ཨེ་མ་ཧོ།
བདེན་པའི་རིག་གཞུང་ཡང་དག་སྲུང་སྐྱོབ་བྱེད།།
རྫུན་པའི་ཁྱབ་སྲིད་ཆོ་ལོ་རྩ་བ་བྲལ།།
བདེ་ནས་བདེ་བར་བཤེགས་པའི་ལམ་བཟང་ལ།།
ཉིན་མཚན་བར་མེད་བརྩོན་པར་ཨེ་མ་ཧོ།།
བདེན་པའི་ལོ་རྒྱུས་རིང་མོའི་ཆུ་རྒྱུན་གཅོད།།
རྫུན་པའི་གཡོ་འཕྲུལ་རིགས་ལ་མགོ་བོ་འཁོར།།
སྡུག་བསྔལ་བདེ་བ་འཁྲུལ་བའི་སྐྱེ་བོའི་ཁྲོད།།
དུས་ཚོད་སྟོང་ཟད་བྱེད་པ་ཀྱེ་མ་ཧོ།།
སྲིད་པ་ཆགས་པའི་གངས་རིར་བདག་སྲུང་དང་།།
རང་བྱུང་འཁོར་ཡུག་གཙང་མའི་ལས་ལ་འབད།།
བདུད་སྲིན་གཤིན་རྗེའི་མེ་མདའི་སོ་ཁར་གནས།།
མི་འཇིགས་གངས་ཅན་དཔའ་བོ་ཨེ་མ་ཧོ།།
གཞན་ཡུལ་ལུང་པར་མཁར་རྫོང་བ་གམ་བརྩེགས།།
མེས་པོའི་ཁྲག་རྒྱུན་གཙང་མར་ཆོལ་ཉོག་སྤྱོད།།
རྒྱལ་བཙོང་ངན་པས་གཡོ་སྒྱུ་གར་སྟེགས་སུ།།
རྨོངས་རྣམས་མགོ་བོ་འཁོར་བ་ཀྱེ་མ་ཧོ།།
རིག་འཛིན་འབུམ་ཕྲག་འདུས་པའི་ཆོས་གྲྭ་དང་།།
རིག་གནས་བདག་གཅེས་གནང་མཛད་སློབ་གླིང་ཚོགས།།
རིག་གཞུང་ཡང་དག་འཛིན་སྐྱོང་སྤེལ་བ་ཡི།།
རིག་པའི་སྐྱེས་བུ་མཇལ་ཚེ་ཨེ་མ་ཧོ།།
རིག་གནས་རྩ་བ་བོད་ཡིག་སྲོག་རྩ་བརླགས།།
རིག་ཚན་བསྡུས་གྲྭས་ནང་ཁུལ་ཁྲག་བཞིན་དཀྲུགས།།
རིག་པའི་སྐྱེ་བུ་མཐོང་ཚེ་དགྲ་བཞིན་དམོད།།
རིག་འཆལ་གྲོང་དགོན་བསམ་ན་ཀྱེ་མ་ཧོ།།
གང་ལྟར་སྐྱིད་སྡུག་ལས་ཀྱི་གྲུ་ཁ་ན།།
རེ་དྭོགས་ཕྲེང་བ་བགྲང་བའི་བྱིས་པ་ལ།།
བཟང་ངན་ཨེ་ཀྱེ་དགེས་པའི་གཏམ་འདི་ཐལ།།
བླང་དོར་ཡང་དག་མཛོད་ཅིག་ཆོས་མཆེད་རྣམས།།
སྣོད་ཀྱི་དགེ་མཚན་དག་གཙང་རང་བཞིན་འབད།།
བཅུད་ཀྱི་ལེགས་ཚོགས་དག་སྣང་དགེ་བར་བརྩོན།།
སྣོད་བཅུད་བཟང་སྤྱོད་ཕུན་སུམ་ཚོགས་པར་ཀུན།།
ཀུན་བཟང་རྒྱལ་ཁམས་གངས་རིའི་དཔལ་དུ་ཤོག།
འདི་ཡང་རབ་གནས་མེ་སྤྲེལ་ས་ག་ཟླ་བའི་དགའ་བ་གསུམ་པའམ་རྒྱལ་སྤྱི་བྱིས་པའི་དུས་ཆེན་དྲུག་གཅིག་ལ་གང་ཤར་རྟོག་པའི་ཕྲེང་བ་ཉིད་དབྱིན་ཡུལ་སྦྲང་རྩིའི་ཟ་ཁང་དུ་ཤྲྰི་ཨེ་མ་ཧོས་བགྱིས་པར་དགེའོ།། ཕྱི་ལོ་༢༠༡༦ ། ༦ ། ༡ ལའོ།།།།