི་ལྟེ་བ་དེ་ཡིན་ལ། ཁ་ཆེའི་ཆོས་ལུགས་ཀྱི་ཤིང་རྟ་ཆེན་པོ་ཞིག་དང་བླ་མེད་ཀྱི་དཔའ་རྒོད་ཅིག་ཡིན། རྗེས་ནས་དུས་ཚོད་དང་སྟུན་ནས་མང་དུ་བྲིས་ཆོག
དུས་འཁོར་ནང་དུ་ཀླ་ཀློའི་དམག་ཞེས་པ་དེ་ཁ་ཆེ་ཨེ་ཡིན་ནམ། སྦྲང་རྩེས་བློ་གྲོས་དེ་ཁ་ཆེའི་སྟོན་པ་༼མོ་ཧ་མཌེ་ཨེ་ཡིན་ནམ། (Muhammad )གལ་ཏེ་ཡིན་ན་སྐབས་དེ་དུས་ནས་ད་ལྟ་ནང་བཞིན་དྲག་སྤྱོད་པ་ཡིན་ནམ་།ཡང་ན་ མ་འོངས་མངོན་གཟིགས་ཡིན་ནམ་
མོཧྰ་མ་ཏ་སྦྲང་རྩི་བློ་གྲོས་མཚན་ཁོང་། །
ཁ་ཆེའི་སྟོན་པ་ཆོས་ནི་ཀླ་ཀློའི་ཆོས། །
ཀླ་ཀློའི་དམག་དང་དུས་འཁོར་དམག། །
རིག་ལྡན་ཤམ་བྷ་ལ་སོགས་གང་དུ་ཡོད། །
དཀྱིལ་ཤར་ཨེ་ཤ་ཡའི་ལོ་རྒྱུས་ཡག་པོ་ཞིག་བྲིས་འདུག ཐུགས་རྗེ་ཆེ། དེ་དང་མཉམ་དུ་བསམ་ཚུལ་ཞིག་ཀྱང་ཞུ་འདོད་བྱུང་། དེ་ནི་གོང་དུ་རྒན་འཇམ་དཔལ་ལགས་ཀྱིས་གསུངས་པ་བཞིན་རེད། རྩོམ་ཡིག་འདི་ཀློག་དུས་ས་མིང་དང་། མིའི་མིང་། ཆོས་ལུགས་ཀྱི་མིང་སོགས་འབྲི་སྐབས་གསར་བཟོའི་རྣམ་པ་མང་པོ་འདུག་ལ། ཀློག་མ་བདེ་བ་ཡང་འདུག མིང་ཚིག་དེ་དག་གསར་བཟོ་བྱེད་པ་ལས་ཡོངས་གྲགས་ལྟར་བྲིས་ན་ཕན་པ་འདུག་དྲན། ༡ བོད་ཡིག་བཀོད་སྤྱོད་གཅིག་གྱུར་ལ་ཕན། ༢ ནང་དོན་གོ་བ་མ་ལོག་པར་ཕན།
འདི་ལྟར་ས་མིང་དང་མིའི་མིང་སོགས་རང་རང་གི་སེམས་ལ་གང་དྲན་ཞིག་བྲིས་པ་དེས། བོད་ཡིག་སིལ་བུར་གཏོར་རྒྱུ་རེད། དྲ་ལམ་དུ་ཡོངས་གྲགས་བོད་ཡིག་གི་ཚིག་མཛོད་བཟོ་མི་ཐུབ་པའི་རྒྱུ་རྐྱེན་ཡང་འདི་འདྲ་ལ་ཐུགས་ཡོད་ཀི་བསམ།
བདེན་པ་རེད། མོས་མཐུན་ཡོད། འོན་ཀྱང་། ཕྱི་སྐད་ཀྱི་ས་མིང་དང་མི་མིང་དེ་དག་ལ་བོད་ཡིག་ནང་གཅིག་གྱུར་གྱི་དག་ཆ་དཀོན་པས། དེ་དག་ཀུན་འདུས་ཀྱི་ཡོངས་གྲགས་ཀྱི་ཚིག་མཛོད་ཅིག་བོད་ལ་མ་ཡོང་བར་དུ་ཡུལ་མིང་། མི་མིང་དག་བརྗོད་བདེའི་ཀློག་སྟངས་ཤིག་འབྲི་རྒྱུ་ནི་དཀའ་ངལ་ལས་ཀྱི་གནས་སུ་མཐོང་། དེ་ནི་བོད་ཡིག་གཅིག་བུ་མ་རེད། ཡིག་རིགས་ཀུན་ལ་ཕྱི་སྐད་ཀྱི་ཐ་སྙད་ཡོང་སྐབས། ཀློག་རྒྱུར་དཀའ་ལས་ཡོད་པ་རྒྱུན་ལྡན་རེད། གྲོགས་ཁག་གཅིག་གི་དགོངས་ཚུལ་ལྟར། ཐ་སྙད་གསར་བ་དག་ལ་དག་ལ་འོག་ཏུ་འགྲེལ་བཤད་བྱ་ཐུབ་ན་ལེགས་པ་མཐོང་།
དགེ་འདུན་རྒྱ་མཚོ་སོགས་ལ་ཕུལ། །
སྟག་གཟིག་འོལ་མོ་ལུང་རིངས་ཀྱི་ཡུལ་ལ་དཔྱད་པ།
http://www.himalayabon.com/review/comment/2013-04-22/194.html
གངས་དཀར་ཏི་སེའི་འདབས་རོལ་གྱི་སྟག་གཟིག་འོལ་མོ་ལུང་རིང་གི་དཔྱད་པ།
http://www.rgbm123.com/bo/index.php/archives/1778
ཆོས་ལུགས་གྲངས་མང་འཛམ་གླིང་འདི་་རུ་དར་་།
རང་རང་སྒྲུབ་མཐའ་རང་གི་ནོར་བུར་བརྩྩི་།
ལྷ་མེད་འདྲ་མེད་ཆོས་མེད་སྨྲ་བ་ཀླ་ཀློའི་བལྟ་།
གུང་བྲན་དམར་པོ་ཀླ་ཀློའི་ཀླ་ཀློ་འོ་།
ོ
ཨ་ནུ་ཐང་བསོད་ནམས་་་་ལགས་ཁྱེད་ཀྱི་སྟགས་གཟིགས་ཀྱི་ཡུལ་ལ་འགྲེལ་བཤད་མང་པོ་བྱས་འདུག། ཡིན་ཡང་
པ་ཤར་ཡ་་ཟེར་བ་དེ་སྟག་གཟིགས་ཀྱི་ཡུལ་ཡིན་པའི་ལོ་རྒྱུས་ཀྱི་དཔང་རྟགས་ག་རེ་ཡོད། པ་ཤར་ཟེར་་་བའི་
ཡུལ་དེ་ལ་སྔོན་སྟག་གཟིགས་ཞེས་འབོད་ཀྱི་ཡོད་པ་ལོ་རྒྱུས་གང་ཞིག་ལ་གསལ་འདུགགསུང་རོགས་གནང།
བུ་སྟོན་ཆོས་འབྱུང་དུ། གར་ལོག་ནས་ལམ་ཐོན་ནས་ཧོར་ཡུལ་དུ་ཕྱིན། ཅེས་པའི་གཪ་ལོག་ཅེས་པ་དེ། ཨ་ནུ་ཐང་བསོད་ནམས་ལ་ཁྱེད་ལ་རྒྱུས་ཡོད་ན། འབྲི་གྲོགས་བཀའ་དྲིན་ཆེའོ། ཞེས་པ་ས་གནས་ཤིག་ཡིན་པ་ལྟར་གསུངས་པ་ལུང་པ་རྒྱུས་ཡོད་ན། ཤོད་ཅེས་པར་མགོ་བསྐོར་ཁྱོག་བཤད་མང་ཙམ་བཤད་པར་ཡིད་མགུ་བ་མེད། དེ་ཡང་གཅིག་ན་
གར་ལོག་བཟུང་བའི་མར་ཡུལ་སྟེ། ད་ལྟ་ལ་དྭགས་ཞེས་མིང་ཐོགས། ལུང་པ་དེ་ནས་ལམ་ཐོན་ནས་གཙང་རབ་གསལ། གཡོ་དགེ་འབྱུང་། དམར་ཤཱ་ཀྱ་མུ་ནི་གསུམ་འདུལ་བ་དྲེལ་ཁལ་གཅིག་བཀལ་ཏེ་ཧོར་ཡུལ་དུ་ཕྱིན། དེ་ནས་ཨ་མདོར་སླེབས་། དེ་གསུམ་གྱིས་ཨ་མདོའི་བུ་ཞིག་ལ་རབ་བྱུང་། དེ་ཉིད་རིག་པ་གསལ་བས། རྒྱའི་དགེ་སློང་གཉིས་ཁ་སྐོང་བྱས་དགེ་སློང་ལྔ་ཚོགས་ཀྱིས་བསྙེན་རྫོགས་གྲུབ་སྟེ། བླ་ཆེན་དགོངས་པ་རབ་གསལ་ཞེས་པ་མདོ་སྨད་ནས་བསྟན་པ་སླར་གསོ་བ་ལ་ཕན་ཐོགས་ཆེན་པོ་བྱུང་ངོ་།
དེ་ཡང་སྐྱིད་ལྡེ་ཉི་མ་མགོན་ལ་སྲས། སྟོད་ཀྱི་མགོན་གསུམ་གྱིས་མངའ་རིས་སྐོར་གསུམ་ནས་རེ་རེ་བཟུང་སྟེ། སྲས་ཆེ་བ་དཔལ་གྱི་ལྡེ་རིག་པ་མགོན་གྱིས་མར་ཡུལ་ཏེ། ལ་དྭགས་བཟུང་སྟེ། གར་ལོག་གི་རྗེས་འབྲངས་ཡུལ་དེ་ནས་སྐྲད་ཐུབ་པར་སེམས་ཤིང་། འདི་ལ་ལོ་རྒྱུས་ཀྱི་སློབ་སྦྱོང་གཏིང་ཐུག་པར་དགོས་སོ། ཡིག་ནོར་དག་ལ་ཞུས་དག་བྱེད་ན། བོད་རིག་གཞུང་སྲུང་བའི་ཞབས་ཏོག་ཏུ་འགྱུར་རོ། །
བུ་ཞིག་ལ་རབ་བྱུང་། ལ་ཞེས་པ་བུ་ཞིག་རབ་བྱུང་མཛད། ཅེས་དགོས་སོ།
ལ་དྭགས་འཇལ་དཔལ་ལགས། ཉིད་ཀྱིས་གསུངས་བ་དེ་དག་བདེན་པ་རེད། གར་ལོག་གིས་ཀ་ཤིར་སྨྲིར་བཟུང་ཞིང་ད་ལྟ་ཀ་སྨྲིར་དང་ཕཱ་ཁི་སི་ཐན་ལ་ཁ་ཆེའི་ཆོས་ལུགས་ཤུགས་ཆེ་ཡོད་དགོས་དོན་དེ་རེད། ལ་དྭགས་ཀ་ཤིར་སྨྲིར་དང་ས་འདྲེས་ཡིན་དུས་ལ་དྭགས་ལ་རྒ་གཟི་ནཱ་ཝི་སྒྲིའི་ཤུགས་རྐྱེན་དང་། ཐ་ན་མཚམས་རེ་བཙན་འཛུལ་འོག་ཏུ་ཕྱིན་ཡོད་པ་སྨོས་མེད་རེད། ཉིད་ཀྱིས་གསུངས་བའི་ལོ་རྒྱུས་ཀྱིས་ལ་དྭགས་ལ་གར་ལོག་གིས་ཤུགས་རྐྱེན་ཐེབས་བའི་བདེན་དཔང་བྱེད་ཀྱིན་འདུག
རྒ་གཟི་ནཱ་ཝི་སྒྲི་བཙུགས་མཁན་གྱི་ལྟེ་བ་མཱ་ཧི་མོ་སྒྲི་རྒ་གཟི་ཡིན་ཞིང་། ཁོ་ནི་ཨ་ཧྥུ་རྒ་ནེ་སི་ཐན་གྱི་ཏུར་ཁའི་གཡོག་དམག་ཅིག་གི་བུ་དང་། ཨ་མ་ནི་པཱ་ཤར་བ་ཡིན། ཁོས་ཏུར་ཁའི་དཔུང་དམག་བཀོད་སྤྱོད་ཀྱིས་རིམ་བཞིན་སྲིད་དབང་བཙུགས་ཤིང་། རང་ཉིད་གོང་མ་བཟོས་བ་མ་ཟད། རང་ཉིད་འཇིག་རྟེན་ལ་གནང་བའི་གོང་མ་ཡིན་པ་བསྒྲུབས་ཀྱིན་ཡོད།
ཆག་ལོ་ཙྭ་བ་ཆོས་རྗེ་དཔལ་ཡངས་བ་ཅན་དུ་བཞུགས་སྐབས་གར་ལོག་གི་སྐབས་སླེབས་ནས་བྲོས་ཞེས་ཀྱང་། དེ་ནི་དུས་རབབས་བཅུ་གསུམ་པའི་ལོ་འགོ་རུ་འཁེལས་བས། དོན་དངོས་གར་ལོག་གི་དམག་མིན་ཞིང་། ཏུར་ཁའི་དམག་མི་ཡིན། འོན་ཀྱང་། ཏུར་དམག་དང་གར་དམག་གཉིས་མཚམས་རེ་གཅིག་ཏུ་འདྲེས་ཤིང་། མཚམས་རེ་ཁོ་གཉིས་ནང་འཁྲུག་དང་། མཚམས་རེ་ཁོ་གཉིས་ཀྱིས་ཕན་ཚུན་ལ་རོགས་རམ་བྱེད་རེ་བྱས་ཤིང་དེ་གཉིས་ཀྱི་འབྲེལ་རྙོག་འཛིང་ཆེ་བས། བོད་ཀྱི་ལོ་རྒྱུས་སྨྲ་བ་མང་པོ་ཞིག་འཐོམས་ནས་དེ་གཉིས་ཐ་དད་ཡིན་པ་མ་ཤེས་བས་སྐབས་དེར་ཚང་མ་ལ་གར་ལོག་ཟེར་བཞིན་ཡོད།
གར་ལོག་ཟེར་དགོས་དོན་ཡང་། རྒ་གཟི་ཟེར་བའི་སྒྲ་ཡི་རྒ་དེ་བོད་སྐད་དུ་གར་ལ་འགྱུར་ཞིང་། ལོག་ནི་བོད་མི་རྣམས་ཁོང་ཚོ་ལ་མི་དགའ་བས་ལོག་ཚིག་བེད་སྤྱོད་བཏང་བ་སེམས། ཡང་ན། གཟི་ནི་ལོག་ལ་འགྱུར་བ་སེམས། དེ་ནི་དཔྱད་གཞི་ཞིག་རེད། གར་ལོག་སྐོར་ལ་འབྲི་རྒྱུ་མང་པོས་མང་འོངས་བར་མང་དུ་བྲིས་ཆོག་ལ། ཞིབ་འཇུགས་བྱེད་མཁན་ཡོད་ན། དེ་དོན་ལ་བྱེད་པའི་རེ་བ་ཡོད།
སྟག་གཟིག་པཱ་ཤར་ཡ་ཡིན་པ persia ལོ་རྒྱུས་ལ་ལྟས་ན་ཤེས་ལ། བོད་ཡིག་གི་ཚིག་ཁག་གཅིག་ཀྱང་དེ་ལ་བདེན་དཔང་བྱས་ཡོད་ལགས།
གསལ་བཤད་གར་ལོག་གིས་ད་ལྟ་ཡོད་པའི་ལ་དྭགས་ཀྱི་ས་ཆ་ཚང་མ་ལ་མཚམས་རེ་དབང་སྒྱར་ཡོད་བྱེད་མེད་མི་ཤེས་མོད། ཕཱ་ཁི་སི་ཐན་དང་ཀ་ཤིར་སྨིར་གྱི་ས་མཚམས་སོགས་ལ་ཤུགས་རྐྱེན་ཡོད་པ་དངོས་འབྲེལ་རེད། ལྷ་བླ་མ་ཡེ་ཤེས་འོད་ཇོ་བོ་རྗ་གདན་འདྲེན་ཞུ་ཆེད་དུ་གསེར་འཚོལ་དུ་ཕྱིན་སྐབས། གར་ལོག་གི་རྒྱལ་བོ་ཡིས་བཙོན་དུ་བཅུག་ཟེར་བ་དེས་གར་ལོག་ནི་བོད་ཀྱི་མངའ་རིས་དང་ས་མཚམས་ཡིན་པ་དཔང་བོ་བྱས་བས། གར་ལོག་གིས་ལ་དྭགས་ཀྱི་ས་ཆ་ཁག་གཅིག་བཙན་བཟུང་བྱས་བ་དངོས་འབྲེལ་རེད།
དྲ་ནང་འདི་རུ་མཁས་པ་མང་པོ་འདའ་།
སྟག་ཟིག་ཡུལ་དེ་ད་ལྟ་ག་ན་རེད་།
གར་ལོག་ཡུལ་དེ་ད་ལྟ་ག་ན་རེད་།
གསུང་རྒྱུ་ཡོད་ན་་རྒྱུ་ཚན་ལུང་དུ་དྲོང་།
བཤད་རྒྱུ་མེད་ན་ལོ་རྒྱུས་གསར་བཟོ་མ་བྱེད་།
ཟུར་གནས་མི་མང་ཁྱེད་ཚོ་ལས་སྤྱང་།
ཟུར་གནས་མི་མང་ཁྱེད་ཚོ་ལས་མཁས་།
ཟུར་གནས་མི་མང་ཁྱེད་ཚོ་ལས་བརྟན་།
ཧ་ཧ་ཧ་སྨྱོ་ལབ་རྒྱོབ་ལས་མེད་དྲ་འབུ་མགོ་གཉིས་ཚོ་།
ནོར་བཅོས།
གསལ་བཤད་གར་ལོག་གིས་ད་ལྟ་ཡོད་པའི་ལ་དྭགས་ཀྱི་ས་ཆ་ཚང་མ་ལ་མཚམས་རེ་དབང་སྒྱར་ཡོད་བྱེད་མེད་མི་ཤེས་མོད། ཕཱ་ཁི་སི་ཐན་དང་ཀ་ཤིར་སྨིར་གྱི་ས་མཚམས་སོགས་ལ་ཤུགས་རྐྱེན་ཡོད་པ་དངོས་འབྲེལ་རེད། ལྷ་བླ་མ་ཡེ་ཤེས་འོད་ཀྱིས་ཇོ་བོ་རྗེ་གདན་འདྲེན་ཞུ་ཆེད་དུ་གསེར་འཚོལ་དུ་ཕྱིན་སྐབས། གར་ལོག་གི་རྒྱལ་བོ་ཡིས་བཙོན་དུ་བཅུག་ཟེར་བ་དེས་གར་ལོག་ནི་བོད་ཀྱི་མངའ་རིས་དང་ས་མཚམས་ཡིན་པ་དཔང་བོ་བྱས་བས། གར་ལོག་གིས་ལ་དྭགས་ཀྱི་ས་ཆ་ཁག་ཅིག་བཙན་བཟུང་བྱས་བ་དངོས་འབྲེལ་ཡིན་པས་ཉིད་ཀྱིས་གསུངས་བའི་གནས་ཚུལ་དང་མཐུན་པ་སྣང་། མ་ཟད་རྒ་གཟི་ནཱ་ཝི་སྒྲི་ཡི་ལོ་རྒྱུས་དང་མཐུན་པས་ཡིན།
གར་ལོག་ནི་ད་ལྟའི་རྒྱ་གར་ནང་པ་རྗིབ་པིས་ཟེར་བ་འདི་ཡིན་ཚུལ་བཤད་མཁན་ཡང་མང་པོ་འདུག།
གར་ལོག་གི་ལ་དྭགས་ལ་དབང་བསྒྱུར་བྱས་པའི་ལོ་རྒྱུས་འདུག་ལ་ཁོ་ཚོའི་ཆོས་ནི་སིས་ཟེར་བ་དེ་རེད་འདུག།
སིག་མ་རེད། སིག་པན་རྗབ་ཀྱི་ཆོས་ལུགས་རེད། སྐབས་དེར་པན་རྗབ་ཀྱིས་གཞན་ལ་བཙན་བྱེད་པ་མ་དགོས་རང་མགོ་མ་ཐོན་པའི་སྐབས་རེད།
སིག་ཆོས་ནི་སྤྱི་ལོ ༢༤༦༩ གསར་དུ་དར་བ་ཞིག་ཡིན་པས་དུས་རབས་བཅུ་གཅིག་དང་བཅུ་གཉིས། བཅུ་གསུམ་པ་སོགས་མ་རེད། གར་ལོག་ནི་དུས་རབས་བཅུ་བའི་ནང་ཏེ། ཇོ་བོ་བོད་དུ་གདན་འདྲེན་དུས་ནས་ཡོད་པའི་རྒྱལ་ཁབ་ཅིག་དང་ཆོས་ལུགས་ཤིག་རེད། གར་ལོག་གི་ཉེར་ལེན་ལ་རྟེན་ནས་དེང་སྐབས་ཀྱང་པན་རྗེབ་མང་པོ་ཁ་ཆེ་བ་ཡིན་པ་མ་ཟད། ཁག་ཅིག་ཕཱ་ཁི་སི་ཐན་ནང་ལྷག་ཡོད། དེ་ནི་གཙོ་བོ་ཆོས་ལུགས་ཀྱི་གནད་དོན་གྱིས་རེད། མ་ཟད་དུས་རབས་བཅོ་ལྔ་བའི་རྗེས་སུའང་སིག་གི་ཆོས་དཔོན་མང་པོ་ཁ་ཆེ་བས་བཀྲོངས་ཡོད།
ཆོས་རྒྱལ་དུང་བརྒྱུད་ལྷ་བླ་མ་བྱང་ཆུབ་འོད་དང་། ཡེ་ཤེས་འོད་སྐབས་ཀྱི་གར་ལོག་གི་རྒྱལ་པོ་དེི་མིང་དང་། རྒྱལ་སའི་ས་མཚམས་སོགས་ཀྱི་སྔར་དང་། ད་ལྟའི་ས་མིང་སོགས་གང་ཡིན་ནམ། ལགས།
བློ་མཐུན་ཨ་ནུ་ལགས་སིག་ཆོས་ལུགས་དུས་རབས་སྤྱི་ལོ་་༢༤༦༩ཟེར་བ་དེ་གང་འདྲ་རེད་འབྲི་ནོར་ཤོར་བ་མིན་ནམ།
# 30 ཁྱུང་སེ།་ལགས་ཀྱིས་མཆན་བཏབ་པ།:
January 21st, 2015 at 11:36 PM
༼བློ་མཐུན་ཨ་ནུ་ལགས་སིག་ཆོས་ལུགས་དུས་རབས་སྤྱི་ལོ་་༢༤༦༩ཟེར་བ་དེ་གང་འདྲ་རེད་འབྲི་ནོར་ཤོར་བ་མིན་ནམ།༽ དྲན་གསོ་བཏང་བར་ཐུགས་རྗེ་ཆེ། བྲིས་ནོར་བྱས་འདུག སྤྱི་ལོ ༡༤༦༩ རེད་ལགས།
ཀརྡོ་ལགས། གར་ལོག་གི་ས་ཆའི་ཁྱབ་ཁོངས་རྒྱས་བ་ཞིག་མ་འོངས་བར་་ལྷོད་ལྷོད་བྱས་ནས་བྲིས་ཆོག
གྲོགས་ཨ་ནུ་ལགས་བཀའ་དྲིན་ཆེ།