རྡོ་དགོན་གསང་བདག་རྡོ་རྗེ། (རོང་བོ་ཐང་དཀར་གྱིས་འོས་སྦྱོར་བྱས།)
སྐད་ཡིག་གང་འདྲ་ཞིག་ཡིན་རུང་དུས་གསུམ་གྱི་རྣམ་གཞག་ནི་ཤིན་ཏུ་གལ་ཆེར་འཛིན་པ་ལྟར་རང་རེ་བོད་ཀྱི་སྐད་ཡིག་ལའང་ཕྲད་རྣམ་དབྱེ་དང་དུས་གསུམ་སོགས་ཀྱི་རྣམ་གཞག་ཁ་གསལ་ལ་ཆ་ཚང་བ་ཞིག་ཡོད་ལ་སློབ་གྲྭ་འབྲིང་བའི་སྐབས་སུ་སུམ་རྟགས་དག་གསུམ་ཅུང་ཆ་ཚང་བ་ཞིག་སློབ་ཁྲིད་བྱེད་བཞིན་ཡོད་པ་མ་ཟད། བོད་ཡིག་ཆེད་ལས་སློབ་ཆེན་ལྟ་བུར་མཚོན་ན་སློབ་ཆེན་ལོ་རིམ་དང་པོའི་ནང་དུ་སླར་ཡང་སུམ་རྟགས་ཞིབ་ཕྲ་སློབ་ཁྲིད་བྱེད་སྲོལ་ཡོད་པས་སློབ་ཆེན་སློབ་མ་ལྟ་ཅི་མཐོ་རིམ་སློབ་འབྲིང་ཐོན་པ་ཞིག་ཡིན་ནའང་དུས་གསུམ་གྱི་རྣམ་གཞག་ཤོད་རྒྱུ་མེད་པ་མི་སྲིད། འོན་ཏེ་ལག་ལེན་གྱི་ཁྲོད་དུ་ནི་བོད་ཡིག་ཆེད་ལས་སློབ་ཆེན་ཐོན་པ་མང་པོ་ཞིག་གིས་ཀྱང་ནོར་འཁྲུལ་ཅན་མང་པོ་ཞིག་བྲིས་དང་འབྲི་བཞིན་པ་ནི་ཚགས་དཔར་དང་དུས་དེབ། རྒྱང་བསྒྲགས། བརྙན་འཕྲིན་སོགས་ལས་རྟག་ཏུ་མཐོང་རྒྱུ་དང་ཐོས་རྒྱུ་འདུག་ལ། ལ་དོན་དང་འབྲེལ་སྒྲ་སྦྱོར་ཚུལ་མ་དག་པའང་མང་དག་ཅིག་ཐོན་པ་ནི་བོད་ཀྱི་སྐད་ཡིག་གི་ཕྲད་རྣམ་དབྱེ་དང་། དུས་གསུམ་བྱ་བྱེད་སོགས་ཀྱི་བརྗོད་པ་གསལ་ཞིང་བཙན་པའི་རང་བཞིན་ཉམས་དམས་སུ་འགྲོ་བའི་ཉེན་ཁའི་རང་བཞིན་ལ་བརྟེན་འདིར་བརྗོད་ཚུལ་སྐྱོན་ཅན་གང་དང་གང་ཐོན་པ་དང་། དེ་དག་ཡོ་བསྲང་ཇི་ལྟར་བྱེད་དགོས་ཚུལ་བཅས་ཅུང་ཟད་གླེང་ན།
དང་པོ། བྱ་ཚིག་གི་སྐོར།
དུས་ད་ལྟ་བའི་བྱ་ཚིག་ལ་མ་འོངས་པའི་བྱ་ཚིག་སྦྱར་བ་དང་། བྱེད་པ་པོ་ལ་ལས་ཀྱི་ཚིག་སྦྱར་བ་དཔེར་ན། 1. ཁོང་ལ་མི་མང་པོས་དགའ་མོས་བྱ་གི་འདུག ཁོང་ལས་ཀ་བྱ་བཞིན་ཡོད་འདུག ཁོང་སློབ་སྦྱོང་བྱ་བཞིན་ཡོད་པ་རེད་ལྟ་བུ་ད་ལྟ་བ་ལ་“བྱེད་”སྦྱོར་དགོས་པ་ལ་དེ་མ་སྦྱར་བར་བྱ་ཞེས་སྦྱར་བ་དང་། ཡང་དཔེར་ན། ཁོང་ལ་སྐྱོན་བརྗོད་བྱ་མཁན་མང་པོ་འདུག་ལྟ་བུ་དང་། མདའ་བརྒྱབ་མཁན་དེ་ཀོང་པོ་བ་རེད་ལྟ་བུ་བརྗོད་པ་ནི་“མཁན་”ཞེས་པ་བདག་སྒྲའམ་བྱེད་པ་པོ་སྟོན་བྱེད་ཀྱི་ཚིག་ཡིན་པ་མ་ཤེས་པའི་སྐྱོན་དང་། 2.བྱ་བ་འདས་པ་ཡིན་པ་ལ་བྱེད་ཚིག་ད་ལྟ་བ་སྦྱར་བ་ནི། རྨང་གཞི་ལེགས་པོ་འདིང་བ་རེད། བསམ་འཆར་འདོན་སོང་། འཆར་གཞི་འགོད་པ་རེད། ངས་ཚུར་ལེན་པ་ཡིན་ལྟ་བུ་དང་། རྨང་གཞི་འདིང་ནས། བསམ་འཆར་འདོན་ནས། མ་རྩ་འཇོག་ནས། ཡར་རྒྱས་གཏོང་ནས་ཞེས་སོགས་དུས་གསུམ་བྱ་བྱེད་ཀྱི་ཚིག་ནོར་འཁྲུལ་ཅན་འདི་ལྟ་བུའང་ཡང་ཡང་མཐོང་རྒྱུ་ཡོད་པ་ནི་སྔ་ཕྱིའི་ཚིག་གྲོགས་ཀྱི་གོ་དོན་ལ་བསམ་བློ་མ་བཏང་བའི་སྐྱོན་ཡང་ཡིན་སྲིད་པས་དེ་དག་ནོར་བཅོས་བྱས་ན་འདི་ལྟར་ཏེ། (1)ཁོང་ལ་མི་མང་པོས་དགའ་མོས་བྱ་གི་ཡོད་འདུག་ཅེས་པ་དེ། ཁོང་ལ་མི་མང་པོས་དགའ་མོས་བྱེད་ཀྱི་(ཀྱིན་)ཡོད་འདུག་ཅེས་པར་བཅོས་དགོས་ཏེ། གི་ཡོད། ཀྱིན་ཡོད་ལྟ་བུ་ནི་རྣམ་པ་ཀུན་ཏུ་བྱེད་ཚིག་ད་ལྟ་བའི་རྗེས་སུ་འཇུག་པ་དང་“བྱ་”ཞེས་པ་ནི། དགག་བྱ། གདབ་བྱ། བསྒྲུབ་བྱ་ལྟ་བུ་དང་། བསྒྲུབ་པར་བྱ། གདབ་པར་བྱ་ལྟ་བུ་ལས་དང་དུས་མ་འོངས་པར་མ་གཏོགས་བྱེད་པ་པོ་དང་། དུས་ད་ལྟ་བར་རྩ་བ་ནས་འཇུག་པ་མ་ཡིན་པས་“བྱ་”དང་“གི་ཡོད་”མཉམ་དུ་སྦྱར་བ་ནི་བཞད་གད་ཀྱི་ཡུལ་དུ་གྱུར་པའོ།།
ཁོང་སློབ་སྦྱོང་བྱ་བཞིན་ཡོད་འདུག་ལྟ་བུ་“བྱ་”དང་“བཞིན་”མཉམ་དུ་འཇུག་ཐབས་ཀྱང་ཡེ་ནས་མེད་པ་སྟེ། “བཞིན་” ཞེས་པའི་སྒྲ་འདི་མཚུངས་པ་གསལ་བྱེད་དང་། གདོང་གི་མིང་དང་། ད་ལྟ་བ་གསལ་བྱེད་བཅས་དོན་གསུམ་ལ་འཇུག་པ་ལས་སྐབས་འདིར་བྱ་ཚིག་གི་རྗེས་སུ་ཞུགས་པ་ཡིན་པས་ན་ད་ལྟ་བ་གསལ་བྱེད་ཁོ་ན་ཡིན་པ་དང་། “བྱ་” ཞེས་པ་ནི་གདབ་བྱའི་ཞིང་། འབྲི་བྱའི་ཡི་གེ་ལྟ་བུ་ལས་སམ་ཡུལ་དང་། གདབ་པར་བྱའོ་ལྟ་བུ་དུས་མ་འོངས་པར་མ་གཏོགས་ད་ལྟ་བར་ནམ་ཡང་མི་འཇུག་པས་བྱེད་བཞིན་ཡོད་པ། རྒྱག་བཞིན་ཡོད་པ། སྒྲུབ་བཞིན་ཡོད་པ། གཏོང་བཞིན་པ་ལྟ་བུ་བྱེད་ཚིག་ད་ལྟ་བ་དང་མཉམ་དུ་འཇུག་པ་ལས་བྱ་བཞིན་ཞེས་“བྱ་”དང“བཞིན་”མཉམ་དུ་ནམ་ཡང་མི་འཇུག་ལ་བཏབ་བཞིན་ཡོད་པ། བརྒྱབ་བཞིན་པ། བཏང་བཞིན་ལྟ་བུ་འདས་ཚིག་གི་རྗེས་སུའང་འཇུག་པ་མིན་པས་འདིའི་གནད་འགག་ཀྱང་མཁྱེན་པར་མཛོད་ཅིག (2)གོང་དུ་“རྨང་གཞི་ལེགས་པོ་འདིང་བ་རེད་”ཅེས་སོགས་འདས་པ་སྟོན་བྱེད་དུ་ད་ལྟ་བའི་ཚིག་སྦྱར་བའི་ནོར་འཁྲུལ་དེ་དག་ཇི་ལྟར་བྱུང་བ་ཡིན་ཅེ་ན་དེ་ནི། “འདིང་” “འདོན་” “འགོད་” “ལེན་”རྣམས་ད་ལྟ་བ་ཡིན་པ་དང་། “པ་རེད་”“སོང་”“བྱུང་”ལྟ་བུ་རྣམས་དང་། ལྷག་བཅས་ཀྱི་ཕྲད་བཅས་བྱ་ཚིག་གི་རྗེས་སུ་ཞུགས་ཕྱིན་བྱ་བ་དེ་འདས་པར་སྟོན་པ་ཡིན་ཀྱང་བྱ་ཚིག་དང་ཚིག་གྲོགས་ཀྱི་འབྲེལ་བ་ཡང་དག་པར་མ་རྟོགས་པའི་དབང་གིས་“བསམ་འཆར་འདོན་སོང་”ཞེས་བྱེད་ཚིག་ད་ལྟ་བ་སྟོན་བྱེད་“འདོན་”ཞེས་པའི་རྗེས་སུ་འདས་པ་སྟོན་བྱེད་ཀྱི་ཚིག་གྲོགས་“སོང་”ཞེས་སྦྱར་བས་བརྡ་སྤྲོད་ཀྱི་གཞུང་དང་མི་མཐུན་པའི་ཚིག་སྦྱོར་ཡ་མ་གཟུགས་དེ་ལྟ་བུ་བྱུང་བ་ཡིན། དེས་ན་གོང་གསལ་རྣམས་དག་བཅོས་ཀྱི་དཔེར་བརྗོད་ནི། རྨང་གཞི་བཏིང་བ་རེད། བསམ་འཆར་བཏོན་སོང་། འཆར་གཞི་བཀོད་པ་རེད། ངས་ཚུར་བསླངས་པ་ཡིན་ལྟ་བུ་དང་། ལྷག་བཅས་ཀྱི་ཕྲད་ཏེ་དེ་སྟེ་གསུམ་དང་ནས་སྒྲ་བཅས་ཞུགས་ཕྱིན་བྱ་བ་སྔ་མ་དེ་འདས་ཟིན་པ་ཡིན་ཏེ། ཡི་གེ་བྲིས་ཏེ། བསམ་འཆར་བཏོན་ཏེ། ཞིང་ཁ་བཏབ་སྟེ། མདའ་འཕངས་ཏེ། ཡར་ལངས་ནས། མགོ་བོ་བཏེགས་ཏེ་ཞེས་པ་ལྟ་བུའོ། ། འོ་ན། གཏོང་ལེན་བྱས། ཕར་སྤྲོད་ཚུར་ལེན་བྱས། འཆར་འགོད་བྱས། བློ་འཛིན་བྱས་ཞེས་པ་ལ་སོགས་པ་རྣམས་འདས་པ་མ་ཡིན་ནམ་སྙམ་ན། བདེན་ཏེ་དེ་དག་འདས་པ་ཡིན་ལ་“ལེན་” “འཛིན་”སོགས་རྐྱང་པ་ཡིན་ན་ད་ལྟ་བ་སྟོན་བྱེད་ཀྱང་ཡིན་མོད། འོན་ཏེ་སྐབས་འདིར་“་བློ་འཛིན་” “འཆར་འགོད་” ཅེས་སོགས་བྱ་ཚིག་མིང་ཅན་དུ་གྱུར་པའི་མཐར་“བྱ་”ཞེས་པའི་བྱ་ཚིག་སྤྱི་འཇུག་ཅིག་སྦྱར་ཏེ་བྱ་བ་ཞིག་འདས་པར་སྟོན་པ་ཡིན། དེས་ན་མ་རྩ་བཏོན་པ་རེད་ལྟ་བུ་ལ། མ་རྩ་མཁོ་འདོན་བྱས་པ་རེད་ལྟ་བུ་དང་། རྩིས་བསླངས་པ་རེད་ལྟ་བུ་ལ། རྩིས་ལེན་བྱས་པ་རེད་ལྟ་བུ། ངོས་བཟུང་བ་རེད་ལྟ་བུ་ལ། ངོས་འཛིན་བྱས་པ་རེད་ཅེས་པ་ལ་སོགས་པ་རྣམས་དོན་ལ་ཁྱད་པར་མེད་པས་ཡིག་རྩོམ་གྱི་ནང་དུ་ཚིག་གི་འདེགས་འཇོག་དང་། ངལ་གསོ་འམ་གཅོད་མཚམས་བདེ་ཁྱད་དང་། ཡི་གེ་མང་ཉུང་གི་དགོས་པ་སོགས་ལ་གཞིགས་ཏེ་གང་བདེར་སྦྱར་ཆོག་གོ འོན་ཏེ་བྱ་ཚིག་སྤྱིར་འཇུག་པའི་“བྱས་”ཞེས་པ་འདི་ཁོ་ནས་འདས་པར་གྲུབ་པ་ལས་གཏོང་ལེན། མཁོ་འདོན། རྩིས་ལེན་ལྟ་བུ་རྐྱང་པས་ནི་མིང་ཙམ་ལས་དུས་གསུམ་གྱི་དོན་སྟོན་མི་ནུས་པར་འདིའི་དུས་གསུམ་གྱི་སྟོན་ཚུལ་ནི་ཚིག་གྲོགས་ཁོ་ན་ལ་བལྟོས་པ་ཡིན་ཏེ། གཏོང་ལེན་བྱས་པ་ཞེས་པས་འདས་པ་དང་། གཏོང་ལེན་བྱེད་བཞིན་ཡོད་པ་ཞེས་པས་ད་ལྟ་བ་དང་། གཏོང་ལེན་བྱ་རྒྱུ་ཡིན་པ་ཞེས་པས་མ་འོངས་པ་དང་། གཏོང་ལེན་བྱེད་དགོས་ཞེས་པས་སྐུལ་ཚིག་སྟེ་འདིའི་གནད་ཀྱང་མཁྱེན་དགོས་པ་གལ་ཆེའོ།།
གཉིས་པ། ལ་དོན་གྱི་སྐོར།
ལ་དོན་གྱི་ཕྲད་ཡིག་འབྲུ་བདུན་པོ་ནི་1.བྱ་བའི་ཡུལ་ལ་བྱ་བ་བྱས་པ་ཙམ་སྟོན་པའི་རྣམ་དབྱེ་གཉིས་པ་ལས་སུ་བྱ་བ་སྟེ་ཤིང་ལ་སྟ་རེ་བཞུས། ཆུ་ལ་ཟམ་པ་བཙུགས་ལྟ་བུ་དང་། 2. བྱ་བ་གང་ཞིག་བྱེད་པའི་དགོས་པ་གཙོ་བོར་སྟོན་པའི་རྣམ་དབྱེ་བཞི་པ་སྟེ་དཔེར་ན། ནད་གསོ་བར་སྨན་བཏང་། དགྲ་གསོད་དུ་མཚོན་ཐོགས་ལྟ་བུ་དང་། 3. དངོས་པོ་གང་ཞིག་གང་དུ་གནས་པའམ་ཡོད་པའི་དོན་སྟོན་པའི་རྣམ་དབྱེ་བདུན་པ་གནས་གཞི་སྟེ། བོད་ལྗོངས་སུ་གཏེར་རྫས་མང་ལྟ་བུ། 4. བྱ་ལས་ངོ་བོ་གཅིག་ཏུ་སྟོན་པའི་དེ་ཉིད་དེ་དཔེར་ན། དཔྱིད་དཔལ་རབ་ཏུ་བཞད་ལྟ་བུ། 5.དུས་ཚོད་གཙོ་བོར་སྟོན་པའི་ཚེ་སྐབས་ཏེ་དཔེར་ན། ཆུ་ཚོད་བརྒྱད་པར་སློབ་གྲྭ་ཚུགས་ལྟ་བུ་སྟེ་ལ་དོན་གྱི་དོན་སྟོན་ཚུལ་དེ་ལྔ་པོ་ལས་མ་འདས་ཤིང་། དེ་དག་ཀྱང་སློབ་གྲྭ་འབྲིང་བའི་སྐབས་ནས་ཅུང་ཆ་ཚང་ཙམ་སློབ་ཁྲིད་ཟིན་པ་ཡིན་པས་མཐོ་རིམ་སློབ་འབྲིང་ཐོན་པའི་བོད་ཡིག་འཛིན་གྲྭའི་སློབ་ཕྲུག་ཅིག་གི་ངོས་ནས་བཤད་ན་ལ་དོན་གྱི་ཕྲད་ཀྱི་དོན་སྟོན་ཚུལ་ཤེས་དགོས་ངེས་ཡིན་ཞིང་། བོད་ཡིག་ཆེད་ལས་པ་རྣམས་ཀྱི་ངོས་ནས་བཤད་ན་ལ་དོན་གྱི་དོན་སྟོན་ཚུལ་གསུང་རྒྱུ་མེད་པ་ནི་མི་སྲིད་པ་ཙམ་ཡིན་མོད། འོན་ཀྱང་དེང་དུས་ཀྱི་ཡིག་རྩོམ་ཐོག་སུམ་ཅུ་པ་ལས་བཤད་པའི་ལ་དོན་གྱི་ཕྲད་སྦྱོར་ཚུལ་དང་། དོན་སྟོན་ཚུལ་དང་མི་འདྲ་བ་མང་པོ་ཞིག་མཐོང་རྒྱུ་ཡོད་པས་དེ་དག་ཡོ་བསྲང་ཡོང་རེས་དཔེར་བརྗོད་འགའ་ཞིག་བརྗོད་རྒྱུ་གཤམ་གསལ།
1. འགའ་ཞིག་གི་རྩོམ་ཡིག་གི་ནང་དུ་“ལྟར་དུ་”ཞེས་བྲིས་པ་དཔེར་ན། “དྭངས་གཙང་ཆུ་མིག་ལྟར་དུ་”ཞེས་བྲིས་པ་ནི་བརྗོད་མི་བདེ་ལ་ཉན་མི་སྤྲོ་བའི་“ལ་”དོན་ཉིས་བརྩེགས་ཤིག་ཡིན་ཏེ། “ལྟར་”ཞེས་པ་ནི་“ལྟ་བུར་”ཞེས་པའི་མིང་མཐའི་“བུ་”བསྡུས་ཤིང་དེའི་མཐར་“་ལ་”དོན་གྱི་ཕྲད་“ར་” ཡིག་སྦྱར་བ་ཡིན་པ་དཔེར་ན། གངས་ལྟར་དཀར། ཉི་མ་ལྟར་གསལ་ལྟ་བུ་ཡིན་ཏེ་དེ་དག་གི་མཐར་ཡང་བསྐྱར་“་དུ་” ཞིག་སྦྱར་ནས་གངས་ལྟར་དུ་དཀར། ཉི་མ་ལྟར་དུ་གསལ་ཞེས་སོགས་བརྗོད་པ་ནི་“གངས་ལྟ་བུར་དུ་དཀར་” “ཉི་མ་ལྟ་བུ་རུ་དུ་གསལ་”ཞེས་པ་ལྟ་བུ་བརྗོད་པ་དང་ཁྱད་མེད་པས་དེ་ནི་ལ་དོན་ཉིས་བརྩེགས་ཡིན་པས་དེ་ལྟ་བུ་སྦྱོར་མི་རུང་ངོ་།།
2. ཡང་དཔེར་ན་“……ཞེས་བཀོད་ཡོད་པ་དེའི་ནང་དུ་འུ་ཅག་ལ་ཤེས་རྟོགས་མངོན་གསལ་ཡོང་ཐུབ་”ཅེས་པ་ནི་གཞུང་དོན་ལུང་དྲངས་པའི་དུམ་བུ་ཞིག་ཡིན་ཅིང་། དེའི་བརྗོད་དོན་ནམ་བསམ་དོན་ནི་གཞུང་དོན་དུམ་བུ་དེའི་ནང་ནས་ཀློག་པ་པོ་འུ་ཅག་ལ་ཤེས་རྟོགས་མངོན་གསལ་ཡོང་ཐུབ་ཅེས་བརྗོད་རྒྱུ་ཡིན་པས་དེ་ལ་འབྱུང་ཁུངས་ཀྱི་“ནས་”ལྟ་བུ་སྦྱོར་རུང་བ་ལས་“དུ་”ཞེས་པའི་ལ་དོན་འདི་སྦྱར་བའི་དགོས་པ་རྩ་བ་ནས་མེད་དོ།།
3. ཡང་འགའ་ཞིག་གིས་“རང་རྒྱལ་ནི་ཡ་གླིང་གི་དཀྱིལ་དུ་གཟེངས་སུ་མཐོ་བར་གྱུར་པའི་རྒྱལ་ཁབ་ཆེན་པོ་གཅིག་ཡིན་”ཅེས་བྲིས་འདུག་པ་འདིའི་ནང་གི་“གཟེངས་སུ་མཐོ་” ཞེས་པའི་ལ་དོན་གྱི་ཕྲད་“སུ་”དང་ཁྱད་ཚིག་མཐོ་ཞེས་པ་འཇུག་པ་མི་བདེ་བ་ཞིག་སྟེ། སྐབས་འདིའི་བརྗོད་དོན་ནམ་བསམ་བྱའི་དོན་དངོས་ནི། 1 “ཡ་གླིང་གི་རྒྱལ་ཁབ་མང་པོའི་དཀྱིལ་ནས་གཟེངས་སུ་ཐོན་པའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་” ཅེས་པ་སྟེ་རང་རྒྱལ་འདི་ཉིད་རྒྱལ་ཁབ་གཞན་ལས་ཁྱད་དུ་འཕགས་པའམ་འབུར་དུ་ཐོན་པ་ཞིག་ཡིན་པར་བརྗོད་འདོད་ཀྱང་གཟེངས་སུ་ཐོན་ཞེས་བྱ་ཚིག་མ་སྦྱར་བར་སྡུར་བའི་ཁྱད་ཚིག་“མཐོ་”ཞེས་པ་སྦྱར་བས་“གཟེངས་སུ་”ཞེས་པའི་“སུ་” དེ་གང་ཟག་གི་“སུ་”ཞེས་པར་འཁྲུལ་སྲིད་པའང་ཡིན། གཟེངས་སུ་མཐོ། མངའ་ཐང་སུ་ཆེ་ཞེས་དྲི་བ་ལྟ་བུར་གྱུར་པའོ།།
4. ཡང་འགའ་ཞིག་ཏུ་“ང་ཚོའི་སེམས་ཐག་ཉེ་རུ་ཡོང་རྒྱུ་རེད་”ཅེས་བྲིས་པའང་མི་འཇུག་སྟེ། ཉེ་རུ། རིང་དུ། མང་དུ། ཉུང་དུ་ལྟ་བུ་སྡུར་བའི་ཚིག་སྟེ་དེ་དག་གི་མཐར་སོང་། ཕྱིན། འགྲོ་ལྟ་བུ་སྦྱར་ནས་བྱ་དངོས་འཕེལ་བའམ་ཉམས་པའི་ཁྱད་པར་སྟོན་པ་སྟེ། ཉེ་རུ་ཕྱིན། རིང་དུ་ཕྱིན། མང་དུ་སོང་། ཉུང་དུ་སོང་ལྟ་བུ་ལས། ཉེ་རུ་ཡོང་ལྟ་བུ་ནི་བརྗོད་སྲོལ་མེད་ལ་བརྗོད་ཀྱང་མི་བདེ་བ་ཡིན།
5.ཡང་རྩོམ་ཡིག་འགར་“མོའི་རེ་བའི་བློ་ཐག་བར་དུ་ཆད་ནས་”ཞེས་བྲིས་འདུག་པ་འདིའི་བསམ་དོན་ནམ་བརྗོད་རྒྱུའི་དོན་དངོས་ནི་“མོ་རེ་ཐག་ཆོད་ནས་”སམ་“མོ་རེ་བ་ཟད་ནས་”ཞེས་པ་ལྟ་བུ་བརྗོད་རྒྱུ་ཡིན་ཀྱང་ཚིག་རྙོག་མང་པོ་ཞིག་བྲིས་པར་བརྟེན་མོ་རེ་ཐག་ཆོད་ནས་ཟེར་རྒྱུ་ཡིན་ནམ། མོ་ལ་བར་ཆད་བྱུང་བ་ཟེར་རྒྱུ་ཡིན་ནམ་སྙམ་པའི་ཐེ་ཚོམ་སྐྱེ་སྲིད་ལ། བར་ཆད་བྱུང་ལྟ་བུ་བརྗོད་རྒྱུ་ཡིན་ན་“བར་དུ་ཆད་”ཅེས་པའི་ལ་དོན་མི་སྦྱོར་བ་དང་། བར་མཚམས་ཆད་ཅེས་བརྗོད་རྒྱུ་ཡིན་ན་ནི་ལ་དོན་དེ་བས་མི་འཇུག་པས་འབྲེལ་མེད་དུ་སོང་བའོ།།
གསུམ་པ། འབྲེལ་སྒྲའི་སྐོར།
སྐད་ཡིག་གཞན་གྱི་ཤན་ཞུགས་པའི་དབང་གིས་འབྲེལ་སྒྲ་དགོས་ངེས་ལ་མ་སྦྱར་བའི་རྐྱེན་གྱིས་བརྗོད་མི་བདེ་ལ་བརྗོད་དོན་ལ་ཐེ་ཚོམ་སྐྱེ་བའང་ཡང་ཡང་མཐོང་རྒྱུ་ཡོད་དེ་དཔེར་ན། བོད་ཡིག་གི་ཐོག་ནས་བརྩམས་པ། སྤྱི་ཚོགས་ཀྱི་འཚོ་བ་མཚོན་པ་ཟེར་རྒྱུ་ལ་“བོད་ཡིག་ཐོག་ནས་བརྩམས་པ་” “སྤྱི་ཚོགས་འཚོ་བ་མཚོན་པ་”ལྟ་བུ་དང་“རང་རེའི་ཚན་པ་” ཟེར་རྒྱུ་ལ་རང་ཚན་པ་ཟེར་བ་ལྟ་བུ་སྤྱི་ཚོགས་དང་འཚོ་བའི་བར་གྱི་དྲུག་སྒྲ་དང་། རང་རེ་དང་ཚན་པའི་བར་གྱི་དྲུག་སྒྲ་བསྡུས་པས་འཇུག་པ་མི་བདེ་བའི་ཁར་གོ་དོན་ལའང་འཁྲུལ་པ་སྐྱེ་བ་ཞིག་བྱུང་བ་འདི་ལྟ་བུ་ནི་བོད་ཀྱི་བརྡ་སྤྲོད་ཀྱི་གཞུང་ལ་སྦྱངས་པ་ཆུང་བ་འམ་གོ་བ་གཏིང་ཟབ་མ་ལོན་པའི་སྐྱོན་ཡང་ཡིན་པས་འདིར་མིང་གཉིས་ཀྱི་བར་ཏུ་རྣམ་དབྱེ་དྲུག་པ་འབྲེལ་སྒྲའི་ཕྲད་ཐོབ་ཚུལ་ཤིན་ཏུ་བསྡུས་པའི་སྒོ་ནས་བརྗོད་པར་བྱའོ།།
འབྲེལ་སྒྲའི་ཕྲད་གི་ཀྱི་གྱི་འི་ཡི་ལྔ་པོ་དེ་ནི་མིང་སྔ་ཕྱི་གཉིས་ཀྱི་བར་དུ་སྦྱར་ནས་བདག་པོ་དང་རྫས། བརྟེན་དང་རྟེན་པ། ཡན་ལག་དང་ཡན་ལག་ཅན། ཁྱད་གཞི་ཁྱད་ཆོས་སོགས་ཀྱི་འབྲེལ་བ་སྟོན་བྱེད་ཀྱི་ཕྲད་ཡིན་པས་འབྲེལ་སྒྲ་ཞེས་བརྗོད། དེ་ཡང་དོན་གྱི་ངོ་བོ་སྟོན་པ་མིང་དང་དེ་ཡི་དབྱེ་བ་སྟོན་པ་ཚིག་ཡིན་པས་ཚིག་ཏུ་གྲུབ་པ་ལ་མིང་སྔ་ཕྱི་གཉིས་ཀྱི་བར་དུ་ཕྲད་སྦྱར་མི་དགོས་པར་ཚིག་ཏུ་གྲུབ་པའི་རིགས་གཅིག་དང་། མིང་སྔ་ཕྱི་གཉིས་ཀྱི་བར་དུ་ཕྲད་མ་སྦྱར་ན་ཚིག་ཏུ་གྲུབ་མི་ཐུབ་པའི་རིགས་གཅིག་སྟེ་གཉིས་ཡོད་པ་དང་། དེ་གཉིས་ཀྱི་དབྱེ་བ་ཤེས་པ་ལ་ཐོག་མར་མིང་གི་དབྱེ་བ་ཤེས་དགོས་ཏེ་མིང་རྐྱང་ལ་ཁྱད་གཞི་སྟོན་པའི་མིང་རྐྱང་དང་ཁྱད་ཆོས་སྟོན་པའི་མིང་རྐྱང་སྟེ་དབྱེ་བ་གཉིས་ཡོད་པ་ཤེས་དགོས་པ་དཔེར་ན། རི། ཆུ། ས། རྟ། ཁང་པ། མེ་ཏོག སྐྱེས་ཚལ། ལྗོན་ཤིང་ལྟ་བུ་རྣམས་ནི་ཁྱད་གཞི་སྟོན་པའི་མིང་རྐྱང་དང་། སེར་པོ། མཐོ་པོ། དགའ་པོ། མཛེས་པོ། ངན་པ་ལྟ་བུ་རྣམས་ནི་ཁྱད་ཆོས་སྟོན་པའི་མིང་རྐྱང་ཡིན། དེས་ན་མིང་སྔ་ཕྱི་གཉིས་འདུས་པ་གང་ཞིག མིང་གཉིས་ཀྱི་བར་དུ་ཕྲད་རྣམ་དབྱེ་མ་སྦྱར་བར་ཚིག་ཏུ་གྲུབ་པ་ནི་དཔེར་ན། རི་མཐོ་པོ། ཆུ་ཆེན་པོ། རྟ་བཟང་པོ་ལྟ་བུ་སྟེ་དཔེར་བརྗོད་འདི་ཚོའི་ནང་གི་རི། ཆུ། རྟ་བཅས་ནི་ཁྱད་གཞི་སྟོན་པའི་མིང་དང་། མཐོ་པོ། ཆེན་པོ། བཟང་པོ་རྣམས་ནི་ཁྱད་ཆོས་སྟོན་པའི་མིང་ཡིན་པས་ཁྱད་གཞི་སྟོན་པའི་མིང་དང་ཁྱད་ཆོས་སྟོན་པའི་མིང་གི་བར་དུ་ཕྲད་མ་སྦྱར་བར་ཚིག་ཏུ་གྲུབ་པ་སྟེ་ཁྱད་གཞི་དངོས་པོ་གང་ཡང་རུང་བའི་ཁྱད་ཆོས་བཟང་ངན་ཅི་རིགས་པ་སྟོན་ནུས་པས་སོ། མིང་སྔ་ཕྱི་གཉིས་ཀྱི་བར་དུ་ཕྲད་མ་ཞུགས་པར་ཚིག་ཏུ་གྲུབ་མི་ཐུབ་པ་ནི་རྟ་རྐང་པ། མི་འཚོ་བ། ང་ཕྲུ་གུ རང་ཚན་པ་ལྟ་བུ་སྟེ། རྟ་དང་རྐང་པ། མི་དང་འཚོ་བ། ང་དང་ཕྲུ་གུ རང་དང་ཚན་པ་སོགས་ནི་མིང་སྔ་ཕྱི་གཉིས་ཀ་ཁྱད་གཞི་སྟོན་པའི་མིང་ཡིན་པས་དེ་གཉིས་ཀྱི་བར་དུ་ཕྲད་མ་ཞུགས་པར་ཚིག་ཏུ་གྲུབ་མི་ཐུབ། གལ་ཏེ་ཆོས་ཅན་བརྗོད་པའི་མིང་རྐྱང་གཉིས་ཚིག་ཏུ་གྲུབ་པ་བྱེད་དགོས་ན་དེ་གཉིས་བར་དུ་ཕྲད་ངེས་པར་དུ་ཞུགས་དགོས་ཏེ་དཔེར་ན། རྟ་ཡི་རྐང་པ། མིའི་འཚོ་བ། ངའི་ཕྲུ་གུ། རང་རེའི་ཚན་པ། སྤྱི་ཚོགས་ཀྱི་འཚོ་བ་ལྟ་བུའོ། འོ་ན་ཉི་མའི་འོད་ཟེར་ལ་ཉི་འོད་དང་། ཤིང་གི་ལོ་མ་ལ་ཤིང་ལོ། མཚོ་ཡི་རྦ་རླབས་ལ་མཚོ་རླབས་ཞེས་སོགས་བརྗོད་པའི་ཚེ་མཚོ་དང་རླབས། ཉི་དང་འོད། ཤིང་དང་ལོ་སོགས་ཀྱི་བར་དུ་རྣམ་དབྱེ་དྲུག་པ་འབྲེལ་སྒྲའི་ཕྲད་ཞུགས་མེད་ཀྱང་བརྗོད་དུ་རུང་ལ་ཚིག་ཏུ་གྲུབ་པ་མ་ཡིན་ནམ་སྙམ་ན། བདེན་ཏེ། དེ་དག་ནི་བརྗོད་དུ་རུང་ལ་ཚིག་ཏུ་གྲུབ་པ་ཡིན་མོད། འོན་ཏེ་གོང་དུ་བརྗོད་པ་རྣམས་དང་ཤིན་ཏུ་མི་འདྲ་སྟེ། ཉི་འོད་ལྟ་བུར་མཚོན་ན་ཉི་མ་ཞེས་པའི་མིང་མཐའི་“མ་”དང་འོད་ཟེར་ཞེས་པའི་“ཟེར”བསྡུས་པའི་ཤུགས་ལས་རྣམ་དབྱེ་དྲུག་པའང་བསྡུས་པ་ཤིན་ཏུ་གསལ་བས་“ཉི་མའི་འོད་ཟེར་”ཞེས་པ་ཁོ་ན་ལས་དོན་གཞན་དུ་འཁྲུལ་གཞི་རྩ་བ་ནས་མེད་པ་དང་། གལ་ཏེ་མིང་མཐའ་མ་བསྡུས་པར་“ཉི་མ་འོད་ཟེར་”ཞེས་བརྗོད་ན་གོ་དོན་གཞན་དུ་འགྱུར་བ་མ་ཟད། མིང་ཙམ་ཉིད་ལས་ཚིག་ཏུའང་མ་གྲུབ། གཞན་རྣམས་ཀྱང་འདི་དང་འདྲ་བས་གང་ཞིག་ལ་རྣམ་དབྱེ་བསྡུ་རུང་བ་དང་། གང་ཞིག་ལ་ངེས་པར་དུ་སྦྱོར་དགོས་པའི་གནད་འདི་ཤེས་པའང་གལ་ཆེའོ།།
བཞི་པ། ཞེ་སའི་སྐོར།
བོད་ཀྱི་སྐད་ཡིག་འདི་ནི་སྣོད་བཅུད་ཀྱི་བཀོད་པ་དང་རྣམ་པའི་གནས་སྐབས་ཇི་འདྲ་ཞིག་ཡིན་ཀྱང་ཞིབ་ཅིང་ཕྲ་བའི་སྒོ་ནས་བརྡ་སྤྲོད་ཐུབ་ངེས་ཀྱི་སྐད་ཡིག་ཅིག་ཡིན་ཏེ། བརྡ་སྤྲོད་ཀྱི་མཚོན་སྟོབས་དང་། བརྗོད་པ་བཙན་པ་སོགས་ཀྱི་ཁྱད་ཆོས་ལ་བསམ་ན་སྔོན་ཐོན་མི་རིགས་གཞན་གྱི་སྐད་ཡིག་ལས་ལྷག་པ་མེད་ནའང་ཞན་པ་ནི་མ་ཡིན་པ་སྐད་ཡིག་དུ་མར་མཁས་པའི་ཕྱི་རྒྱལ་གྱི་སྐད་ཡིག་རིག་པའི་མཁས་པ་དག་གིས་ཀྱང་ཁས་བླངས་ཟིན་པའི་དོན་དངོས་ཤིག་ཡིན། ལྷག་པར་དུ་སྐད་ཡིག་གཞན་ལས་ཁྱད་པར་དུ་འཕགས་པའི་ཁྱད་ཆོས་གཞན་ཞིག་ཡོད་པ་ནི་སྐད་ཡིག་གཞན་ལས་ཆེས་ཕུན་སུམ་ཚོགས་པའི་ཞེ་ས་ཡོད་པ་འདི་ཡིན། ཞེ་ས་ནི་གུས་ལུགས་ཤིག་ཡིན་པ་དང་། གོ་རིམ་ལྡན་པའི་གུས་ལུགས་ཡོད་པ་ནི་ཤེས་རིག་ཡར་ཐོན་གྱི་མི་རིགས་ཀྱི་མཚོན་རྟགས་ཤིག་ཡིན། ཡར་ཐོན་སྤྱི་ཚོགས་ཀྱི་ནང་དུ་རྙོག་འཛིང་ཆེ་བའི་གུས་ལུགས་བྱེད་ཚུལ་ཤིན་ཏུ་མང་ཡང་མདོར་བསྡུས་ན་ཡིད་ཀྱི་དད་པ་དང་། ལུས་ཀྱི་གུས་ཕྱག ངག་གི་ཞེ་ས་གསུམ་དུ་བསྡུ་རུང་བ་དང་། དེ་དག་ལས་ཀྱང་ཡིད་ཀྱི་དད་པ་ནི་མིག་གིས་མི་མཐོང་ལ་རྣ་བས་ཐོས་པའང་མིན་པས་མཐོང་རྒྱུ་དང་ཐོས་རྒྱུ་ཡོད་པའི་གུས་ལུགས་ནི་གཉིས་ཏེ་ལུས་ཀྱི་སྒོ་ནས་ཕྱག་བྱེད་པ་དང་། དམའ་ས་འཛིན་པ་སོགས་ནི་ལུས་ཀྱི་གུས་ལུགས་དང་། ངག་གི་སྒོ་ནས་ཞེ་སའི་ཚིག་གི་བརྗོད་པ་སྟེ་ངག་གི་གུས་ལུགས་སོ། དེ་ཡང་ལུས་ཀྱི་རྣམ་འགྱུར་བཟང་ངན་དང་། ངག་གི་ཚིག་སྦྱོར་སྙན་མི་སྙན་དང་། དོན་བཟང་ངན་སོགས་ལ་བརྟེན་ནས་ཉན་པ་པོར་བདེ་སྡུག་གི་ཚོར་བ་སྐྱེ་བ་ནི་ཆོས་ཉིད་ཡིན་པས་འཛུམ་པའི་བཞིན་གྱི་མདངས་ཕྱུང་སྟེ་ཚིག་འཇམ་ཞེ་ས་དང་བཅས་ཏེ་གཏམ་སྨྲ་བའི་ཚེ་ཉན་པ་པོར་བདེ་བའི་ཚོར་བ་སྐྱེ་ཞིང་སྤྲོ་བ་འཕེལ་བ་དང་། གུས་པ་མེད་པའི་སྤྱོད་ལམ་མམ་རྣམ་འགྱུར་དང་། ཞེ་ས་མེད་པའི་ཕལ་ཚིག་དང་ཚིག་རྩུབ་ལྟ་བུའི་ངང་གཏམ་སྨྲ་བ་ན་གང་སྨྲས་པའི་གཏམ་དེའི་བརྗོད་དོན་བཟང་ངན་ཇི་ལྟར་ཡང་ཉན་པ་པོར་སྤྲོ་བ་འཕེལ་དཀའ་སྟེ་བརྗོད་ཚུལ་ཙམ་གྱིས་ཕ་རོལ་པོར་མི་བདེ་བའི་ཚོར་བ་ཞིག་སྟེར་ཟིན་པའི་ཕྱིར། དེང་གི་དུས་སྐབས་འདིར་མི་རྣམས་ཀྱི་ཤེས་རིག་དང་དངོས་པོའི་འཚོ་བ་གོང་མཐོར་ཕྱིན་པའི་སྟོབས་ཀྱིས་བསམ་པའི་བྱང་ཚད་ཀྱང་གོང་མཐོར་འགྲོ་བཞིན་པར་བརྟེན་རང་ཉིད་ཡ་རབས་དང་ལྡན་པ་ཞིག་མཚོན་པར་བྱ་ཕྱིར་གཞན་ལ་གུས་ཞབས་དང་ཞེ་ས་བྱེད་མཁན་མང་པོ་ཞིག་ཡོད་ལ། རང་གི་ཡིད་ཀྱི་དད་པ་དང་རྗེས་སུ་འབྲེལ་ནས་གཞན་ལ་གུས་ཞབས་དང་ཞེ་ས་བྱེད་པའང་མང་པོ་ཞིག་ཡོད། འོན་ཀྱང་བར་སྐབས་དུས་ཡུན་རིང་པོ་ཞིག་ལ་གུས་ལུགས་དེ་དག་ཡོངས་སུ་དོར་ནས་ཞེ་ས་རྐང་ཆག་དང་། ཞེ་ས་གོ་ལྡོག ཞེ་ས་བྱ་ཚིག་ཉིས་བརྩེགས་བཅས་མང་པོ་ཞིག་ཐོན་བཞིན་པར་བརྟེན་འདིར་དེ་དག་ཡོ་བསྲང་ཡོང་ཆེད་ཅུང་ཙམ་གླེང་ན། དེ་ཡང་ཞེ་ས་ནི་གང་ཟག་ཕན་ཚུན་གུས་ཞབས་བྱེད་དགོས་པ་ལ་བརྟེན་ནས་བྱུང་བ་ཡིན་པས་གཙོ་བོ་མིའི་ལུས་ངག་གི་རྣམ་པའམ་འགུལ་སྐྱོད་དང་། གང་ཟག་སུ་རུང་དང་འབྲེལ་བའི་དངོས་པོ་ལ་བལྟོས་ནས་བྱུང་བ་ཡིན་པ་ལས་དངོས་པོ་བྱེ་བྲག་པ་ཞིག་གི་རིན་ཐང་ལ་བལྟོས་ནས་བྱུང་བ་མ་ཡིན་ཏེ་དཔེར་ན་སྤྲང་པོ་ཞིག་ལ་ཁྱི་ཤིན་ཏུ་ལེགས་པོ་ཞིག་ཡོད་ན་མི་རྣམས་ཀྱིས་དེ་ལ་བསྔགས་པ་བརྗོད་པའི་ཚེ་“སྤྲང་པོའི་ཁྱི་དེ་དེ་འདྲའི་ལེགས་པ་ལ་ཨང་”ཞེས་བརྗོད་པ་དང་། བླ་མ་ཞིག་ལ་ཁྱི་ཤིན་ཏུ་མདོག་ངན་པ་ཞིག་ཡོད་ན་མི་རྣམས་ཀྱིས་དེར་དམའ་འབེབས་བྱེད་པའི་ཚེ་ན་ཡང་“རིན་པོ་ཆེའི་གཟིམ་ཁྱི་དེ་དེ་འདྲའི་མདོག་ཉེས་པ་ལ་ཨང་”ཞེས་བརྗོད་པ་ཡིན་པས་གལ་ཏེ་གང་ཟག་གང་ཞིག་ལ་ཞེ་ས་བྱེད་དགོས་ན་དེའི་རྫས་རྣམས་ཀྱི་མིང་བརྗོད་པའི་སྐབས་རྫས་སོ་སོའི་ཞེ་ས་བརྗོད་དགོས་པ་ཡིན། དེས་ན་ཞེ་ས་བརྗོད་པ་ལའང་གཉིས་ཏེ་མིང་གི་ཞེ་ས་དང་། བྱ་ཚིག་གི་ཞེ་སའོ།།
གཅིག མིང་གི་ཞེ་ས། བདག་པོ་དང་འབྲེལ་བའི་རྫས་ཡིན་ཕྱིན་རྫས་དེ་དག་སོ་སོར་མིང་དེའི་ཞེ་ས་ཡོད་དེ། དབུ་ཞྭ། ཕྱག་སྨྱུག སྐུ་སྟོད། ཞལ་དཀར་ལྟ་བུ་རྣམས་ནི་རིམ་པ་བཞིན་དུ། ཞྭ་མོ། སྨྱུ་གུ། སྟོད་ཐུང་། དཀར་ཡོལ་ལྟ་བུའོ། འོན་ཀྱང་དེང་དུས་ཞེ་ས་རྐང་ཆག་བརྗོད་པ་སྟེ་དཔེར་ན། རྒན་ལགས་ཀྱིས་སྨྱུ་གུ་ཕྱག་ཏུ་བསྣམས་ནས་ལྟ་བུ་གཞན་རྣམས་ཞེ་སའི་ཐོག་བརྗོད་ཀྱང་སྨྱུ་གུར་ཞེ་ས་མ་སྤྱད་པ་ལྟ་བུ་ཡིན་པས་གལ་ཏེ་ཞེ་ས་བྱས་ན་ཆ་ཚང་བ་བྱེད་དགོས་སོ།།
གཉིས། བྱ་ཚིག་གི་ཞེ་ས། 1.གོང་དུ་བཤད་པ་ལྟར་ཞེ་ས་ནི་གང་ཟག་ལ་བལྟོས་ནས་བྱུང་བ་ཡིན་པས་མིའི་ལུས་ངག་གི་སྤྱོད་ལམ་དང་འབྲེལ་བའི་བྱ་ཚིག་ཕལ་མོ་ཆེར་བྱ་ཚིག་དེ་དག་རང་རང་གི་ཞེ་ས་ཡོད་པ་དཔེར་ན། བཀའ་མོལ་གསུངས་སོང་། ཡར་བཞེངས་སོང་། ཕར་ཕེབས་སོང་། མར་བཞུགས་སོང་ལྟ་བུ་སྟེ་སྐབས་འདིའི་“གསུངས་” “བཞེངས་” “ཕེབས་” “བཞུགས་” ཞེས་སོགས་ཀྱི་སྒྲ་དེ་ཉིད་ཞེ་ས་ཡིན་ལ་བྱ་ཚིག་ཀྱང་ཡིན་པས་དེ་རྣམས་ཀྱི་མཐར་“གནང་” ཞེས་པའི་ཡི་གེ་འདི་སྣོན་དགོས་དོན་མེད་ཀྱང་། དེང་སང་འགའ་ཞིག་གིས་བཀའ་མོལ་གསུངས་གནང་སོང་། ཡར་བཞེངས་གནང་སོང་ཞེས་སོགས་བརྗོད་པ་ནི་ཤིན་ཏུ་གོ་མི་བདེ་ཞིང་བརྡ་སྤྲོད་ཀྱི་གཞུང་དང་ཡང་འགལ་བ་སྟེ་སྐབས་འདིའི་གནང་ཞེས་པ་ནི་བྱ་ཚིག་སྤྱི་འཇུག་གི་ཞེ་ས་སྟེ། བྱ་བའི་ཡུལ་དང་འབྲེལ་བའི་བྱ་ཚིག་བཏབ། བཏང་། བཅད་ལྟ་བུ་བྱ་ཚིག་དེ་རང་གི་ཞེ་ས་ལོགས་སུ་མེད་པ་རྣམས་ཀྱི་རྗེས་སུ་འཇུག་པ་ལས་གསུངས། བཞེངས་ལྟ་བུ་བྱ་ཚིག་སོ་སོའི་ཞེ་ས་ཡོད་པ་རྣམས་ཀྱི་རྗེས་སུ་ཡང་བསྐྱར་ཞེ་ས་ཡིན་ལ་བྱ་ཚིག་ཀྱང་ཡིན་པ་ཞིག་བསྣན་པ་ནི་ཤིན་ཏུ་མི་མཛེས་ཤིང་བརྗོད་མི་བདེ་ལ་བརྡ་སྤྲོད་ཀྱི་གཞུང་ལའང་མི་སྲིད་པ་ཞིག་སྟེ་དཔེར་ན། གསུངས་པ་རེད། བཞེངས་པ་རེད་ཅེས་པ་ནི་རིམ་བཞིན་བཤད་པ་རེད་དང་། ལངས་པ་རེད་ཅེས་པའི་དོན་ཡིན་པ་དང་། “གནང་བ་རེད་”ཅེས་པ་ནི་སྐབས་འདིར་“་བྱས་པ་རེད་”ཅེས་པའི་དོན་ཡིན་པས་གལ་ཏེ་གསུངས་གནང་བ་རེད་ཅེས་བརྗོད་པ་ཡིན་ན་དེའི་དོན་ནི་བཤད་བྱས་པ་རེད་ལྟ་བུ་ཡིན་པས་དེ་ལྟ་བུ་བོད་སྐད་ལ་མེད་ལ་བརྡ་སྤྲོད་ཀྱི་གཞུང་ལའང་མེད་དོ། འོ་ན། གནང་། མཛད་ལྟ་བུའི་བྱ་ཚིག་སྤྱིའི་ཞེ་ས་འདི་གཉིས་སྦྱོར་ཚུལ་ཇི་ལྟར་ཡིན་ཅེ་ན། དེའི་འཇུག་ཡུལ་ནི་གཉིས་ཏེ། (1)ཕལ་སྐད་ཀྱི་སྐབས་ཀྱི་“བྱས་”ཞེས་པའི་དོད་དུ་འཇུག་པ་སྟེ་དཔེར་ན། དགེ་རྒན་བྱས་པ་རེད། ལས་ཀ་བྱས་པ་རེད་ལྟ་བུར། དགེ་རྒན་གནང་བ་རེད། ཕྱག་ལས་གནང་བ་རེད། སློབ་སྦྱོང་མཛད་པ་རེད་ལྟ་བུ་གནང་དང་མཛད་གཉིས་པོ་གང་རུང་སྦྱར་ཆོག་པ་སྟེ། འདིར་“བྱས་”ཞེས་པའི་དོན་ལ་འཇུག་པ་དང་། (2)མིའི་ལུས་ངག་གི་རྣམ་འགྱུར་དང་མ་འབྲེལ་བར་བྱ་བའི་ཡུལ་དང་འབྲེལ་བའི་བྱ་ཚིག་བཏབ། བཅད། བཏང་ལྟ་བུ་ཕལ་མོ་ཆེར་བྱ་ཚིག་བྱེ་བྲག་པ་དེ་རང་གི་ཞེ་ས་ཞིག་མེད་པས་ཞེ་ས་བྱ་ཡུལ་གྱི་གང་ཟག་ཅིག་གིས་“བཏབ། བཏང་། བཅད་”ལྟ་བུའི་བྱ་བ་ཞིག་བྱས་པར་སྟོན་དགོས་ཚེ་བཅད་དང་བཏབ་སོགས་ཀྱི་མཐར་མིང་མཐའི་པ་བ་གང་འོས་རེ་སྦྱར་བའི་རྗེས་སུ་“གནང་”ལྟ་བུ་སྦྱར་དགོས་པ་སྟེ། བཅད་པ་གནང་བ་རེད། བཏབ་པ་གནང་བ་རེད་ལྟ་བུའོ། གལ་ཏེ་མིང་མཐའི་“པ་”ལྟ་བུ་མ་སྦྱར་བར་ཐད་ཀར་“གནང་”ཞེས་པ་སྦྱར་ནས། བཅད་གནང་བ་རེད། བཏབ་གནང་བ་རེད་ཅེས་བརྗོད་ཚེ་བྱ་ཚིག་ཉིས་བརྩེགས་སུ་གྱུར་པ་སྟེ་བཅད་དང་བཏབ་གཉིས་ཀ་བྱ་ཚིག་ཡིན་པའི་སྟེང་དུ་ད་དུང་བྱ་ཚིག་གི་ཞེ་ས་“གནང་”ཞེས་སྦྱར་བས་སོ། འོ་ན་མིང་མཐའི་པ་ལྟ་བུ་སྦྱར་ནས་བྱ་ཚིག་ཉིས་བརྩེགས་སུ་མི་འགྱུར་བའི་རྒྱུ་མཚན་གང་ཡིན་ཞེ་ན། མིང་མཐའ་སྦྱར་བ་ཙམ་གྱིས་བྱ་ཚིག་མིང་ཅན་དུ་འགྱུར་བ་ཡིན་པས་དེའི་རྗེས་སུ་“གནང་”སྦྱར་བས་བྱ་ཚིག་ཉིས་བརྩེགས་སུ་མི་འགྱུར་རོ། གཞན་ཡང་གལ་ཏེ་ད་ལྟ་བ་ཡིན་ན། གཅོད་པ་གནང་གི་འདུག འདེབས་པ་གནང་གི་འདུག་ལྟ་བུ་སྦྱར་དགོས་པའང་མཁྱེན་པར་མཛོད་ཅིག
2.ཞུ། ཞུས། ཞུ་བ་བཅས་ཀྱི་སྐོར། (1)གང་ཟག་གསུམ་པ་དང་གཉིས་པ་གང་རུང་ལ་གུས་ཞབས་བྱེད་པའི་ཚེ་གང་ཟག་དང་པོ་དེས་རང་ཉིད་དམའ་ས་བཟུང་དགོས་པའི་དབང་གིས་རང་གི་བྱ་བ་ལ་“ཞུ་”དང་“ཞུས་”སྦྱར་དགོས་པ་དཔེར་ན། ངས་རྒན་ལགས་ཀྱི་ཞབས་ཕྱི་ཞུ་བཞིན་ཡོད། ལྟ་བུ་གཡོག་བྱེད་པའི་དོན་དང་། ང་མཆོད་ཆང་ཞུ་གི་མེད་ཅེས་པ་ལྟ་བུ་ནི་ང་ཆང་འཐུང་གི་མེད་ཅེས་པའི་དོན་ཏེ་ཆང་བླུག་མཁན་ལ་གུས་ཞབས་ཀྱི་ཚུལ་དུ་བརྗོད་པ་དང་། ཡང་དཔེར་ན། ང་རང་གིས་མ་འགྲིགས་པ་ལས་ཁོང་ལ་ཞུ་དགོས་མེད་ལྟ་བུ་སྟེ་སྐབས་འདིའི་“ཞུ་”ནི་“བཤད་”ཅེས་པའི་དོན་ཏེ་བཤད་དགོས་མེད་ཅེས་པ་དང་། དེའི་སྐོར་ཁོང་ལ་ཞུ་རྒྱུ་མ་བྱུང་ཞེས་པ་ནི་བཤད་རྒྱུ་མ་བྱུང་བའི་དོན་དང་། ཁོང་གི་ས་ནས་ཕྱག་དངུལ་ཞུ་རྒྱུ་མ་བྱུང་ལྟ་བུ་ནི་“་ལེན་རྒྱུ་མ་བྱུང་”ཞེས་པའི་དོན་ཡིན། (2)ཞུས་ཞེས་པ་ནི་དུས་ཀྱི་ཁྱད་པར་ཙམ་ལས་གོ་དོན་གོང་དང་མཚུངས་པ་སྟེ། ངས་ཞབས་ཕྱི་ཞུས་པ་ཡིན། ངས་མཆོད་ཆང་ཞུས་པ་ཡིན། དེའི་སྐོར་ཁོང་ལ་ཞུས་པ་ཡིན། ཁོང་གི་ས་ནས་ཕྱག་དངུལ་ཞུས་པ་ཡིན་ལྟ་བུ་རྣམས་ནི་འདས་པ་སྟེ་དེ་དག་གི་དོན་ནི་གོ་རིམ་བཞིན་དུ་གཡོག་པོ་རྒྱུགས་པ་ཡིན། ཆང་བཏུངས་པ་ཡིན། དེའི་སྐོར་ཁོང་ལ་བཤད་པ་ཡིན། དངུལ་བླངས་པ་ཡིན་ཅེས་སོ། ཡང་“ཞུས་”ཞེས་པ་མ་འོངས་པའི་བྱ་བ་ཞིག་སྒྲུབ་པར་ཁས་བླངས་པའི་དོན་ལ་འཇུག་པ་ནི་དཔེར་ན་ངས་ཞབས་ཕྱི་ཞུས་ཆོག ངས་ཕྱག་རོགས་ཞུས་ཆོག ངས་བཀའ་མོལ་ཞུས་ཆོག་ལྟ་བུའོ། ཡང་“་ཞུས་”ཞེས་པ་གོ་དོན་གཉིས་ལྡན་ཡིན་པ་ཁོར་ཡུག་དང་། གནས་སྟངས། སྔ་ཕྱིའི་ཚིག་གྲོགས་ལ་བརྟེན་ནས་གོ་བ་ལོན་དགོས་པ་ཡོད་དེ་དཔེར་ན། ངས་མཆོད་ཆང་ཞུས་ཆོག་ལྟ་བུའམ། མཆོད་ཆང་ངས་ཞུས་ཆོག་ལྟ་བུའི་སྐབས་སུ་ནི་ངས་ཆང་འཐུང་ཆོག་དང་། ངས་ཆང་བླུག་ཆོག་ལྟ་བུ་གཉིས་ཀར་གོ་བ་ཡིན་པས་དེ་ནི་ཁོར་ཡུག་དང་། གནས་སྟངས་སོགས་ལས་རྟོགས་དགོས་པ་ཡིན་ཏོ། (3)“ཞུ་བ་”དང་“ཞུ་གི་ཡོད་”གཉིས་པོ་ནི། ཟེར་བ་དང་། ཟེར་གྱི་ཡོད་ཅེས་པའི་དོན་ཏེ་དཔེར་ན། དགེ་འདུན་ཆོས་འཕེལ་ཞུ་བ་དེ་ནི་འགྲན་ཟླ་བྲལ་བའི་མཁས་པ་ཞིག་རེད་ལྟ་བུ་དང་། གཞན་ཡང་ཁོང་གི་མཚན་ལ་བཀྲ་ཤིས་ལགས་ཞུ་གི་ཡོད་ལྟ་བུ་མི་སྣ་ངོ་སྤྲོད་ལ་འཇུག་པ་དང་། ཁྱེད་ཀྱི་མཚན་ལ་གང་ཞུ་གི་ཡོད་དམ་ལྟ་བུ་གུས་ཞབས་དང་ལྡན་པའི་ཞེ་སའི་ཚིག་ཡིན། གལ་ཏེ་དེ་ལྟར་མ་བརྗོད་པར་ཁྱོད་རང་གི་མཚན་ལ་ག་རེ་ཟེར་གྱི་ཡོད་དམ་ཞེས་བརྗོད་ན་“མཚན་”ཞེས་པ་ཞེ་ས་དང་“ཟེར་”ཞེས་པ་ཕལ་སྐད་ཡིན་པས་ཞེ་ས་ཆ་མ་ཚང་བར་གྱུར་པ་སྟེ་འདི་ལྟ་བུར་“ཞེ་ས་རྐང་ཆག་”ཅེས་བརྗོད་པ་ཡིན། “ཞུ་”ཞེས་པ་འདི་ཡུལ་གང་ཟག་དང་པོ་རང་ཉིད་ལ་སྤྱོད་མི་རུང་བ་དཔེར་ན། ཁོང་གིས་ང་ལ་དེ་ལྟར་འགྲེལ་བརྗོད་ཞུས་གནང་བྱུང་”ཞེས་བརྗོད་པ་ལྟ་བུ་ནི་ཞེ་ས་ཕྱིན་ཅི་ལོག་པ་ཞིག་སྟེ་རང་གིས་རང་ལ་གུས་ཞབས་ཀྱི་ཚིག་བརྗོད་པ་ཞིག་ཡིན་པས་གཞན་གྱིས་རང་ལ་བྱ་བ་བྱས་པ་སྟེ་རང་བྱ་ཡུལ་དུ་གྱུར་པའི་སྐབས་སུ་“ཞུ་”ཞེས་པ་རྩ་བ་ནས་སྤྱོད་མི་རུང་“གནང་” ལྟ་བུ་སྦྱོར་དགོས་ཏེ་དཔེར་ན། “ཁོང་གིས་ང་ལ་དེ་ལྟར་འགྲེལ་བརྗོད་གནང་བྱུང་ལྟ་བུ་དང་། ཁོང་གིས་ང་ལ་བཀའ་གནང་བྱུང་། ཁོང་གིས་ང་ལ་གསུངས་བྱུང་ལྟ་བུ་སྦྱོར་དགོས་པ་དང་། གང་ཟག་གཉིས་པ་དང་གསུམ་པའི་སྐོར་ཤོད་སྐབས་“ཞུ་”ཞེས་པ་སྦྱར་ཆོག་པ་སྟེ། དཔེར་ན། བཀྲ་ཤིས་ལགས་ཀྱིས་ཁོང་ལ་དེ་ལྟར་ཞུ་བ་གནང་སོང་། ཁྱེད་ལ་ཁོང་གིས་དེ་ལྟར་ཞུ་བ་གནང་སོང་ལྟ་བུའོ།།
3.སྐུལ་ཚིག་གི་སྐོར། ཡིག་རྩོམ་ཐོག་གི་སྐུལ་ཚིག་ནི་སུམ་ཅུ་པ་ལས་ཅིག ཞིག ཤིག་གསུམ་དང་། དང་སྒྲ་བཅས་བཞིར་བསྟན་ཀྱང་ཁ་སྐད་ཀྱི་སྐབས་སུ་ནི་“ཕར་རྒྱུགས་ཤིག་”ལྟ་བུ་གཞན་ལ་བཀའ་འབེབས་པ་ལྟ་བུ་རེ་ཟུང་ལས་གཞན་ཕལ་མོ་ཆེར་“དང་”སྒྲ་འབའ་ཞིག་སྦྱོར་བ་དཔེར་ན། སྐད་ཆ་ཤོད་དང་། ཡི་གེ་བྲིས་དང་། ཡར་ཤོག་དང་ཞེས་པ་ལྟ་བུ་ཡིན་ཀྱང་ཞེ་སའི་སྐབས་སུ་ནི་“དང་”སྒྲའི་སྟེང་དུ་ད་དུང་“རོགས་གནང་” “གནང་དགོས་”གཉིས་བསྣན་པས་གསུམ་དང་། ད་དུང་གཞན་ལ་བཀའ་འབེབས་པ་ལྟ་བུར་སྤྱོད་པའི་“ཤིག་”བཅས་བཞི་སྟེ་དེ་དག་གི་སྦྱོར་ཚུལ་ནི།
1.“དང་”ཞེས་པའི་སྦྱོར་ཚུལ། (1)གསུངས། ཕེབས། བཞེངས་ལྟ་བུ་བྱེད་པ་པོའི་ལུས་ངག་དང་འབྲེལ་བའི་བྱ་ཚིག་སོ་སོར་ཞེ་ས་རེ་ཡོད་པ་དེ་དག་གི་མཐར་ཐད་ཀར་“དང་”སྒྲ་རེ་སྦྱར་བས་སྐུལ་ཚིག་གི་ཞེ་སར་འགྱུར་བ་ཡིན་ཏེ་དཔེར་ན། བཀའ་མོལ་གསུངས་དང་། ཡར་ཕེབས་དང་། གསོལ་ཚིགས་མཆོད་དང་ལྟ་བུའོ། འོན་ཏེ་དེང་སང་འགའ་ཞིག་གིས་བཀའ་མོལ་གསུངས་གནང་དང་། ཞལ་ལག་མཆོད་གནང་དང་ཞེས་བསྐྱར་དུ་“གནང་”རེ་སྦྱར་བ་ནི་བྱ་ཚིག་སོ་སོའི་ཞེ་ས་ཡོད་བཞིན་དུ་ད་དུང་བྱ་ཚིག་སྤྱི་འཇུག་གི་ཞེ་ས་རེ་སྦྱར་བས་ཞེ་ས་དང་བྱ་ཚིག་གཉིས་ཀ་ཉིས་བརྩེགས་སུ་གྱུར་པ་གོང་དུ་བཤད་ཟིན་པ་ལྟར་རོ།
(2)བཅད། བཏབ་ལྟ་བུ་བྱ་ཚིག་བྱེ་བྲག་པ་སོ་སོའི་ཞེ་ས་བརྗོད་རྒྱུ་མེད་པ་རྣམས་ལ་གོང་དུ་བཤད་པ་ལྟར་བྱ་ཚིག་སོ་སོའི་རྗེས་སུ་མིང་མཐའ་རེ་སྦྱར་བའི་རྗེས་ལ་བྱ་ཚིག་སྤྱི་འཇུག་གི་“གནང་”སྦྱར་ཞིང་དེའི་རྗེས་སུ་གཞི་ནས་སྐུལ་ཚིག་གི་“དང་”ཞེས་པ་སྦྱར་དགོས་ཏེ་དཔེར་ན། བཞུགས་གདན་འདིང་བ་གནང་དང་། ཤིང་གཅོད་པ་གནང་དང་། མེ་ཏོག་འདེབས་པ་གནང་དང་ལྟ་བུའོ།།
2. རོགས་གནང་། འདི་ནི་བྱེད་པ་དང་འབྲེལ་བའི་བྱ་ཚིག་གི་རིགས་ཀུན་ལ་འཇུག་པའི་རེ་སྐུལ་གྱི་དོན་དང་ལྡན་པའི་སྐུལ་ཚིག་ཅིག་སྟེ་དཔེར་ན། བཀའ་མོལ་གསུང་རོགས་གནང་། ཡར་ཕེབས་རོགས་གནང་། མེ་ཏོག་འདེབས་རོགས་གནང་ལྟ་བུའོ།
3. “གནང་དགོས་”གུས་ཞབས་ཅུང་ཆེ་ཙམ་ཞུ་དགོས་པ་རྣམས་ལ་“གནང་དགོས་”ཞེས་པའི་སྐུལ་ཚིག་འདི་བརྗོད་དགོས་པ་ཡིན་ཏེ་དཔེར་ན། ཡར་ཆིབས་སྒྱུར་གནང་དགོས། བཞུགས་གདན་འཇགས་དགོས། གསོལ་ཚིགས་མཉེས་པོ་གནང་དགོས། ལྟ་བུའོ། འདི་ནི་གུས་ཞབས་ཅུང་ཆེ་ཙམ་ཞུ་ཡུལ་དུ་འཇུག་པའི་སྐུལ་ཚིག་ཡིན་པས་བརྗོད་ཡུལ་དེ་ལ་སེམས་འཁུར་བྱེད་པའི་དོན་དང་འབྲེལ་ནས་འཇུག་པ་ལས་རྗོད་པ་པོ་རང་གི་འདོད་དོན་སྒྲུབ་བྱེད་དང་འབྲེལ་ནས་བརྗོད་པ་མ་ཡིན་ཏེ་དཔེར་ན། བཀའ་མོལ་གསུངས་དགོས། ཕྱག་ལས་གནང་དགོས་ལྟ་བུ་ཞེ་ས་བྱ་ཡུལ་དེར་ལས་ཀ་སྐུལ་བ་ལྟ་བུའི་བརྗོད་ཚུལ་ནི་མི་མཛེས་པའོ། དེས་ན་རང་འདོད་སྒྲུབ་ཕྱིར་རེ་སྐུལ་ཞུ་བ་ལྟ་བུ་ཡིན་ན་གོང་དུ་བཤད་པའི་“རོགས་གནང་”ཞེས་པ་ཁོ་ན་འཇུག་པ་བདེ་བ་དཔེར་ན། བཀའ་མོལ་གསུངས་རོགས་གནང་། ཕྱག་ལས་གནང་རོགས་གནང་ལྟ་བུ་ནི་བཀའ་ཕབ་པ་ལྟ་བུ་མ་ཡིན་པར་རེ་སྐུལ་ཞུ་བ་ལྟ་བུ་ཡིན་པས་མཛེས་པའོ།།
4.ཞིག་དང་ཤིག་གཉིས་པོ་འདི་ནི་གཞན་ལ་ལས་ཀ་སྐུལ་བའམ། བཀའ་གཏོང་བ་ལྟ་བུར་སྤྱོད་པ་ཡིན་ཏེ་དཔེར་ན། ཡར་ཕེབས་ཤིག ཕྱག་ལས་གནང་ཞིག ཁ་ཁར་བཞུགས་ཤིག་ཅེས་སོགས་ཀྱི་ནང་དུ་“ཕེབས་”དང་“གནང་” ལྟ་བུའི་ཞེ་ཚིག་ཡོད་པ་ཙམ་ལས་གུས་ཞབས་ཀྱི་གོ་དོན་ཆེར་མེད་པ་སྟེ་འདི་ལྟ་བུའང་གོང་རིམ་གྱིས་འོག་རིམ་ལ་བཀའ་ཕབ་པ་ལྟ་བུའི་སྐབས་སུ་སྤྱོད་པའི་ཞེ་ཚིག་ཙམ་མོ། འོན་ཏེ་དེང་སང་སྐུལ་ཚིག་གི་སྐབས་སུའང་བྱ་ཚིག་ལྷག་པོ་ཞིག་སྦྱོར་བ་སྟེ། ཡར་ཕེབས་གནང་དང་། བཀའ་མོལ་གསུངས་གནང་དང་ཞེས་པ་ལྟ་བུ་ནི་ནོར་བ་སྟེ་སྐབས་འདིར་“དང་”ཞེས་པ་སྐུལ་ཚིག་དང་། “གསུངས་”ཞེས་པ་བྱ་ཚིག་ཡིན་ལ་ཞེ་སའང་ཡིན་པས་དེའི་ཐོག་ཏུ་ད་དུང་“གནང་”ཞེས་བརྗོད་པ་ནི་ཞེ་ས་དང་བྱ་ཚིག་གཉིས་ཀ་ཉིས་བརྩེགས་སུ་གྱུར་པ་སྟེ་གོང་གསལ་ཚིག་དེ་ཕལ་སྐད་དུ་བསྒྱུར་ན་ཡར་ཤོག་གྱིས་དང་སྐད་ཆ་ཤོད་གྱིས་དང་ཞེས་པ་ལྟ་བུ་སྐུལ་ཚིག་ཉིས་བརྩེགས་སམ་ཡང་ན་མི་གཞན་ཞིག་ལ་ལན་བསྐུར་བ་ལྟ་བུའི་དོན་དུ་འགྱུར་འགྲོ་བ་ཡིན་པས་འདིའི་གནད་ཀྱང་མཁྱེན་དགོས་པ་ལགས་སོ།།
ལྔ་པ། དུས་གསུམ་གྱི་རྣམ་གཞག་གོ་བདེ་མདོར་བསྡུས།
དུས་གསུམ་གྱི་རྣམ་གཞག་ལ་དབྱེ་བ་རྣམ་པ་གསུམ་སྟེ། དུས་གསུམ་སྤྱིར་བཏང་བ་དང་། དུས་གསུམ་བྱེ་བྲག་པ། དུས་གསུམ་ཐོར་བུ་བ་བཅས་སོ།
དང་པོ། དུས་གསུམ་སྤྱིར་བཏང་བ་ནི་སྡོམ་ལས། བྱ་ཚིག་མ་ནིང་བྱེད་པ་མོ་ཡིས་འཕུལ། །པ་སྡེ་ལས་གཞན་འདས་ཚིག་ཕོ་ཡིས་འཕུལ། །སྒྲ་གདངས་ཐ་དད་མགོ་ཅན་མེད་ངེས་ལ། །བརྗོད་བདེར་བྱེད་ཚིག་མ་ནིང་འགྱུར་ཡང་སྲིད། ཅེས་གསུངས་ཏེ། 1.བྱ་ཚིག་གམ་དུས་མ་འོངས་པ་སྟོན་པའི་སྐབས་སུ་སྔོན་འཇུག་ལྔ་ཡི་ནང་གི་མ་ནིང་ག༷་ད༷་གཉིས་འཇུག་པ་དཔེར་ན། གདིང་བྱའི་གདན། གདིང་བར་བྱ། གདིང་བར་འགྱུར་ལྟ་བུ་ག༷་ཡིག་གིས་འཕུལ་བ་དང་། དགག་བྱའི་ཆུ། དགག་རྒྱུ་ཡིན་ལྟ་བུ་ད༷་ཡིག་གིས་འཕུལ་བ་དང་། 2. བྱེད་པ་མོ་ཡིས་འཕུལ་ཞེས་པའི་གོ་དོན་ནི། བྱེད་ཚིག་སྟེ་བྱེད་པ་པོ་དང་། བྱེད་པ་དང་། དུས་ད་ལྟ་བ་སྟོན་པ་ལ་སྔོན་འཇུག་ལྔ་ཡི་ནང་གི་མོ་འ༷་ཡིག་སྦྱོར་དགོས་པར་བསྟན་པ་སྟེ་གདན་འདིང་བ་པོ་ལྟ་བུ་བྱེད་པ་པོ་སྟོན་པ་དང་། གདན་འདིང་བཞིན་པའོ་ལྟ་བུ་དུས་ད་ལྟ་བ་སྟོན་པ་ལ་འཇུག་པའོ། 3. པ་སྡེ་ལས་གཞན་འདས་ཚིག་ཕོ་ཡིས་འཕུལ་ཞེས་པ་ནི། སྔོན་འཇུག་ལྔའི་ནང་གི་ཕོ་བ་ཡིག་དེ་རང་གི་སྡེ་པ་སྟེ་པ་ཕ་བ་མ་བཞི་ལ་མི་འཇུག་པ་མ་གཏོགས་དེ་ལས་གཞན་པའི་དུས་གསུམ་སྤྱིར་བཏང་བའི་འདས་ཚིག་ཐམས་ཅད་ཕོ་བ་ཡིག་གིས་འཕུལ་བ་ཡིན་ཅེས་ཏེ་དཔེར་ན། གདན་བཏིང་ཟིན། ཆུ་བཀག་ཟིན། ལོ་ཏོག་བཏབ་ཟིན་ལྟ་བུའོ། 4.སྒྲ་གདངས་ཐ་དད་ཅེས་སོགས་ཀྱི་གོ་དོན་ནི། དགག་བྱ། འགོག་བྱེད། བཀག་ལྟ་བུ་བརྗོད་པའི་སྐབས་སུ་སྒྲ་གདངས་ཐ་དད་ཡིན་པ་དང་། ར་ལ་ས་གསུམ་གྱི་མགོ་ཅན་ཡང་མེད་པར་ངེས་པའི་དུས་གསུམ་སྤྱིར་བཏང་བ་འདིའི་སྐབས་སུ་བརྗོད་བདེ་འམ་འཇུག་པ་བདེ་བའི་ཆེད་བྱེད་ཚིག་སྟེ་བྱེད་པོའི་ཚིག་དང་དུས་ད་ལྟ་བ་སྟོན་བྱེད་དུ་སྔོན་འཇུག་གི་མ་ནིང་ག་ད་གཉིས་སུ་འགྱུར་བའང་སྲིད་དོ་ཞེས་པ་སྟེ་དཔེར་ན། ཤིང་གཅོད་པ་པོ། གཅོད་བཞིན་པ་ལྟ་བུའོ། དེ་ཡང་གོང་དུ་བཤད་མ་ཐག་པའི་དུས་གསུམ་སྤྱིར་བཏང་བ་འདིའི་དུས་གསུམ་སྐུལ་ཚིག་དང་བཅས་པའི་དཔེར་བརྗོད་ཆ་ཚང་འགའ་ཞིག་ལྟ་བདེ་རྟོགས་སླའི་ཆེད་དུ་འགོད་པར་བྱ་སྟེ།
པ་སྡེ་ཡིན་པ་ནི་དཔེར་ན།
ལྟ་བུ་རྣམས་ནི་པ་སྡེ་ཡིན་སྟབས་རང་སྡེ་རང་ལ་མི་འཇུག་པས་སྔོན་འཇུག་གི་ཕོ་བ་ཡིག་མི་འཇུག་པའོ། ད་ལྟ་བའམ་བྱེད་ཚིག་མ་ནིང་དུ་འགྱུར་བའི་དཔེར་བརྗོད།
ལྟ་བུ་སྟེ་དུས་གསུམ་སྤྱིར་བཏང་བའི་སྐབས་འདིར་སྤྱིར་ན་བྱེད་པ་མོ་ཡིས་འཕུལ་བ་སྟེ་བྱེད་པ་པོ་དང་། ད་ལྟ་བ་ལ་སྔོན་འཇུག་གི་མོ་འ་ཡིག་འཇུག་པ་ཡིན་ཀྱང་རྟགས་འཇུག་རྩ་བར་“མོ་ཡང་ཕོ་ལ་འཇུག་པ་མིན་”ཅེས་གསུངས་པ་ལྟར་མིང་གཞི་ཕོ་ཡིག་ཀ་ཅ་ལྟ་བུར་སྔོན་འཇུག་གི་མོ་འ་ཡིག་མི་འཇུག་པས་བྱེད་ཚིག་མ་ནིང་དུ་འགྱུར་བ་དང་། ལོགས་སུ་དགར་ལྟ་བུའི་སྐབས་སུ་མིང་གཞི་ག་ཡིག་ལ་སྔོན་འཇུག་འ་མི་འཇུག་པ་མིན་ཀྱང་། འགར་ཞེས་པ་དོན་གཞན་ལ་འཇུག་པའི་ཕྱིར་འདིར་བྱེད་ཚིག་མ་ནིང་དུ་འགྱུར་བའོ།
གཉིས་པ་དུས་གསུམ་བྱེ་བྲག་པ་བཤད་པ།
བྱ་ཚིག་ཕོ་ཡིས་འཕུལ་ལ་འདས་པའང་དེ། །བྱེད་ཚིག་ཕལ་ཆེར་འཕུལ་མེད་ཅན་དུ་ངེས། །སྐབས་འགར་འདས་ལ་རྗེས་འཇུག་ས་རྐྱང་གིས། །ཚིག་ནུས་བཏོན་པ་མགོ་ཅན་མང་བའི་སྡེ། ཞེས་གསུངས་ཏེ། བྱ་ཚིག་མ་འོངས་པ་རྣམས་ལ་སྔོན་འཇུག་གི་ཕོ་བ་ཡིག་གིས་འཕུལ་བ་དཔེར་ན། བྱ་བ་སོགས། བསྒྲུབ་བྱའི་བྱ་བ། བསྒྲུབ་རྒྱུ་ཡིན། ལྟ་བུ་དང་། འདས་པའང་དེ་ཞེས་པས་དུས་འདས་པ་སྟོན་བྱེད་དུའང་སྔོན་འཇུག་གི་ཕོ་བ་ཡིག་ཉིད་སྦྱོར་དགོས་པར་བསྟན་པ་སྟེ། བྱ་བ་བསྒྲུབས་ཟིན་ལྟ་བུ་དང་། བྱེད་ཚིག་ཕལ་ཆེར་ཞེས་བྱེད་པ་པོ་སྟོན་བྱེད་དང་དུས་ད་ལྟ་བ་སྟོན་བྱེད་ཕལ་མོ་ཆེ་འཕུལ་མེད་དེ་སྔོན་འཇུག་མེད་པ་ཅན་དུ་ངེས་པ་སྟེ། བྱ་བ་སྒྲུབ་པ་པོ་དང་། སྒྲུབ་བཞིན་པ་ལྟ་བུ་དང་། མགོ་ཅན་མང་བའི་དུས་གསུམ་བྱེ་བྲག་པའི་སྐབས་འདིར་སྐབས་འགར་འདས་པ་སྟོན་བྱེད་ལ་རྗེས་འཇུག་ས་རྐྱང་བས་ཚིག་གི་ནུས་པ་སྟོན་པ་ནི་དཔེར་ན། དཔོན་དུ་བསྐོས་ཟིན། ས་བརྐོས་ཟིན་ལྟ་བུ་དེ་དག་གི་དཔེར་བརྗོད་ཆ་ཚང་འགའ་ཞིག་བཀོད་པ་གཤམ་གསལ།
ཅེས་པ་ལྟ་བུ་དང་། ཡང་སྡོམ་ལས། སྐབས་འགར་འདས་ལ་རྗེས་འཇུག་ས་རྐྱང་གིས་ཚིག་ནུས་སྟོན་པར་གསུངས་པ་ནི།
ལྟ་བུ་སྟེ་འདིའི། བརྐུ། བརྐོ། བསྐོ་གསུམ་མ་འོངས་པ་དང་བརྐུས། བརྐོས། བསྐོས་གསུམ་སྟེ་འདས་པ་ཡིན་པས་དེ་དག་གི་བར་གྱི་ཁྱད་པར་ནི་རྗེས་འཇུག་ས་ཡིག་ཁོ་ན་ལས་མེད་པས་འདས་ལ་རྗེས་འཇུག་ས་རྐྱང་གིས་ཚིག་ནུས་བཏོན་པ་ཞེས་གསུངས་པའོ།
གསུམ་པ། དུས་གསུམ་ཐོར་བུ་བ་ནི།
གང་ཞིག་དུས་གསུམ་ཚིག་ལ་འཕུལ་མེད་དང་། །ཡོད་ཀྱང་འཕུལ་ཡོད་གཅིག་ལས་འགྱུར་མེད་དང་། །འགྱུར་ཡང་སྤྱི་དང་བྱེ་བྲག་གཉིས་པོ་ལ། །མི་མཐུན་པ་ནི་ཐོར་བུ་བ་ཞེས་བརྗོད། ཅེས་གསུངས་ཏེ། དུས་གསུམ་གྱི་བྱ་ཚིག་སྟེ་མ་འོངས་པ་དང་། ད་ལྟ་བ་དང་། འདས་པ་གསུམ་གར་འཕུལ་མེད་དེ་སྔོན་འཇུག་མེད་པ་དང་། འཕུལ་དེ་སྔོན་འཇུག་ཡོད་པ་ཡིན་ཀྱང་སྔོན་འཇུག་ག་ད་བ་མ་འ་ལྔ་ལས་གང་རུང་གཅིག་ཉིད་ལས་གཞན་དུ་མ་འགྱུར་བ་དང་། གལ་ཏེ་འགྱུར་ཡོད་པ་ཡིན་ཀྱང་དུས་གསུམ་སྤྱིར་བཏང་བ་དང་། བྱེ་བྲག་པ་གཉིས་ཀར་མི་མཐུན་པ་ནི་དུས་གསུམ་ཐོར་བུ་བ་ཞེས་བྱ་བ་ཡིན་ཅེས་པའོ། དེ་དག་གི་དཔེར་བརྗོད་ནི།
1.དུས་གསུམ་ཚིག་ལ་འཕུལ་མེད་པ།
ཅེས་པ་ལྟ་བུ་སྟེ་དུས་གསུམ་གར་སྔོན་འཇུག་མེད་པའོ།
2. སྔོན་འཇུག་ཡོད་ཀྱང་དེ་དག་ལས་གང་རུང་གཅིག་ལས་གཞན་དུ་འགྱུར་བ་མེད་པ་ནི།
ཅེས་པ་ལྟ་བུ་དུས་གསུམ་ལ་སྔོན་འཇུག་གཅིག་ཉིད་ལས་གཞན་དུ་མ་འགྱུར་བ་དང་།
3.སྔོན་འཇུག་ཡོད་མེད་སོགས་འགྱུར་ཡོད་ཀྱང་དུས་གསུམ་སྤྱིར་བཏང་བ་དང་། བྱེ་བྲག་པ་གཉིས་ཀར་མི་མཐུན་པ་ནི།
ཅེས་པ་ལྟ་བུ་སྟེ་དུས་གསུམ་གྱི་སྦྱོར་ཚུལ་ནི་འདིར་བསྟན་པའི་སྤྱི་དང་བྱེ་བྲག་ཐོར་བུ་གསུམ་དུ་མ་འདུས་པ་མེད་པས་གོང་དུ་བསྟན་པའི་དཔེར་བརྗོད་ཀྱིས་མཚོན་ནོ།
མཇུག་བསྡུ་བ།
དེ་ལྟར་གོང་དུ་དུས་གསུམ་དང་། ཕྲད་སྦྱོར་ཚུལ། ཞེ་ས་བྱེད་ལུགས་སོགས་བཤད་པ་འདི་དག་ནི་གཞུང་ཆེན་པོའི་ཟབ་པ་དང་། རྒྱ་ཆེ་བའི་དོན་འགའ་ཡང་མ་ཡིན་པས་འདི་རྣམས་ཤེས་པ་ལ་བརྟེན་ནས་མཁས་པའི་གྲགས་སྙན་ཐོབ་པའི་རེ་བ་མེད་མོད། འོན་ཏེ་དེ་དག་མ་ཤེས་པའི་དབང་གིས་སྦྱོར་ཚུལ་འཆུགས་པ་ལ་བརྟེན་ནས་རང་གི་གྲགས་པ་ཉམས་པའི་རྒྱུ་རུ་ནི་ངེས་པར་འགྱུར་སྲིད་དེ་མཁས་པའི་བྱ་བ་འཆད་རྩོད་རྩོམ་གསུམ་ལས་རྩོམ་པའི་བྱ་བ་ལ་འཇུག་པའི་ཚེ་ཕྲད་དང་། རྣམ་དབྱེ། དུས་གསུམ་བཅས་ཀྱི་སྦྱོར་ཚུལ་མ་ཤེས་ན་ཁྱེད་ཀྱིས་བརྩམས་པའི་བརྩམ་བྱའི་ནང་དུ་རང་གི་བརྗོད་འདོད་ཇི་བཞིན་མཚོན་པར་བྱེད་མི་ནུས་པར་མ་རྟོགས་པ་དང་། ལོག་པར་རྟོག་པ། ཐེ་ཚོམ་བཅས་འབྱུང་སྲིད་ལ་དུས་གསུམ་དང་ཕྲད་ཀྱི་སྦྱོར་ཚུལ་ཙམ་ཡང་མ་ཤེས་པར་སྦྱོར་ཉེས་པའི་དབང་གིས་གཞན་གྱིས་འཕྱ་བའི་གནས་སུའང་འགྱུར་སྲིད་པ་མ་ཟད། དེ་བས་གལ་ཆེ་བ་ཞིག་ལ་སྦྱོར་ཚུལ་མ་དག་པ་འདི་དག་ཡོ་བསྲང་མ་བྱས་པར་མུ་མཐུད་འདི་མུར་འབྲི་མཁན་ཇེ་མང་ཇེ་མང་དུ་སོང་ནས་མ་དག་རྒྱུན་འབྱམས་སུ་གྱུར་པ་ཡིན་ན་བོད་སྐད་ཡིག་གི་བརྡ་སྤྲོད་ཀྱི་ནུས་པ་ཉམས་ཞན་དུ་འགྲོ་ངེས་ཡིན་ཏེ། བརྩམ་བྱ་གང་རུང་གི་ནང་དུ་བསྟན་རྒྱུའི་བྱ་བ་གང་ཡང་རུང་བའི་དུས་ཀྱི་ཁྱད་པར་ལའང་ཐེ་ཚོམ་བྱེད་དགོས་པ་བྱུང་ཚེ་སྐད་ཡིག་དེ་བརྗོད་པ་མི་བཙན་པ་ཞིག་ཏུ་གྱུར་པའི་རྟགས་ཡིན་པས་འདིའི་ཐད་སྣང་ཆུང་རྩ་བ་ནས་བྱེད་མི་རུང་བ་ཀུན་གྱིས་གལ་ཆེར་བཟུང་སྟེ་བརྡ་སྤྲོད་ཀྱི་གཞུང་ལ་སྦྱངས་པ་མཛད་དགོས་པ་མ་ཟད། ལག་ལེན་གྱི་ནང་དུའང་གཞུང་དུ་བསྟན་པའི་དོན་ཇི་བཞིན་སྦྱར་ཤེས་པ་དགོས་པ་ལས་གཞུང་སྦྱངས་ནས་ལག་ལེན་དུ་མ་འཁྱོལ་ན་མ་སྦྱངས་པ་དང་འདྲའོ། གཞན་ཡང་བརྡ་སྤྲོད་ཀྱི་རིག་པ་འདི་ནི་ཤེས་ན་སྙན་གྲགས་ཐོབ་དཀའ་ཞིང་མ་ཤེས་ན་དམའ་འབེབས་འཕོག་སླ་བའི་ཤེས་བྱ་ཞིག་ཡིན་ཏེ་རྩོམ་ཡིག་ཅིག་ལ་ཆ་མཚོན་ན་ནང་དོན་ལེགས་ཉེས་དང་། བརྗོད་དོན་མཚོན་ཐབས་ལེགས་ཉེས་སོགས་ལ་ལེགས་ན་ལེགས་ཚུལ་གྱི་བསྔགས་བརྗོད་རང་བཞིན་གྱི་དཔྱད་བརྗོད་དང་། ཉེས་ན་ཉེས་ཚུལ་གྱི་དཔྱད་བརྗོད་བྱེད་པ་ཡིན་ཀྱང་། བརྩམ་བྱ་གང་རུང་གི་ཕྲད་རྣམ་དབྱེ་དང་། དུས་གསུམ་སོགས་ཀྱི་སྦྱོར་ཚུལ་ཁ་གསལ་ཁམས་དྭངས་ཇི་ལྟ་བུ་བྱུང་ཡང་དེ་ལ་བསྔགས་བརྗོད་བྱེད་མཁན་ཤིན་ཏུ་དཀོན་ལ་ཕྲད་རྣམ་དབྱེ་སོགས་ཀྱི་སྦྱོར་ཚུལ་ལེགས་པ་ལ་བརྟེན་ནས་བྱ་དགའ་ཐོབ་པ་ལྟ་བུ་ནི་དེ་བས་ཀྱང་མི་སྲིད་པ་ཡིན། འོན་ཏེ་གལ་སྲིད་ཕྲད་རྣམ་དབྱེའི་སྦྱོར་ཚུལ་མ་དག་པ་སྟེ་སྦྱོར་ཉེས་པའི་དབང་གིས་བརྗོད་པ་ཉག་ཉོག་ཏུ་སོང་ན་བཞད་གད་དང་འཕྱ་དམོད་བྱེད་མཁན་མང་བ་ནི་ཀུན་གྱི་མཐོང་ཆོས་ལྟར་ལགས་ན། ཤེས་བྱ་འདི་ནི་ལྟོ་ཆས་ཀྱི་ནང་དུ་མེད་དུ་མི་རུང་བའི་ཚྭ་ལྟ་བུ་ཞིག་ཡིན་ཅེས་བཤད་ཆོག་པ་སྟེ། ཚྭ་ནི་ལྟོ་ཆས་ཀྱི་ནང་དུ་མང་ན་མང་འདུག་ཅེས་དང་། ཉུང་ན་ཉུང་འདུག་ཅེས་སྐྱོན་བརྗོད་བྱེད་པ་དང་། ཏག་ཏག་རན་པོ་ཞིག་བྱུང་བའི་སྐབས་སུ་ཁ་ཁུ་སིམ་མེར་ཟ་འཐུང་བྱེད་པ་ལས་ཡག་པོ་བྱུང་འདུག་ཅེས་བསྔགས་བརྗོད་བྱེད་པ་ནི་ཤིན་ཏུ་དཀོན་པ་ལྟར་ཡིན། དེས་ན་ཚྭ་ནི་ཉིན་རེའི་འཚོ་བའི་ནང་དུ་མེད་དུ་མི་རུང་ཞིང་ཤིན་ཏུ་རྩ་ཆེའི་དངོས་པོ་ཡིན་ལ་སྐྱོན་བརྗོད་ཐེགས་ཤིང་སྙན་གྲགས་ལ་མི་བརྩོན་པ་ཞིག་ཡིན་པ་ལྟར། རང་རེའི་རིག་གནས་ཀྱི་འཚོ་བའི་ནང་དུ་མེད་དུ་མི་རུང་བའི་སྐྱོན་བརྗོད་ཐེགས་ཤིང་གྲགས་པར་མི་བརྩོན་པའི་བརྡ་སྤྲོད་ཀྱི་རིག་པ་འདིར་ཤིན་ཏུ་གཅེས་པར་བཟུང་སྟེ་ཉམས་པ་སོར་ཆུད་དང་། མ་ཉམས་གོང་འཕེལ་གྱི་ཆེད་དུ་ཀུན་གྱིས་འབད་པ་མཛད་རྒྱུ་ཤིན་ཏུ་གལ་ཆེ་བ་ལགས་སོ་ཞེས་སྐུལ་མ་ཞུ་བ་དང་ཆབས་ཅིག་དུས་གསུམ་དང་། ཕྲད་དབྱེའི་སྦྱོར་ཚུལ་སོགས་ཀྱི་སྐོར་བཤད་པ་རེ་ཞིག་རྫོགས་སོ། །
(རྩོམ་ཁུངས་དབུས་གཙང་རིག་མཛོད་དྲ་བ།)