པད་མ་འབུམ་ནས།
ཉེ་ཆར་ “དེང་རབས་བོད་ཀྱི་འབོལ་རྩོམ་གྱི་གླེགས་བམ།(PENGUN BOOK OF MODERN TIBETAN ESSAYS)”ཟེར་བའི་དབྱིན་དེབ་ཅིག་ཐོན་ཡོད། དེའི་རྩོམ་སྒྲིག་པ་ནི་བསྟན་འཛིན་བདེ་སྐྱིད་ལགས་ཡིན་ལ། དཔེ་སྐྲུན་པ་ནི་འཛམ་གླིང་གི་རྩོམ་རིག་བརྩམས་ཆོས་དཔེ་སྐྲུན་ཁང་ཆེ་ཤོས་ཤིག་སྟེ། ཕེན་གྷུན་དཔེ་སྐྲུན་ཁང་ PENGUN ཟེར་བ་དེ་ཡིན།
དཔེ་དེབ་དེའི་ནང་དུ་བོད་ཕྱི་ནང་གཉིས་ཀྱི་རྩོམ་པ་པོ་རྣམས་ཀྱིས་བོད་ཡིག་དང་དབྱིན་ཡིག། རྒྱ་ཡིག་བཅས་སྐད་ཡིག་གསུམ་གྱི་ལམ་ནས་བརྩམས་པའི་འབོལ་རྩོམ་ ༢༨ དཔེ་སྐྲུན་བྱས་ཡོད། དེའི་ནང་དུ་བདག་གི་འབོལ་རྩོམ་གཉིས་ཡོད་པ་ལས་གཅིག་ནི་ “དྲན་སྣང་ཐར་ཐོར་གྱི་ནང་དུ་མགོན་ཚེ། གྲོགས་པོ་མགོན་པོ་ཚེ་རིང་རྗེས་སུ་དྲན་པ།”ཟེར་བ་འདི་ཡིན། ངས་འབོལ་རྩོམ་འདིའི་དབྱིན་འགྱུར་མ་ཀློག་འགོ་བརྩམས་ན་ཡང་། སེམས་སྐྱོ་དྲག་ནས་ཤོག་ལྷེ་གཅིག་ཀྱང་ཀློག་ཐུབ་མ་སོང་།
བསམ་བློ་ཞིག་བཏང་ན། ད་ལོ་ནི་མགོན་པོ་ཚེ་རིང་ལགས་གྲོངས་ནས་ལོ་ངོ་བཅུ་ཏག་ཏག་འགོར་ཡོད་སྟབས། འབོལ་རྩོམ་དབྱིན་འགྱུར་མ་འདི་ཐོན་པ་ནི་མགོན་པོ་ཚེ་རིང་ལགས་གྲོངས་ནས་ལོ་བཅུ་འགོར་བའི་དུས་དྲན་ལྟ་བུ་ཞིག་ཏུ་གྱུར་སོང་།
འབོལ་རྩོམ་གྱི་མ་རྩོམ་དེ་ལོ་བཅུའི་སྔོན་ལ་འདྲ་པར་དང་སྦྲག་མའི་ལམ་ནས་ཁ་བརྡ་དྲ་རྒྱའི་སྟེང་ལ་དུམ་བུ་དུམ་བུ་བྱས་ནས་ཐེངས་བརྒྱད་ལ་སྤེལ་བ་ཡིན། ཡིན་ན་ཡང་དབྱིན་འགྱུར་མའི་དེབ་འདིའི་ནང་དུ་འདྲ་པར་རྣམས་འགོད་ཐུབ་མེད། འདིར་དུམ་བུ་དེ་རྣམས་འདྲ་པར་དང་སྦྲག་ནས་དཀྱུས་གཅིག་ཏུ་བཀོད་ནས་ཁ་བརྡ་ལ་ཡང་སྐྱར་་སྤེལ་ཡོད།
ང་ཚོ་བོད་བཙན་བྱོལ་སྤྱི་ཚོགས་ཀྱི་གསར་འགྱུར་བརྒྱུད་ལམ་གྱི་བྱུང་རིམ་བརྗོད་དགོས་ན། དམངས་གཙོ་ཞེས་པའི་ཚགས་པར་དེ་ལ་གཡོལ་ཐབས་མེད་ལ། བཙན་བྱོལ་སྤྱི་ཚོགས་ཀྱི་རྩོམ་རིག་གི་དུས་དེབ་བརྗོད་དགོས་ན་ “ལྗང་གཞོན་”ཞེས་པའི་དུས་དེབ་དེ་ལ་གཡོལ་ཐབས་མེད། དེ་གཉིས་ཀ་བརྗོད་དགོས་ན་མགོན་པོ་ཚེ་རིང་ལགས་ལ་གཡོལ་ཐབས་མེད། ཚགས་པར་དེ་དང་དུས་དེབ་གཉིས་ཀྱི་ཤོག་ངོས་རེ་རེ་དང་། ཡིག་ཕྲེང་རེ་རེ། ཐ་ན་ཡིག་འབྲུ་རེའི་ནང་ལ་མགོན་པོ་ཚེ་རིང་ལགས་ཀྱི་ལྷག་བསམ་ཐིམ་ཡོད། བློ་གྲོས་ཐིམ་ཡོད། བརྩོན་འགྲུས་ཐིམ་ཡོད།
“དྲན་སྣང་ཐར་ཐོར་གྱི་ནང་དུ་མགོན་ཚེ། གྲོགས་པོ་མགོན་པོ་ཚེ་རིང་རྗེས་སུ་དྲན་པ།”ཟེར་བའི་བོད་ཡིག་གི་མ་རྩོམ་བཀླགས་མྱོང་མཁན་རྣམས་ཀྱིས་གནས་ཚུལ་འདི་ཤེས་ན་ཡང་། བོད་ཡིག་ཀློག་མི་ཤེས་པ་རྣམས་ཀྱིས་གནས་འདི་ཚུལ་ཤེས་མི་སྲིད། ད་རེས་བསྟན་འཛིན་བདེ་སྐྱིད་ལགས་ནས་དབྱིན་ཡིག་ཏུ་བསྒྱུར་ནས་འདི་འདྲའི་དཔེ་སྐྲུན་ཁང་གྲགས་ཅན་གྱི་དཔེ་དེབ་ཅིག་གི་ནང་དུ་བཀོད་པ་འདིར་ང་ལྟ་བུའི་མགོན་པོ་ཚེ་རིང་གི་གྲོགས་པོ་ཚང་མས་ཐུགས་རྗེ་ཆེ་ཞུ་དགོས་པའི་གནས་ཡིན།
བསྟན་འཛིན་བདེ་སྐྱིད་ལགས་ལ་ཐུགས་རྗེ་ཆེ་དགོས་པའི་གནས་འདི་གཅིག་པོ་མིན། ཁོང་གིས་བོད་ཀྱི་རྩོམ་རིག་གི་བརྩམས་ཆོས་རྣམས་ཡིག་སྒྱུར་དང་རྩོམ་སྒྲིག་གནང་སྟེ་་འཛམ་གླིང་གི་རྩོམ་རིག་གི་གླེང་སྟེགས་ཀྱི་སྟེང་ལ་ཁྱབ་སྤེལ་གནང་ཡོད། འདི་ལ་ང་ཚོ་བོད་ཀྱི་རྩོམ་རིག་གི་ལས་ལ་འཇུག་ཅིང་དེ་ལ་དགའ་ཡོངས་ཀྱིས་ཐུགས་རྗེ་ཆེ་ཞུ་དགོས་པའི་གནས་ཡིན། ༢༠༡༥ ལོར་དབྱིན་ཡིག་དྲ་ཐོག་རྩོམ་རིག་དུས་དེབ་ “རྒྱལ་མཚམས་མེད་པའི་རྩོམ་རིག་ Words Without Borders”ཞེས་འབོད་ཅིང་། འཛམ་གླིང་ལ་ཁྱབ་རྒྱ་ཧ་ཅང་ཆེ་བ་དེའི་སྟེང་ལ་ཁོང་གི་རྩོམ་སྒྲིག་གནང་ནས་བོད་རྩོམ་གྱི་འདོན་ཐེངས་ཤིག་བཏོན་ཡོད་ལ། བོད་ཕྱི་ནང་གཉིས་ཀའི་བརྩམས་བསྡུས་ནས་བཀོད་ཡོད། ༢༠༡༧ ལོར་བསྟན་འཛིན་བདེ་སྐྱིད་ལགས་ནས་”འདྲེ་རྙིང་པ་དང་ལྷ་གསར་པ། བོད་ནས་ཡོང་བའི་སྒྲུང་ཐུང་ཉེར་གཅིག”ཟེར་བ་ཞིག་རྩོམ་སྒྲིག་གནང་སྟེ་OR BOOKS ཟེར་བའི་དཔེ་སྐྲུན་ཁང་ནས་དཔེ་སྐྲུན་བྱས་ཡོད།
ཨ་རི་དང་ནུབ་ཕྱོགས་ཀྱི་སློབ་གྲྭ་ཆེན་མོའི་ནང་ལ་བོད་ཀྱི་རྩོམ་རིག་གི་སློབ་ཚན་གྱི་གསར་འཛུགས་བྱེད་པ་ཕན་ཐོགས་མི་ཆུང་བ་ཞིག་འབྱུང་གི་རེད། སློབ་གྲྭ་ཆེན་མོ་རེ་ཟུང་ན་བོད་ཀྱི་རྩོམ་རིག་གི་སློབ་ཚན་ཡོད་ན་ཡང་བརྩམས་ཆོས་དབྱིན་འགྱུར་མས་ཕོངས་པའི་དཀའ་ངལ་ཡོད་དང་ཡོད་མུས་ཡིན། ཡིན་ན་ཡང་ད་ནས་དཀའ་ངལ་དེ་དག་ཇེ་ཉུང་ནས་ཇེ་ཉུང་དུ་འགྲོ་བའི་འགོ་བརྩམས་པ་རེད།
དེང་རབས་བོད་ཀྱི་འབོལ་རྩོམ་གྱི་གླེགས་བམ། (PENGUN BOOK OF MODERN TIBETAN ESSAYS) ཞེས་པའི་དབྱིན་དེབ་འདི་བཞིན་གཤམ་འཁོད་དུས་ཚེས་དང་ས་གནས་སུ་དབུ་འབྱེད་གནང་གི་ཡོད།
ཕྱི་ཟླ་ ༧ ཚེས་ ༧ རེས་གཟའ་པ་སངས་དགོང་མོ།
High Asia Research Center
41-34 75th St.
Tenzing Norgay Sherpa Way
Queens, NY 11375
༼གསལ་བཤད། “དྲན་སྣང་ཐར་ཐོར་གྱི་ནང་དུ་མགོན་ཚེ། གྲོགས་པོ་མགོན་པོ་ཚེ་རིང་རྗེས་སུ་དྲན་པ།” རྩོམ་ཡིག་དེ་ཕྱོགས་བསྡུས་བྱས་པའི་PDF པར་མ་དེ་གཤམ་གསལ་འབྲེལ་ཐག་ནས་གཟིགས་ཐུབ། རྩོམ་སྒྲིག་པས།༽