ཨ་ལགས་ཚེ་ཏན་ཞབས་དྲུང་ཚང་གི་རྩོམ་ཡིག་ “བོད་དུ་དར་བའི་ནང་བ་སངས་རྒྱས་པའི་ཆོས་གྲུབ་མཐའ་སོ་སོའི་མིང་འདོགས་ལ་དཔྱད་པ་འཁྲུལ་སེལ་ངག་གི་ཕྱགས་མ་”ཞེས་པ་ཞིག་ ༡༩༨༡ ལོར་བརྩམས་པ་དེར། དེ་དུས་བོད་ནང་དུ་བོད་ཀྱི་ཆོས་ལ་བླ་མ་ཀྱོ་ཞེས་པ་མི་འཐད་ཚུལ་དང་། དེ་བཞིན་རྙིང་མའི་ཆོས་ལ་ཧུ་ཀྱོ་ཟེར་བ་དང་། ས་སྐྱ་བའི་ཆོས་ལ་ཧྭ་ཀྱོ། བཀའ་བརྒྱུད་པའི་ཆོས་ལ་པེ་ཀྱོ། བོན་ཆོས་ལ་ཧེ་ཀྱོ་ཞེས་བྲིས་པ་མི་འཐད་ཚུལ་བཅས་གསུངས་འདུག བོད་ཀྱི་ཆོས་ལུགས་ལ་དེའི་གནས་བབ་དང་མི་མཐུན་པའི་དབྱེ་བ་འབྱེད་ཕྱོགས་བྱུང་སྐབས། སྐབས་དེའི་མཁས་པ་ཚོས་དེ་དང་དེ་ལ་དགག་ལན་གནང་བ་རེད། འདི་ནི་ང་ཚོས་རྗེས་སུ་ཡི་རངས་ཞུ་དགོས་པ་ཞིག་ཡིན་པ་ནི་སྨོས་མ་དགོས།
ཁ་སང་ངས་བོད་སྐད་ཀྱི་ཀློག་དེབ་ཅེས་པའི་མིང་ཐོག་ནས་དྲ་རྒྱའི་ནང་(google)བཙལ་འཚོལ་བྱས་པ་ཡིན། སྐབས་དེར་དེབ་ཅིག་རྙེད་པ་དེའི་འགྲེལ་བཤད་དུ། “འདི་ནི་ཁ་སྐད་ཀྱི་དེབ་ཅིག་ཡིན་པ་ལས་སྲོལ་རྒྱུན་གྱི་བོད་ཡིག་མིན་ལ། སྲོལ་རྒྱུན་གྱི་བོད་ཡིག་གིས་ནི་ཁ་སྐད་ལ་ཕན་ཐོགས་གཅིག་ཀྱང་མེད་པ་རེད།”ཅེས་བྲིས་པ་མཐོང་ནས་ང་རླུང་ལངས་ནས་སྡོད་མི་ཚུགས་པ་ཞིག་བྱུང་། ཡིན་ན་ཡང་ཚིག་འཆལ་རེ་ཟུང་འབྲི་འདུན་ཞིག་མ་ཤར། ད་ནངས་ཐ་མག་གཅིག་ལ་མེ་སྦར་ནས་སྡོད་དུས། ངས་ཚིག་འགའ་ཞིག་འབྲི་དགོས་པ་འདུག་བསམས་ནས་ཡང་བསྐྱར་གོང་གི་ལུང་དེ་བཙལ་བ་ཡིན། ཡིན་ན་ཡང་རྩ་བ་ནས་རྙེད་མ་བྱུང་། གང་ལྟར་གཤམ་གྱི་དོན་འདི་འབྲི་རྒྱུ་ལ་ནི་རྒྱུ་མཚན་འདང་ངེས་ཡོད་པས་གྲོགས་པོ་ཚོར་ཕུལ་བ་ཡིན།
དུས་ནམ་ཞིག་ནས་དབྱིན་ཡིག་ནང་སྲོལ་རྒྱུན་བོད་སྐད་དང་དེང་རབས་བོད་སྐད་(Classical Tibetan and Modern Tibetan)ཅེས་འབྲི་མགོ་བཙུགས་པ་མི་ཤེས། ད་བར་དུ་བོད་ལ་ཡོད་པ་ནི་ཁ་སྐད་དམ་ཕལ་སྐད། ཡང་ན་གྲོང་སྐད་ཟེར་བའི་རིགས་གཅིག་དང་ཡིག་སྐད་ཅེས་པ་དེ་ང་ཚོས་གང་འབྲི་བ་དེ་དང་བཅས་རིགས་གཉིས་ཀྱི་དབྱེ་བ་ཡོད་པ་རེད། མ་ཟད། སྔོན་གྱི་མཁས་པ་ཚོས་ཕལ་སྐད་དུ་ཡི་གེ་འབྲི་བ་ནི་ནོར་འཁྲུལ་ཞིག་དང་མ་འོས་པ་ཞིག་ཡིན་པའི་ངོས་འཛིན་གནང་ཡོད་པ་རེད། མཁས་གྲུབ་རྗེས་མཛད་པའི་སྨྲ་བ་རྣམ་པར་ངེས་པ་རབ་དགའི་འཇུག་ངོགས་ཞེས་པའི་ནང་། “སྦྲ་ལ་སྦ་དང་ཁྲི་ལ་ཁྱི༎ རལ་གྲི་ལ་ཡང་རལ་གྱི་དང་༎ འགྲོ་ལ་འགྱོ་དང་དེ་ལས་གཞན༎ ་་་་ སྡེབ་ལེགས་ཚིག་སྦྱོར་སྙན་དངགས་ལུས་མཛེས་ལ༎ རྒྱན་མངས་མདངས་ཀྱིས་ཇི་ལྟར་བཀྲ་ན་ཡང་༎ གྲོང་ཚིག་གཅིག་གིས་སྙན་དངགས་སྐལ་ངན་བྱེད༎ རྒྱན་མང་ན་ཆུང་སྣ་བཅད་ཇི་བཞིན་ནོ༎” ཞེས་བཀོད་པ་ཇི་བཞིན་དགེ་ཆོས་ཀྱི་གཏམ་རྒྱུད་གསེར་ཐང་ན་ཡང་འདུག་གོ།
ཁ་སྐད་དང་ཡིག་སྐད་བར་གྱི་རྣམ་དབྱེ་འདི་ནི་སྲོལ་རྒྱུན་གྱི་བོད་སྐད་དང་དེང་རབས་ཀྱི་བོད་སྐད་ཅེས་པའི་རྣམ་དབྱེ་འདི་དང་གཏན་ནས་མི་མཚུངས་པར་འདོད། ཁ་སྐད་དང་ཡིག་སྐད་ལ་ཁྱད་པར་ཡོད་པ་ནི་སུས་ཀྱང་ཁས་ལེན་མོད། འདི་ལ་ནི་དུས་ཚོད་ཀྱི་ཆ་ནས་དབྱེ་བ་འབྱེད་རྒྱུ་ཞིག་ཨེ་ཡོད། ༡༩༥༩ ལོའི་གོང་གི་བོད་སྐད་དང་། དེང་སང་གི་བོད་སྐད་ཅེས་དབྱེ་བ་འབྱེད་དུ་ཡོད་དམ། འདི་ཙམ་གྱིས་འཐུས་པ་ཞུ་ལ་དྲ་གྲོགས་ཚོས་ཀྱང་གླེང་སློང་གནང་བར་ཞུའོ༎
གལ་སྲིད་སྲོལ་རྒྱུན་གྱི་བོད་སྐད་དང་དེང་རབས་ཀྱི་བོད་སྐད་ཅེས་པའི་བོད་སྐད་མི་འདྲ་བ་གཉིས་ཡོད་ན། སྲོལ་རྒྱུན་བོད་སྐད་ཀྱི་མཚན་གཞིར་༡༩༥༨ལོའི་ཡར་སྔོན་གྱི་བོད་སྐད་གཙང་མ་དེ་དང་། དེང་རབས་བོད་སྐད་ཀྱི་མཚན་གཞིར་རྒྱ་སྐད་བོད་སྐད་འདྲེས་མ་དང་། དབྱིན་སྐད་བོད་སྐད་འདྲེས་མ་འདི་ལོས་ཀྱང་འཇོག དེའི་ཕྱིར་སྒོལ་སྒྲུ་སི་ཁྲན་གྱི་བོད་དབྱིན་ཚིག་མཛོད་དམར་པོ་ཧ་ཅང་མཐུག་པོ་དེའི་ནང་དུ་བོད་པའི་སྤྱི་ཚོགས་ཁྲོད་བེད་སྤྱོད་གཏོང་བཞིན་པའི་རྒྱ་སྐད་སྟོང་ཕྲག་མང་པོ་ཞིག་དེང་རབས་བོད་སྐད་ཡིན་མདོག་མདོག་གིས་བར་འཇུག་བྱས་ཡོད་པ་རེད། བོད་ནང་དུ་དེང་རབས་བོད་སྐད་བཤད་དུས་རྒྱ་སྐད་ཀྱི་མཛེས་རྒྱན་མེད་ན་ཤེས་རྨོངས་པར་བརྩི་བ་དང་། ཕྱི་བོད་སྤྱི་ཚོགས་སུ་བོད་སྐད་བཤད་དུས་དབྱིན་སྐད་ཀྱི་རམ་འདེགས་མེད་ན་གསར་འབྱོར་བུར་བརྩི་བ་འདིས་ཁོ་བོས་གོང་དུ་བརྗོད་པ་དེ་བདེན་པ་ཡིན་པའི་རྒྱབ་སྐྱོར་ཏོག་ཙམ་ཞིག་བྱེད་ཐུབ་པར་འདོད།
རྩོམ་པ་པོ།: རིགས་འཛིན་བསོད་ནམས།
སྔ་མོའི་སྐབས་སུ་བོད་སྐད་ཅེས་ལབ་པ་ཡིན་ན། དེ་ག་རང་གིས་བོད་རང་གི་སྐད་དེ་སྟོན་གྱི་ཡོད་ནའང༌། ཁ་སང་དེ་རིང་ལ་མཚོན་ན། སྲོལ་རྒྱུན་བོད་སྐད་དང་དེང་རབས་བོད་སྐད་ཅེས་ཅེས་བླ་དྭགས་ཀྱི་ཚིག་བསྣན་ན་ལས་བོད་སྐད་གང་ཞིག་སྟོན་པ་གོ་མི་ཐུབ་པར་གྱུར་ཡོད། དེ་ནི་འདི་འདྲ་སྟེ། བོད་སྐད་ཕྱོགས་གཉིས་སུ་གྱེས་པས་རེད། གཅིག་ནི་སྲོལ་རྒྱུན་ལབ་ནའང་འདྲ། བོད་སྐད་གཙང་མ་དེ་རེད། ཅིག་ཤོས་ནི་བོད་སྐད་ཡ་མ་ཟུང་དུ་གྱུར་པའི་ཆ་དེ་རེད། གཡང་སྐྱབས་རྒྱལ་ལགས་ནས་གསུངས་པ་ལྟར། ཁ་སྐད་དང་ཡིག་སྐད་གཉིས་ནི་སྒྲོམ་གཞི་མི་འདྲ་བ་གཉིས་ཡིན་ནའང༌། དེ་རིང་ཁ་སང་གི་བོད་སྐད་ཀྱི་རྣམ་དབྱེ་འདི་གཉིས་ནི། ཁ་སྐད་དང་ཡིག་སྐད་ཀྱི་སྒྲོམ་ཁྱད་ཙམ་ནི་མ་རེད། གང་ཡིན་ཟེར་ན། དེ་རིང་ཁ་སང་གི་བོད་སྐད་ནང་བོད་པ་རྒན་རབས་པས་ཁྱོན་ནས་གོ་བ་ལེན་མི་ཐུབ་པའི་ཐ་སྙད་མང་པོ་ཞིག་ཡོད་པས་རེད། དཔེར་ན། ཁ་སང་དྲ་ཁང་ཞིག་ནས་འདི་འདྲ་ཞིག་གོ་བྱུང༌། ཝེ་རང་སུ་ཡིན་པཱ། ཇོ་བཀྲ་ཤིས་ཡིན་པས། ང་ད་ལྟ་འདི་ན་ཡོད། གློག་ཀླད་ནང་འཛུལ་ནས་བསྡད་ཡོད། གློག་ཀླད་ལབ་ན་གློག་ཀླད་རེད་པཱ། ཞེས་ཡང་སྐོར་བསྐྱར་སྐོར་གྱིས་བཤད་མཇུག ཕན་ཚུན་བརྡ་མ་འཕྲོད་ནས། གྲོགས་པོ། གློག་ཀླད་ལ་ག་རེ་ལབ་དགོས་རཻད་དམ་ཞེས་འཁྲིས་ཀྱི་མི་ཞིག་ལ་དྲིང་སོང་ཞིང༌། མི་དེས་ཏན་ནོ་ལབ་དགོས་རེད་ལབ་སོང་བ་ལྟར། དེས་ཀྱང་ང་ཏན་ནོ་ནང་འཛུལ་ནས་བསྡད་ཡོད་ཅེས་ལན་སྤྲད་སོང་སྟབས། དེ་མཚམས་ནས་བརྡ་འཕྲོད་པར་གྱུར་པ་འདྲ། ཐ་སྙད་འདི་འདྲ་དག་གིས་བརྡ་མི་འཕྲོད་པར་བྱས་པ་རེད། དེ་ནི་དཔེར་ན། གློགཀླད་ལབ་ན། ཡི་གེ་ཤེས་མཁན་ཚོས་གོ་ཐུབ་པའི་ཐ་སྙད་རེད་དེ། བོད་ཀྱི་ཞིང་འབྲོག་མང་ཚོགས་ནང་ཐ་སྙད་དེ་ཐོག་མར་དར་སྐབས་སྐད་ཡིག་གཞན་གྱི་གདངས་དེ་ཐད་ཀར་བརྒྱུད་པ་ཡིན་སྟབས། ཏན་ཧྭ། ཏན་ཧྲིཏན་ནོ་སོགས་སུ་བརྗོད་ན་ལས། ཁ་པར། བརྙན་འཕྲིན། གློག་ཀླད་ཅེས་བརྗོད་པས་གོ་བ་སྟེར་དཀའ་བ་ཡིན། དེ་བཞིན་དུ་ཕྱིར་སྡོད་བོད་མིའི་སྤྱི་ཚོགས་ནང༌། ཧྥོན། ཊེ་ཝེ། ཁམ་ཕོའི་ཊར་ཞེས་ལབ་ན་ལས་བར་འཕྲོད་དཀའ་བ་ཡིན། འདི་འདྲ་དག་ནི་སྤྱི་ཚོགས་སྣ་ཚོགས་པ་དང་སྐད་ཡིག་སྣ་ཚོགས་པ་དང་བར་ཐག་ཉེ་རུ་སོང་བའི་རྟགས་ཤིག་རེད་དེ། བོད་སྐད་རང་གི་ཐ་སྙད་ས་དར་རྡོ་དར་མ་བྱུང་བའི་དབང་གིས་སྐད་ཡ་མ་ཟུང་དུ་སྒྱུར་བྱེད་ཆགས་ཡོད། དེ་ནས་ཁ་སྐད་དང་ཡིག་སྐད་གཉིས་རེད། ཁ་སྐད་ལབ་ན། ཁ་ནས་ལབ་སྟེ་ཕན་ཚུན་ལ་བརྡ་སྤྲོད་བྱེད་དང༌། ཡིག་སྐད་ལབ་ན། ཡིག་ཐོག་ཏུ་བཀོད་ནས་ཕན་ཚུན་ལ་བརྡ་སྤྲོདབྱེད་རེད་ཅེས་འགྲེལ་བཤད་བརྒྱབ་ཆོག་ནའང༌། དེ་གཉིས་རྣམ་པ་ཐམས་ཅད་ནས་ཐ་དད་ཅིག་ཏུ་བལྟ་མི་རུང་བ་དང༌། ཡང༌། རྣམ་པ་གཅིག་ཏུའང་བལྟ་མ་རུང་བ་སྟེ། དཔེར་ན། དབུས་པ་ཞིག་གིས་ཡིག་སྐད་དུ་བྲིསཔའི་རྩོམ་ཡིག་ཅིག ཨ་མདོ་བ་ཞིག་གིས་ཨམ་སྐད་ཀྱིས་བཀླགས་པའི་སྐབས་ན། དབུས་པ་དེས་རང་གི་རྩོམ་མི་གོ་བ་དང༌། དེ་བཞིན་དུ་ཨམ་མདོ་བས་བྲིས་པ་དབུས་པས་བཀླགས་པས་ཨ་མདོ་བས་མི་གོ་བ་ལྟ་བུ་ན། ཡི་གེ་ཤེས་མི་ཤེས་ཀྱི་ཁྱད་མ་རེད། སྐད་ཀྱི་གདངས་མ་གཅིག་པས་རེད། འདི་འདྲའི་ཁྱད་པར་དེ་ལ་ད་གཟོད་ཁ་སྐད་དང་ཡིག་སྐད་ཀྱི་ཁྱད་པར་ཟེར་གྱི་ཡོད་སྣང༌།
གོང་དུ་མི་གཉིས་ཀྱིས་གློག་ཀླད་ཀྱི་མིང་བརྡ་མ་འཕྲོད་པ་ནི་སྐད་ཡིག་གི་ཞན་ཆ་ཙམ་མིན་པར། ཐབ་ཀ་མ་གཏོགས་ས་ངོ་མི་ཤེས། ཕ་མ་མ་གཏོགས་མི་ངོ་མི་ཤེས་པའི་གྲོང་གསེབ་ཀྱི་ཤེས་ཡོན་པ་གཉིས་འཕྲད་པ་ལས་བྱུང་བ་རེད་བསམ། དེའི་ཕྱིར་ངས་བོད་སྐད་ཧྲིལ་བོ་ལ་གོམས་འདྲིས་བྱེད་དགོས་ཟེར་བ་ཡིན།
མདོ་དོན་ང་ཚོས་རང་གི་ཀླད་པ་ཆེ་རུ་གཏོང་དགོས་པ་ལས་སྐད་ཡིག་ཉུང་དུ་གཏོང་རྒྱུ་མེད་པ་རེད།