ཨོ་རྒྱན་ཉི་མ།
སྤྱིར་བཏང་གང་ཟག་མཆོག་དམན་གཉིས་སུ་ཕྱེ་སྟེ། མཆོག་ལ་བྱ་དགའ་སྤྲོད་པ་དང་། དམན་ལ་ཉེས་ཆད་གཏོང་བ་དེ་དགོས་ངེས་ཤིག་དང་། དུས་ནམ་ཡང་མི་ནུབ་པར་འཛིན་དགོས་རྒྱུའི་གལ་གནད་ཅིག་རེད། གང་ཟག་མཆོག་དམན་ཟེར་ཡོང་དུས་བཙན་པོ་དང་། དབང་ཡོད་ཀྱིས་མཐོན་པོར་ཆགས་པ་དང་། དོན་གཉིས་སྨན་པའི་རྣམ་དཔྱོད་ཀྱིས་ཕྱུག་པའི་གང་ཟག་ཡོན་ཏན་གྱིས་མཐོན་པོར་ཆགས་ པ་གཉིས་སུ་ཡོད་པ་ལས། སྔ་མ་དེ་བླུན་པོ་དང་། ཕྱི་མ་དེ་མཁས་པ་རེད། དེ་ཕྱིར་མཁས་པ་ལ་གཟེངས་བསྟོད་མེད་ན་བླུན་པོ་ངོ་སོ་མཐོ་བ་དང་། བླུན་པོ་ལ་ཆད་པ་མེད་ན་མཁས་པའི་རིན་ཐང་བརླགས་ངེས་པས་ན། མཁས་བླུན་དང་། མཆོག་དམན་མ་ནོར་བའི་སྒོ་ནས་ལེགས་ཉེས་འདེམས་པ་ལ་བྱང་ཆུབ་པར་བྱ་དགོས་པར་མ་ཟད། དུས་ནམ་ཡང་ནོར་མི་རུང་བ་དེ་ཡང་གལ་གནད་ཅིག་རེད། འདི་ནི་དབུ་མའི་ལམ་པ་དང་། རང་བཙན་རྩོད་མཁན་གཅིག་པུ་ལ་དམིགས་ནས་བཤད་པ་མིན་པར། ཕྱོགས་ཐམས་ཅད་ལ་གོ་དགོས་པའི་གན་རྒྱ་ཡིན། རང་ཉིད་ཆོས་པ་ཞིག་ཡིན་པའི་ཆ་ནས་དང་། གཞུང་ཆེན་ཁག་ལ་ཐོས་བསམ་བྱེད་མཁན་ཞིག་གི་གོ་ས་བཟུང་ཡོད་པའི་ཆ་ནས་བལྟས་ན། གྲྭ་བ་དང་། བཙུན་མ། ཆོས་པ་ཚོས་དབུ་མའི་ལམ་གྱི་སྣེ་མོ་འཛིན་དགོས་པ་དང་། དེ་ཉིད་ལ་ཤུགས་སྣོན་རྒྱག་ན་དུས་ནམ་ཡང་མི་རིགས་དང་། རིག་གཞུང་ལ་གྱོང་གུད་དང་། ཉམ་ཆག་ཅིག་ཡོད་པར་མི་སེམས་ལ། དེ་ནི་ཆོས་དང་མི་འགལ་ཞིང་། འཇིག་རྟེན་ཡ་རབས་སྤྱོད་པ་དང་མི་འགལ་བའི་ལམ་བཟང་ཞིག་ཡིན་པ་ནི་མགྲིན་པ་བཏེགས་ཏེ་སྨྲ་བར་སྤོབས། རང་བཙན་རྩོད་དྲན་ན་མི་སྐྱ་ཞིག་ཡིན་དགོས་པ་དང་། དེ་ཡང་ཆགས་སྡང་རང་མཚན་པ་ཡིད་ཡུལ་ནས་དུས་ནམ་ཡང་འདོར་མི་ཐུབ་པར་མ་ཟད། བོད་རང་དང་། དགོས་རང་ཉིད་ལས་གཞན་པའི་བསམ་པ་རྒྱ་ཆེན་པོ་ཞིག་མེད་མཁན་ཞིག་དགོས་པ་དེ་ཡང་དངོས་ཀྱི་གནས་སྟངས་རེད། རང་བཙན་རྩོད་མཁན་ཚོར་བསམ་བློ་བཏང་བ་ཡིན་ན་གང་ཟག་སྒེར་རང་ངོས་ནས་གང་ཟག་དང་། ཆབ་སྲིད་དང་། དཔལ་འབྱོར་གྱི་ཤེས་ཡོན་གྱི་ཆ་ནས་དམན་པ་ཞིག་ཏུ་འཛིན་མི་རུང་བ་དང་། ཁྱེད་ཚོའི་མདུན་བསྐྱོད་དེ་མཐའ་གཅིག་ཏུ་བསྐྱུར་དགོས་ཞེས་བཤད་པའི་སྤོབས་པ་མེད་ལ། ཁྱེད་ཚོའི་ལས་དེ་འཇིག་རྟེན་མི་ཆོས་ཀྱི་ཕྱོགས་ནས་བཤད་ན་དགོས་ངེས་ཤིག་ཡིན་ཡང་། དབུ་མའི་ལམ་པ་དང་བསྡུར་ན་བསམ་བློ་རྒྱ་ཆུང་བ་དང་། དམིགས་ཡུལ་རང་ཕྱོགས་ཁོ་ན་བཟུང་ཡོད་པའི་ཆ་ནས་མཆོག་དམན་གཉིས་ལས་དམན་པ་ལས་འགྲོ་ས་མེད་པ་རེད། དབུ་མའི་ལམ་དང་རང་བཙན་རྩོད་མཁན་གཉིས་ཀྱི་གང་ཟག་དང་། དེ་དག་གི་རྣམ་དཔྱོད། དམིགས་ཡུལ་དང་། དགོས་པ། གྲུབ་འབྲས་གང་ལ་བསམ་བློ་བཏང་བ་ཡིན་ན། བོད་ཀྱི་གང་ཟག་ཆེ་བ་ཕལ་མོ་ཆེས་དབུ་མའི་ལམ་གྱི་ཕྱོགས་སུ་ཡོད་པ་དང་། དེ་དག་ནི་ལུགས་གཉིས་ཀྱི་མཁྱེན་རྒྱ་ཆེ་བ་དང་། རྒྱ་བོད་གཉིས་དང་འཛམ་གླིང་སྤྱི་ལ་སྨན་པའི་བསམ་བློ་རྒྱ་ཆེ་བ་དང་། རང་གི་རིག་གཞུང་གི་རིན་ཐང་དང་། མི་རིགས་ཀྱི་ཡ་རབས་སྤྱོད་བཟང་དག་འཇིག་རྟེན་འདིར་ཡུན་རིང་གནས་ཐུབ་པའི་དགོས་ པ་དང་། ཤར་ནུབ་ཀྱི་སྐྱེ་བོ་ཕལ་མོ་ཆེ་སེམས་ན་བཅོས་མིན་གྱི་བརྩེ་བ་དང་། བྱམས་པ། སྙིང་རྗེའི་ས་བོན་བསྐྲུན་ཐུབ་ཡོད་པའི་ཆ་ནས་གྲུབ་འབྲས་ཆེ་བ་དང་། རང་བཙན་རྩོད་མཁན་གང་ཟག་དཀྱུས་མ་ཡིན་པར་མ་ཟད། དེའི་ནང་ནས་ཆ་ཤས་ཤིག་ལས་མེད་པ་དང་། དེ་དག་གིས་ཆབ་སྲིད་ཀྱི་དགོས་དབང་ཁོ་ན་ལ་ལྟོས་པའི་ཕྱོགས་སུ་ལྷུང་བ་དང་། བོད་རང་ལས་གཞན་ལ་བསམ་བློ་མེད་པ་དང་། དགོས་པ་ཡང་འགྲུབ་མིན་གྱི་ཐེ་ཚོམས་ཀྱི་གནས་སུ་གྱར་བར་མ་ཟད། གྲུབ་འབྲས་ཀྱང་མངོན་གསལ་དོད་པོ་ཞིག་ད་ལྟ་བསྟན་དུ་མེད་པར་མ་ཟད། བོད་རང་ཁོ་ན་ལ་དགོས་པའི་རང་དབང་ཞིག་ལ་འདུན་པ་གཏད་དྲག་པ་དང་། གཞན་ལ་གནོད་པའི་བསམ་སྦྱོར་གྱི་རང་འདོད་ཁོ་ན་གཙོ་ཆེར་འཛིན་དྲག་ན་གཞུག་ནས་གྲུབ་འབྲས་ལ་ཡང་སྐྱོན་རྒྱག་སྲིད་པས་རྒྱ་ཆུང་བ་རེད།
བོད་ཀྱི་ཆོས་དང་རིག་གཞུང་གིས་མ་འཇོན་ནས་རང་བཙན་ཤོར་སོང་བ་དང་། བོད་ཀྱི་རང་དབང་བརླགས་སོང་ཟེར་མཁན་མང་པོ་རེད། དེ་ནི་གནས་སྐབས་དང་མཐར་ཐུགས་གང་ལ་བསམ་བློ་བཏང་བ་ཡིན་ན་བླུན་པོའི་གཏམ་དུ་ངེས་པ་དང་། བསམ་བློ་བཏང་མ་ཤེས་པའི་སྐད་ཆ་རེད། ལོ་ངོ་སྟོང་ཕྲག་གཅིག་དང་སུམ་བརྒྱ་ལྷག་གི་ལོ་རྒྱུས་ལ་ཕྱིར་བལྟས་བྱས་པ་ཡིན་ན་བོད་མི་རིགས་མེད་ས་ནས་ཡོད་སར་དང་། རིག་གཞུང་གིས་དབུལ་བའི་ཤེས་རྨོངས་ལས་ཤེས་ལྡན་དང་། མི་ལ་ངོམ་རིན་ཡོད་པ་དང་། རང་གི་ཉར་རིན་ཡོད་པའི་བོད་ཀྱི་རིག་གཞུང་འདི་ཆོས་ལ་བརྟེན་ནས་བྱུང་བ་དང་། ཆོས་དང་། བོད་ཀྱི་བརྡ་སྤྲོད་པའི་གཞུང་འདི་དག་མེད་ན་རྒྱལ་ཁབ་གཞན་པའི་མངའ་ཁོངས་སུ་སྔོན་ནས་གྱུར་ཡོད་པར་མ་ཟད། སྐད་ཡིག་ཀྱང་ལོགས་སུ་མེད་པའི་མི་རིགས་ཤིག་ཏུ་འགྱུར་ཡོད་ངེས་རེད། རང་བཙན་རྩོད་མཁན་ཚོས་བོད་ཀྱི་ཆབ་སྲིད་ནང་གྲྭ་བ་ཚོ་འཚང་མ་འོངས་ཞེས་དངོས་སམ་བརྒྱུད་ནས་བཤད་བཞིན་པ་དང་། བཤད་པ་དེ་དོན་ལ་མཐུན་པའི་གཏམ་དུ་མཐོང་། སྔོན་གྱི་དུས་སུ་ཆོས་སྲིད་གཉིས་གྲྭ་བས་བསྐྱང་མི་རུང་ཡང་། མ་བསྐྱང་རང་སྐྱོང་རེད། མི་སྐྱའི་ནང་དུ་ཡོན་ཏན་ཡོད་མཁན་ཉུང་ཉུང་རེད། གླང་དར་མས་ཆོས་རྒྱལ་གྱི་དབུ་འཕངས་སྨད་པ་དང་། དཔལ་གྱི་རྡོ་རྗེས་གླང་དར་བསད་པ་གཉིས་ཀྱིས་བོད་ཀྱི་ཆོས་སྲིད་གཉིས་ཉམས་དམས་པར་གྱུར་སོང་བ་རེད། དེའི་རྗེས་ནས་བོད་བླ་མས་སྐྱོང་བ་ནས་ད་ལྟའི་བར་མཇུག་མ་དྲིལ་བ་རེད། ད་ལྟ་མི་སྐྱ་ཚོས་ཤུགས་རྒྱག་པའི་དུས་ཚོད་ལ་བསླེབ་པ་རེད་ལ། དེང་སང་ཆབ་སྲིད་སྦྱང་ན་ནུབ་ཕྱོགས་པའི་ཆབ་སྲིད་སྦྱང་དགོས་པ་དང་། ཤར་ནུབ་གཉིས་སུ་ཆབ་སྲིད་ནུབ་ཕྱོགས་ཅན་དུ་ལ་ལར་བསྒྱུར་ཟིན་པ་དང་། འགའ་ཞིག་ཏུ་སྒྱུར་བཞིན་པ་རེད། ཆབ་སྲིད་ནུབ་ཕྱོགས་པའི་ལམ་ལུགས་སུ་བསྒྱུར་ན་ཁེ་བཟང་ཞིག་རག་རྒྱུད་ཡོད་སྣང་མི་འཆར་ཡང་། ཁྱེད་ཅག་གི་འདོད་པ་རེད། ནུབ་ཕྱོགས་པའི་ཆབ་སྲིད་ཕལ་མོ་ཆེ་རིག་གསར་བསྐྱར་དར་དུས་ཀྱི་ཆབ་སྲིད་དང་། རིག་གསར་གྱི་ལྟ་གྲུབ་སྙིང་པོ་དེ་རང་མཐོང་དང་། ང་རྒྱལ། འགྲན་རྩོད་གཞིར་བཞག་གི་ཐོགས་ནས་བཞག་པ་ཞིག་ཡིན་དུས་རྩ་ནས་རྙོག་དྲ་མེད་པ་དང་། འགྲན་རྩོད་མེད་པ་། ཞི་བདེའི་རྒྱལ་ཁབ་ཅིག་ཏུ་འགྱུར་ཐུབ་པ་ཁག་པོ་རེད་ལ། དེའི་ནང་ནས་སྲོལ་རྒྱུན་གྱི་ཡ་རབས་སྤྱོད་བཟང་གི་རིག་གཞུང་སྲོག་རྩ་གཅོད་ཅིང་། ཡོད་ཚད་ནུབ་ཕྱོགས་ཅན་དུ་འགྱུར་འགྲོ་ངེས་རེད། ནུབ་ཕྱོགས་པའི་ཆབ་སྲིད་ལ་དེ་འདྲའི་ནུས་པ་ཞིག་དང་། རྐྱེན་པོ་ཞིག་ཡོད་པའི་རྒྱུ་མཚན་དེ་ཡང་། ཆབ་སྲིད། དཔལ་འབྱོར། ཚན་རིག་གསུམ་གཅིག་གྲོགས་གཅིག་ལ་བརྟེན་ནས་བྱུང་བ་ཤ་སྟག་རེད། གང་ན་ནུབ་ཕྱོགས་པའི་ཆབ་སྲིད་ཡོད་ན་དེ་ལ་དཔལ་འབྱོར་དང་ཚན་རིག་གཉིས་ཡོད་ཡོད་ པ་དང་། ཆབ་སྲིད་མེད་པའི་ནུབ་ཕྱོགས་པའི་ཚན་རིག་དང་། དཔལ་འབྱོར་ཡོད་མི་སྲིད་ལ། ཆབ་སྲིད་ཀྱི་དཔུང་ཤུགས་དཔལ་འབྱོར་ལ་བརྟེན་པ་དང་། དཔལ་འབྱོར་གྱི་རྒྱབ་བསྐྱོར་ཚན་རིག་གིས་བྱེད་བཞིན་པ་དང་། དེ་གསུམ་ཆུ་དང་ཆུ་ལོན་བཞིན། མེ་དང་བུད་ཤིང་བཞིན་ནང་ཕན་ཚུན་གྲོགས་བྱས་པ་ལ་བརྟེན་ནས་བྱུང་བ་རེད། སྲོལ་རྒྱུན་གྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གཞུང་གསུམ་རང་ས་ན་རང་དབང་གིས་འཚོ་བ་ལས། ཕན་ཚན་མེད་ན་མི་འབྱུང་གི་འབྲེལ་བ་གྲུབ་ཐུབ་པ་ཁག་པོ་རེད། དེ་ཕྱིར་ཆབ་སྲིད་དང་། དཔལ་འབྱོར། རིག་གཞུང་གསུམ་མཉམ་དུ་འགྲོ་མི་ཐུབ་པ་དང་། ཐུབ་པ་གཉིས་ལས་འགྲོ་མི་ཐུབ་པ་དེ་མང་ཤོས་རེད། དཔེར་ན་བོད་ཀྱི་ཆོས་ཉམས་སུ་ལེན་མཁན་ཞིག་གིས་ཆབ་སྲིད་ཤུགས་དྲགས་སོང་ན། ཆོས་ཤོར་བ་དང་། ཆོས་ཤུགས་ཆེ་དྲགས་སོང་ན་ཆབ་སྲིད་ཤོར་བ་དང་། དཔལ་འབྱོར་ལ་ཤུགས་ཆེ་སོང་ན་གཉིས་ཀ་ཤོར་འགྲོ་བ་ལས། དེ་གསུམ་གཞི་གཅིག་ཏུ་ཉམས་སུ་བླངས་ཐུབ་མཁན་དཀོན་པོ་རེད། དེ་ཕྱོགས་གཞན་ཞིག་ནས་བཤད་ན་རང་བཙན་ཤོར་སོང་བ་མ་རེད། བཏང་བཞག་པ་རེད། ནང་པའི་ཆོས་གཞུང་ནས་ཁེ་དང་རྒྱལ་ཁ་གཞན་ལ་སྦྱིན། གྱོང་དང་སྦུབ་ཁ་རང་གིས་ལེན་གསུང་པ་བཞིན་ཆོས་ཉམས་ལེན་བྱེད་མཁན་ཞིག་གིས་དགྲ་ ལ་བརྒོལ་ལན་སློག་དགོས་ཐུག་དུས་ལས་སླ་མོ་ཞིག་གང་ན་ཡོད། དེ་ཕྱིར་བོད་ཀྱི་རྣམ་དཔྱོད་ཅན་ཕལ་ཆེ་བ་གྲྭ་བ་དང་། མཁན་སྤྲུལ་ཚོ་རེད། གོང་ན་བཞུགས་པའི་མཁན་སྤྲུལ་ཚོས་དངོས་སུ་དགྲ་དང་གདོང་གཏུགས་ཏེ་རྒྱག་རེས་མི་སྲིད་པ་དང་། འོག་མ་ཚོས་ཡ་ལན་བྱས་ཁུལ་བྱས་ཀྱང་དམག་དང་། གོ་མཚོན་ལ་བྱང་ཆ་མེད་པའི་ཐོག ཆོས་རབ་རྣམ་དབྱེད་ཀྱི་མི་ལྡོང་བ་ཤ་སྟག་རེད། དེ་ཕྱིར་ཡོད་ཚད་ཤོར་སོང་བ་རེད། དེ་དག་ཚང་མ་ཆོས་ཀྱི་ལན་པ་རེད་ཟེར་རྒྱུ་མ་ཡིན་པར། ཆོས་པའི་མཚན་གྱི་ཅོད་པན་འཆང་མཁན་ཚོས་ཆོས་དང་ཆབ་སྲིད་གཉིས་ཀ་སྲ་བརྟན་མེད་པའི་ལས་ཤིག་གམ། ཡང་ན་ཆོས་ཕྱོགས་ལ་རིན་ཐང་ལྟ་བ་ཚོས་གཞན་ལ་འཚེ་བ་དགེ་སྦྱོང་མ་ཡིན་པའི་ལས་ལ་འཇིགས་ཏེ་ཡུལ་གྱར་དུ་བསླེབ་བཞག་པ་རེད།
གང་ལྟར་ཡང་བཙན་བྱོལ་བོད་གཞུང་དང་། སྒྲིག་འཛུགས་ཀྱི་བར་དབུ་མའི་ལམ་ལ་ཤུགས་སྣོན་མ་རྒྱག་པར། དང་པོ་ཉིད་ནས་རང་བཙན་ཞིག་ལ་རྩོད་བསྡད་ན། ད་ལྟའི་གཟི་འོད་འཕྲོ་བའི་བོད་ཀྱི་རླབས་ཆེན་གྱི་གཟི་བརྗིད་དང་། མི་རིགས་ཡོད་ཚད་ཀྱི་མདུན་དུ་ངོམ་རུང་བའི་རིག་གཞུང་ཡང་མེད་ངེས་པ་དང་། བོད་ཅེས་འཇིག་རྟེན་གྱི་སྐྱེ་བོ་ཕལ་མོ་ཆེའི་ཡིད་ལ་མཛའ་ཞིང་། མགྲིན་ན་མཛེས་པ་དེ་ཡང་མེད་པར་མ་ཟད། ད་ལྟ་བཙན་བྱོལ་བོད་པ་ཚོ་འཚེ་བའི་སྤྱོད་པའི་ཚོགས་སྡེ་ཞིག་ཏུ་གྱུར་ཡོད་ངེས་ རེད། དེང་སང་བཙན་བྱོལ་དུ་རང་བཙན་རྩོད་མཁན་ཚོ་ཡང་འཚེ་བའི་སྤྱོད་པ་ལ་ཅུང་ཟད་འཛེམས་ བག་དང་། བསྟུན་མཁས་ཀྱིས་ཞི་བའི་འཐབ་རྩོད་ལ་ཞུགས་པ་དེ་ཡང་དབུ་མའི་ལམ་གྱི་བྱིན་བརླབས་ རེད། གལ་སྲིད་དབུ་མའི་ལམ་མེད་རྒྱུ་ན་རང་བཙན་རྩོད་མཁན་གཞན་པ་ཚོ་དང་། བོད་ཀྱི་ན་གཞོན་བསམ་མེད་འགའ་ཞིག་ནང་བཞིན་རྐུབ་བསྟན་པ་དང་། པར་རལ་བ། ངན་སྨྲས་དང་། མཚང་འབྲུ་བྱེད་མཁན་ཞིག་ལས་གཞན་པ་ཡོད་མི་སྲིད་པ་དང་། རྒྱ་གར་གཞུང་གཙོ་བོར་གྱུར་བའི་རྒྱལ་ཁབ་རིམ་པས་བཙན་གནོན་འོག་ཏུ་བཅུགས་ཚར་ཡོད་རྒྱུ་རེད། ད་ལྟ་མིའི་མདུན་ནས་ལང་ཐུབ་པ་དང་། གར་འགྲོ་རང་དབང་དང་། གང་བཤད་ཆོག་མཆན་རག་བསྡད་པ་དེ་ཡང་དབུ་མའི་ལམ་གྱི་བཀའ་དྲིན་ཡིན་པ་ཤེས་དགོས་པ་དང་། དབུ་མའི་ལམ་མེེད་ན་བོད་ཀྱི་བདེན་མཐའ་གསལ་མི་ཐུབ་པ་དེ་ཡང་ངེས་པར་བསམ་བློ་གཏོང་དགོས་སའི་གལ་གཏད་ཅིག་ཡིན། བོད་ཀྱི་སྐྱེ་བོ་ཕལ་མོ་ཆེར་རང་བཙན་དགོས་མཁན་ལས། མི་དགོས་མཁན་ཞིག་ཡོད་ཚོད་མ་རེད། ཡིན་ན་ཡང་དགག་བྱ་དང་དགོས་པ། གནས་སྐབས་དང་མཐར་ཐུག ཁེ་དང་གྱོང་། འཇོན་ཐང་ཡོད་མེད་སོགས་ལ་གཞིགས་ཏེ། གཏམ་བཤད་དགོས་པ་དང་། ལག་ལེན་བསྟར་དགོས་པ་ལས། སྔོན་ཞིག་ལ་རང་བཙན་ཡིན་པ་ཙམ་གྱིས་ད་ལྟ་ལེན་ཆོག་ཆོག་ཅིག་དང་། ལོ་རྒྱུས་ཁུངས་བཙན་ཡོད་པ་ཙམ་གྱིས་ཉམས་འོག་ཏུ་ཚུད་ཡོང་བ་ཞིག་མ་རེད། སྔོན་གྱི་དུས་སུ་རྒྱ་དམག་གི་རྐང་ལ་ལྷམ་མེད། རྒྱབ་ལ་གོས་མེད། ཁ་ལ་ཟས་མེད་ནས་བསླེབས་ཡོང་དུས་ཡ་ལན་མ་ཐོན་པ་རེད། དེང་སང་ས་འོག་ནས་བྱི་ལྟར་འཛུལ། ཆུ་ནང་ཉ་ལྟར་བསྐྱལ། གནམ་ནས་བྱ་ལྟར་འཕུར་ཏེ་དམག་དང་གོ་མཚོན་སྔོན་ལས་བརྒྱ་སྟོང་ཁྲི་ཕྲག་གིས་སྟོབས་ཆེ་བར་གྱུར་དུས་ཁ་གཏད་དུ་ལང་པ་ནི་ངོ་མ་བརྟུལ་ཕོད་རེད་ཡ།
དབུ་མའི་ལམ་ལ་བརྟེན་ནས་རང་བཙན་དང་། རང་སྐྱོང་མ་ལོན་རུང་ཕྱོགས་གཅིག་ནས་གྱོང་མེད་པ་རེད། འཛམ་བུ་གླིང་མི་ཚོགས་ཀྱི་མདུན་དུ་བོད་མི་རིགས་དང་། རིག་གཞུང་ཟེར་དུས། མཐོང་བ་ཙམ་གྱིས་ཡིད་དུ་འོང་ཞིང་། བསམ་པ་ཙམ་གྱིས་སེམས་ཐག་ཉེ་བ་ཞིག་ནི་དུས་གཏན་དུ་ལྷག་ཡོད་པས་རེད། རང་བཙན་རྩོད་ནས་མ་ལོན་ན། འཐབ་རྩོད་བྱས་ཏེ་མ་རྒྱལ་ན་གཞུག་ནས་གང་བྱ་རྒྱུ་ཡིན། འཐབ་རྩོད་ཀྱི་མཇུག་འབྲས་རྒྱལ་ཕམ་རེད། བོད་པས་འཐབ་རྩོད་ཀྱིས་རྒྱལ་ཁ་མི་ལོན་པ་དེ་ཐག་བཅད་དེ་སྨྲ་ནུས་པ་རེད། རྒྱལ་ཁབ་གཞན་དང་། མི་རིགས་གཞན་པས་རམས་འདེགས་ཀྱིས་དམག་དང་། གོ་མཚོན་སྤྲད་པ་ཁག་པོ་རེད། གལ་སྲིད་སྤྲོད་པའི་དབང་དུ་དབང་བཏང་རུང་དེ་ནི་དུས་གཏན་མི་རུང་བ་དང་། མི་འོས་པའི་བྱ་བ་ཞིག་རེད། བོད་ཀྱི་སྣོད་བཅུད་ཡོངས་རྫོགས་ཉམས་ཆག་ཏུ་བཏང་། གཡས་གཡོན་གྱི་ཁྱིམ་མཚེས་ཚང་མ་མི་བདེ་བར་བཟོས་ཏེ། ས་སྟོང་ཞིག་རག་ན་གང་བྱས། དགོས་འབྲས་མེད་སོང་བ་རེད། ད་དབུ་མའི་ལམ་དང་འབྲེལ་བའི་ལམ་ཁ་གསུམ་ཡོད་པ་ལས། གཅིག་ནི་རྒྱ་ནག་གཞུང་ལ་ཞུ་བ་རྒྱག་རྒྱུ་རེད། གཉིས་པ་རྒྱ་ནག་ནང་ལོག་འགྱུར་བ་འགྲོ་མིན་བསྒུག་རྒྱུ་རེད། གསུམ་པ་དེ་བོད་ཀྱི་ཡོད་ཚད་བློས་གཏོང་ཐུབ་དགོས་པ་རེད། དེང་སང་གདན་ས་དང་། བཤད་གྲྭ་ཁག་ཏུ་གྲྭ་བ་འགའ་ཞིག་གིས་ད་དཔེ་ཆ་ལྟ་རྒྱུ་མིན། རྗེས་ནས་བེད་ཆོད་ཡོང་ས་མ་རེད་ཟིན་གྱིན་འདུག་ཟེར། བེད་ཆོད་ཡོང་མིན་ཟེར་བ་དེ་ཁྱེད་རང་གི་རིག་གཞུང་ཡིན་མིན་ལྟ་རྒྱུ་རེད་མ་ གཏོགས། དེ་ལ་བརྟེན་ནས་དངུལ་སྒྲུབ་པ་དང་། དེས་དབང་བསྒྱུར་བྱ་ཐུབ་མིན་ལ་རག་ལས་པ་ཞིག་ཡིན་པར་མི་སེམས། དེ་ཕྱིར་རང་གི་རིག་གཞུང་དེ་ཉིད་རང་གི་སྲོག་དང་འབྲེལ་ཡོད་པར་བསམ་པ་ལས། རང་གི་ལག་ཆ་དང་། ཡོ་བྱད་ཉིད་དུ་འཛིན་མི་རུང་བ་རྟོགས་དགོས་པར་སེམས་སོ། ། དབུ་མའི་ལམ་མེད་ན་ཆོལ་གསུམ་ཆིག་སྒྲིལ་ཡོངས་མི་སྲིད་ལ། དབུ་མའི་ལམ་མེད་ན་ཆོས་ལུགས་མཐུན་སྒྲིལ་ཡོང་ཐབས་བྲལ་བ་དང་། དབུ་མའི་ལམ་མེད་ན་བོད་ཀྱི་རིག་གཞུང་གི་རིན་ཐང་དང་། བདེན་དཔང་གོ་ལའི་ངོས་སུ་མཆེད་མི་སྲིད། དེང་སང་བོད་ཀྱི་གཞོན་ནུ་ཚོགས་པ་དང་། བུད་མེད་ཚོགས་སོགས་ཚོགས་པ་བྱེ་བྲག་ཡོངས་ཀྱིས་འཛམ་གླིང་གང་དུ་སོང་ཡང་ལམ་རག་བསྡད་པ་དང་། གཏམ་བཤད་ཀྱི་རང་དབང་རག་རྙེད་བསྡད་པ་དེ་བསམ་ཤེས་ན་དབུ་མའི་ལམ་གྱི་དྲིན་རེད། དེ་ཕྱིར་དབུ་མའི་ལམ་ནི་བོད་ཀྱི་ཆོས་སྲིད་ལ་སྨན་པའི་ལམ་བཟང་ཞིག་དང་། ཕུན་སུམ་ཚོགས་པ་ཞིག་ཡིན་པ་ལ་མགྲིན་པ་བཏེགས་ཏེ་སྨྲ་བར་སྤོབས།
དངོས་ནས་ཆབ་སྲིད་དཔྱད་བརྗོད་པའི་བཟོ་ཞིག་ཁྱོན་ནས་མི་འདུག དགོངས་འགལ་མེད་པ་ཞུ། ཕྱི་དྲོ་ལ་ག་ལེར་བསམ་ཚུལ་བཤད་ཆོག
སྤྲུལ་ལོའི་ཆབ་སྲིད་མི་ཤེས་བས་དགོངས་འགལ་མེད་པ་ཞུ།
རྩོམ་ཡིག་འདི་མཐོང་བས་སྤྲེལ་ཀླད་ལ་བྱང་གོམས་ཆེ་བའི་མི་ཞིག་ཡིན་པ་ཏག་ཏག་ཤེས་ཀྱིན་འདུག སྙིང་རྗེ་ཁོ་པས་ཆབ་སྲིད་དཔྱད་བརྗོད་ཡིན་ཁུལ་རེད། འདི་ནི་ཆབ་སྲིད་དཔྱད་བརྗོད་ཞིག་གཏན་ནས་མ་རེད། འོ་ན་ཅི་རེད་ཟེར་ན་ཁོ་རང་གི་ནང་ཆ་མི་གཙང་བས་གོས་པ་དེ་ཕྱིར་མངོན་བྱེད་ཅིག་རེད། དེ་ལས་མང་བ་བཤད་འདོད་མེད་དོ།
ཡང་ཁ་སྟོང་ནང་གི་ཚིག་སྟོང་ཚིག་སྟོང་ནང་གི་དོན་སྟོང་བཤད་མཁན་གྱི་ཁ་བོ་ཆུ་སྲིན་གྱི་ཁ་ནང་བཞིན་གདང་མཁན་ཞིག་སླེབས་སོང་། བོད་དང་བོད་མི་རིགས་འདི་སྐྱེལ་ས་གཅིག་ལ་བསྐྱལ། ལྷུངས་ས་ས་གཅིག་ལ་ལྷུངས་བཅུགས་མཁན་དེ་ཆོས་ཕྱོགས་ཀྱི་མི་སྣ་ཁོ་ན་ཡིན། ཁོ་ཚོས་ཁ་ནས་ནང་པའི་ལྟ་གྲུབ་ཀྱི་བྱམས་སྙིང་རྗེ་མ་ཎི་འདོན་འདོན་བྱེད་ཀྱང་དོན་ངོ་མར་རང་དོན་ཁོག་བཅུགས་དང་གྲུབ་མཐའི་ཕྱོགས་ལྷུངས་ཀྱིས་མི་གསོད་ཁྲག་སྦྱོར་བྱེད་པར་ཡ་ང་སྙིང་རྗེ་སྤུ་ཙམ་ཡང་མེད་ལ། འཇིག་རྟེན་རང་བཞིན་གྱི་བྱ་བ་ཐམས་ཅད་ལ་སྡིག་པ་ཡིན་ཚུལ་གྱིས་འཇིག་རྟེན་མི་ཆོས་རིང་ལུགས་ལ་དམའ་འབེབས་དང་གཉའ་སྣོན་ཤུ་ཞོག་ཚད་མེད་གཏོང་ལ། བོད་རྒྱལ་ཁབ་དང་བོད་མི་རིགས་རང་བཞིན་ལ་བསམ་བློ་སྤུ་ཙམ་ཡང་མེད་པར་ད་དུང་ཡོད་ཚད་མགོ་འབུལ་ལུས་འབུལ་གྱིས་གཞན་ལ་ཆོས་སྦྱིན་ཡིན་མདོག་སྨྲ་བ་ནི་མི་རབས་ནས་མི་རབས་རྗེས་མར་ངོ་ཚ་དང་ཞེ་ཁྲེལ་ཟེར་བ་བློ་ཡུལ་ལ་མེད་པ་དེ་རེད། དེའི་འབྱུང་ཁུངས་ལ་རྩད་གཅོད་བྱས་ན་ཆོས་འབག་གྱོན་པའི་ཤན་པ་ལྷ་ལུང་དཔལ་རྡོར་གྱིས་བོད་རྒྱལ་ཁབ་དང་བོད་མི་རིགས་གཅིག་ཁ་ཐོར་འགྲོ་རྒྱུར་ཅི་ཡང་མི་སེམས་པར་གྲུབ་མཐའ་གཅིག་གི་དོན་དུ་བཙན་པོའི་གདུང་རྒྱུད་ངོ་མ་ལྷ་སྲས་དར་མ་བཀྲོངས་ནས་བྲོས་བྱོལ་དུ་ཕྱིན་པ་རེད། བྱས་ཙང་བཙན་པོའི་དབང་བསྒྱུར་ནུས་ཤུགས་ཀྱི་བོད་རྒྱལ་ཁབ་གོང་བུ་གཅིག་བསྒྱུར་དེ་གཏོར་ཤིག་བཏང་ནས་བོད་སིལ་བུར་འགྲོ་དགོས་པ་བཟོས་པ་རེད། དེ་ནས་མི་ལོ་བཞི་བརྒྱ་ལྷག་ཙམ་རྗེས་ས་སྐྱས་རང་ཉིད་སྲིད་དབང་སྒེར་འཛིན་བྱེད་པར་སོག་པོའི་འདྲེ་ལག་བསྐྱང་བཅུགས་པ་རེད། དེ་ནས་ཕག་གྲུའི་རྗེས་ནས་གཙང་པ་སྡེ་སྲིད་ཀྱིས་གྲུབ་མཐའི་དོན་དུ་རི་བོ་དགེ་ལྡན་པར་ཕོག་ཐུག་ཚད་མེད་བཏང་བ་རེད་ལ་མི་གསོད་ཁྲག་སྦྱོར་ནི་ཡིན་ཡིན་པ་རེད། དེའི་འཁོན་ལན་དུ་དགེ་ལྡན་པས་སོག་པའི་འདྲེ་ལག་འཁྱེར་ནས་བཀའ་བརྒྱུད་པར་དགྲ་ཤ་བླངས་ནས་མི་གསོད་ཁྲག་སྦྱོར་ནི་ཨ་ཅང་ཅང་། དེ་ནས་རིམ་པ་བཞིན་སྡེ་སྲིད་སངས་རྒྱ་མཚོའི་སྐབས་བཀའ་བློན་ནང་འཁྲུག་སོགས་མི་གསོད་ཁྲག་སྦྱོར་བྱེད་པར་ཡ་ང་སྤུ་ཙམ་མེད་པ་དེ་རེད། མཐར་༧རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་དགོངས་པ་གཞན་དོན་དུ་བཤེགས་རྗེས་ར་སྟག་དོན་རྐྱེན་གྱི་ལོ་རྒྱུས་ལ་གཅིག་ལྟོས་དང་། སོ་སོའི་ཁེ་ཕན་དང་རྐུབ་སྟེགས་ལ་བསམས་པ་མ་གཏོག་བོད་རྒྱལ་ཁབ་དང་བོད་མི་རིགས་ལ་བསམ་བློ་ཟེར་བ་སྤུ་ཙམ་ཡང་མི་འདུག། རྣམ་དཔྱོད་ཅན་གྱི་མི་ཞིག་ཐོན་ཡོང་ན་དབང་པོ་བཏོན་རྒྱུ་དང་བཙོན་དུ་འཇུག་རྒྱུ་དེ་རེད། འདི་ཚོའི་བྱེད་གཏེ་ཚང་མ་བླ་ཆེན་ང་ཡིན་ཟེར་མཁན་ཆོས་ལུགས་ཀྱི་མི་རྣ་རྐྱང་དུ་འདུག། རྣམ་དཔྱོད་ཅན་དང་། མཁས་མཛངས་ལྡན་ལྡན་པའི་གང་ཟག་ཞིག་ཨེ་རེད། མ་ཟད་ལྷ་ཆོས་རིང་ལུགས་དང་ཡོངས་སུ་མཐུན་པ་ཨེ་རེད། ད་དུང་སྐྱ་བོ་མི་ནག་ནང་ནས་འཇོན་ཐང་ཡོད་པ་མེད་ཟེར། བདེན་པ་རེད་ལྷ་ཆོས་རིང་ལུགས་ཀྱི་སློབ་གྲྭའི་སྡེ་མ་གཏོག་འཇིག་རྟེན་མི་ཆོས་རིང་ལུགས་ཀྱི་ཆབ་དཔལ་རིག་གསུམ་མཚོན་པའི་སློབ་གྲྭའི་འཁོར་ཡུག་ཟེར་བ་གཅིག་ཀྱང་མེད་པ་དེ་རེད། མ་ཟད་འཇིག་རྟེན་ཁྱིམ་པ་ཚོ་ནི་བྲན་གཡོག་རེད་ལ་ཞིང་འབྲོག་མང་ཚོགས་ནི་ཕལ་ཆེ་བ་ཆོས་སྡེ་ཁག་གི་ཁྲལ་པ་རེད། བྱས་ཙང་ཁྲལ་དང་འུ་ལག་འོག་ནས་འཇོན་ཐང་འདོན་རྒྱུའི་གོ་སྐབས་མེད་པ་དེ་རེད། དཔེ་མཚོན་ཆུང་ཆུང་ཞིག་ལ་༥༩ གོང་ལྷ་སར་དབྱིན་ཇིའི་སློབ་གྲྭ་ཞིག་འཛུགས་རྩིས་བྱས་པར་གདན་ས་གསུམ་གྱིས་ངོ་རྒོལ་བྱས་ནས་ཚུགས་མི་ཐུབ་པ་རེད། དེས་ག་རེ་མཚོན་གྱི་འདུག། དངོས་ཐོག་བདེན་འཚོལ་གྱི་སྐད་ཆ་བཤད་དགོས་པ་རེད་མ་གཏོག་ལྷ་ཆོས་རིང་ལུགས་ཀྱི་སྒྲུང་གཏམ་རྐྱང་བཤད་བསྡད་ན་དུས་རབས་འདིར་ལམ་དུ་འགྲོ་རྒྱུ་ཁག་པོ་རེད།
༤༽ གསེར་འབྲུག་སྡེར་ལྔས་ཡག་པོ་ཞེ་དྲག་གསུངས་འདུག་ཁ་བྲོ་དོན་འགྲུབ། ངོ་མ་དགའ་ནི་ཡིན། གོང་ནས་དབུ་མའི་ལམ་བཤད་མཁན་དེའི་དོན་ངོ་མ་གང་བཤད་ཀྱིན་ཡོད་པ་མི་ཤེས། སྤྱིར་བཏང་དབུ་མའི་ལམ་ཟེར་བ་འདི་བརྟན་པོ་མེད་པའི་ལམ་ཞིག་རེད། དེ་བཞིན་དུ་ལམ་འདི་ལ་ངོ་ལོག་པའི་ལམ་ཡང་ཟེར་རུང་། ངོ་མ་བཤད་ན་བོད་མི་རིགས་འདི་འཇིག་རྟེན་ས་སྒང་འདིའི་སྟེང་ནས་མ་ཡལ་བར་བོད་རང་བཙན་གཅིག་པུ་ལས་ལམ་གཞན་ཞིག་མེད་ཐག་ཆོད་རེད་བསམ།
གཞུང་ལུགས་ཀྱི་ཐད་ནས་བཤད་ན་དེ་འདྲ་ཞིག་ཡིན་རྒྱུ་རེད། ཡིན་ནའང་། ང་ཚོས་ནང་བསྟན་སྔར་རྒྱ་གར་ནང་ཉམས་དགོས་པའི་རྒྱུ་རྐྱེན་ལ་དཔྱད་སྐབས། ཐོག་མར་ནང་བསྟན་སྐབས་དེའི་དབང་བསྒྱུར་བའི་རིགས་ལམ་གལ་ཆེན་ཞིག་ཏུ་བཟུང་ཡོད་པས། ཕྱིས་སུ་བྱུང་བའི་དབང་བསྒྱུར་བ་ཁག་གིས་དེ་ལ་ཞེད་སྣང་གི་བསམ་བློ་བཟུང་ཡོད་པའི་ཁར། གྲུབ་མཐའམ་ཕྱི་ནང་གི་འགལ་བར་ཁ་གཡར་ནས་རྩ་སྟོང་དུ་བཏང་བ་ཞིག་རེད་འདུག དེ་བས། མ་གྱུར་འགྲོ་བ་སེམས་ཅན་ཐམས་ཅད་ལ་དམིགས་པའི་བསམ་བློ་དེ་ཧ་ཅང་གི་རླབས་ཆེ་བ་དང་ཧ་ལམ་གཅིག་ལས་གཉིས་མེད་ཀྱི་གནས་སྟངས་ཤིག་གི་འོག་ཏུ་ཡོད་པའང་གསལ་བོ་རེད། དེ་ལྟ་ནའང་། རྟེན་སའི་གཞི་ཞིག་དང་འབབ་སའི་གནས་ཤིག་ངེས་པར་དུ་ཡོད་དགོས་པའང་བོད་པས་དུས་ཡུན་རིང་བོ་ཞིག་ལ་བརྒྱུད་འཛིན་དང་དར་སྤེལ་བཏང་ཡོད་པ་ལས་མཚོན་ཐུབ་ཀྱི་ཡོད་ལ། དེང་སྐབས་རྟེན་སའི་གནས་དེ་དང་འབབ་སའི་གཞི་དེ་ཆོས་མེད་སྨྲ་བའི་དབང་འོག་ཏུ་ཚུད་ཡོད་པའི་ཁར། འདུག་གཟོད་མ་ཡོད་པར་མི་ལུས་རིན་ཆེན་མཆོད་མེར་ཕུལ་ནས་འཛམ་གླིང་ལ་ཞུ་བ་བྱེད་པའི་དུས་ཚོད་ཅིག་ཏུ་འཁེལ་ཡོད་པས། ཆོས་པ་རྣམ་དག་ཇི་འདྲ་ཞིག་ཡིན་ནའང་བོད་འདིའང་མ་གྱུར་སེམས་ཅན་གྱི་བྱེ་བྲག་ཅིག་ཡིན་པའི་ཆ་ནས་ངེས་པར་དུ་མ་གྱུར་སེམས་ཅན་འདི་དག་གི་སྡུག་བསྔལ་རང་ཉིད་ཀྱི་དག་སྣང་མཐོ་རུ་འདེགས་བྱེད་དུ་མི་བཀོལ་རྒྱུའང་ཧ་ཅང་གི་གལ་ཆེན་རེད་ལ། ལས་རྒྱུ་འབྲས་ཟེར་བ་ཞིག་ཡོད་ན་དེ་ལ་འགལ་ཟིན་པའང་དངོས་ཡོད་རེད།
མ་གཞི་དབུ་མའི་ལམ་ནི་མཚན་ཉིད་རིག་པའི་ཁྱབ་ཁོངས་ཀྱི་གཞུང་ལུགས་བླ་ན་མེད་པ་ཞིག་རེད་ལ། སློབ་དཔོན་ཀླུ་སྒྲུབ་ནས་ད་ལྟའི་བར་དུ་རྙིང་རལ་དུ་གྱུར་མེད་པའི་ཁར། མ་འོངས་པར་ཡང་འགྲོ་བ་མིའི་རིགས་ཀྱི་བྱ་སྤྱོད་ལ་ཤུགས་རྐྱེན་ངེས་ཅན་བསྐྲུན་སྲིད་པའི་གཞུང་ལུགས་ཤིག་ཀྱང་རེད། ཡིན་ནའང་། བོད་ཀྱི་གནད་དོན་ཐག་གཅོད་ཐད་ནུས་པ་ཅིའི་ཕྱིར་ཐོན་གྱི་མེད་དམ་ཞེ་ན། སྲིད་དོན་སྤྱི་ལ་གཡོ་སྒྱུ་ཤུགས་ཆེ་བའི་མ་ཚད་རྒྱ་ནག་གཞུང་གི་སྲིད་དོན་གཡོ་སྒྱུའི་རྩེ་མོར་སླེབས་ཡོད་པས། དྲང་དང་གཡོ་གཉིས་ཀྱི་བར་ཁྱད་དེ་བསྐལ་བ་མ་སྟོང་བར་དུ་སྙོམས་ཐུབ་པ་ཞིག་ཆགས་ཀྱི་ཡོད་པ་མ་རེད། དཔེར་ན། ཉིན་མཚན་གཉིས་གཞི་གཅིག་ཏུ་ཡོང་མི་ཐུབ་པ་ལྟ་བུ་རེད།
ད་བས། ཕྲན་གྱིས་ན་ནིང་བྲིས་པའི་ཏྰ་ལའི་བླ་མའི་སྲིད་འགན་རྩིས་སྤྲོད་ཞིབ་འཇུག་ཅེས་པ་དེའང་འདི་ལ་དཔག་ནས་བྲིས་པ་ཞིག་ཡིན་ལ། དུས་སུ་བབས་པའི་རྣམ་དཔྱོད་ཡན་གར་བ་ཞིག་ལ་བརྗོད་དོན་ཡང་འདིར་ཐུག་ཡོད། དེ་བས། རྒྱལ་བ་རིན་པོ་ཆེ་ནས་བོད་ཀྱི་གནད་དོན་གྱི་མཐའ་མའི་ཐག་གཅོད་དེ་བོད་མི་རིགས་ཀྱི་ལག་ཏུ་ཡོད་ཅེས་པ་འདི་ཁོ་ནའི་སྒང་དུ་སྡོད་རྒྱུའང་ཧ་ཅང་གི་གལ་ཆེན་རེད་ལ། ལོ་རྒྱུས་ཀྱི་དགོས་དབང་ཡང་རེད་སྙམ།
དངོས་གནས་ཁ་བརྡའི་དྲྭ་གནས་ལ་དགའ་པོ་ཡོད་མཁན་ཞིག་ཡིན་ཀྱང་། ངས་ཨོ་རྒྱན་ཉི་མ་ལགས་ཀྱི་དཔྱད་རྩོམ་ལ་བསྔགས་བརྗོད་ཀྱི་མཆན་བྲིས་པ་དེ་ཆུ་ཚོད་གཅིག་ཙམ་སོང་རྗེས་ཕྱིར་བཏོན་ཟིན་འདུག་པས་ཧ་ཅང་བློ་ཕམ་བྱུང་། གལ་ཏེ་ཁ་བརྡ་ཚང་གིས་གནང་སྟངས་འདི་འདྲ་ཡིན་ན། ཧ་ལས་པའི་ཐབས་སྐྱོ་པོ་རེད། ད་ལྟའི་བར་ངས་རང་གི་ངོ་ཤེས་སུ་བྱུང་ཁ་བརྡའི་སྐོར་ཡག་པོ་ཤ་སྟག་བཤད་པ་ཡིན། ད་ནས་བཟུང་འདི་ལ་དོགས་གཞི་འདུག་ན་རིམ་པས་བསམ་བློ་གཏོང་དགོས་ངེས་རེད་འདུག
ཁྱོད་ཚོས་ང་མི་ཤེས་སར་བཞག་ཀྱང་ཆོག་མོད། ཁྱེད་ཅག་གི་འདོད་ཚུལ་ལ་བལྟས་ན་ངོ་མ་སེམས་སྐྱོ་བ་ཡོང་བ་ཞིག་རེད།
ཁོ་ཚོ་ནུས་པ་ཡོད་པ་དང་། འཇོན་ཐང་ཡོད་ཚད་ངོམས་ཏེ། རང་རང་གི་འདོད་སྒྲུབ་ཟིན་པ་རེད། ཁྱེད་ཅག་ལ་གང་ཡོད་ལྟོས་དང་། རྒྱལ་ཁབ་ཅིག་དང་། མི་རིགས་ཤིག་ལ་ཁ་བལྟས་གཅོག་པ་ཕར་ཞོགས་ཁྱི་རྒན་ཞིག་གི་ཁ་ཡ་མི་ཡོང་མཁན་ཚོས་སྔོན་བྱོན་མེས་པོ་ལེ་བདའ་དང་། མཚང་འབྲུ། ངན་སྨྲས། དུས་དང་གནས་སྐབས་ལ་ལྟོས་པའི་བསམ་བློ་དང་། འདུ་ཤེས། དཔྱོད་ཤེས་མེད་པར་ཁ་བྲག་ཕུག་འདྲ་བོ་ཞིག་ལས། གཏམ་བྲག་ཆ་འདྲ་བ་ཞིག་བཤད་བཞིན། ཆོས་དང་། ཆབ་སྲིད། མི་རིགས། ཆོས་ལུགས་ཡོད་ཚད་ལ་སྨན་པའི་དབུ་མའི་ལམ་ལ་ཡང་སྐྱོནའདོགས་བྱེད། ངོ་མ་བླུན་པོ་རེད་ཡ།
ལྷ་སྡེ་གནམ་ལོ་ཡག་ཁྱོད་ཀྱིས་བྲིས་པའི་དེབ་དེ་ང་ལ་གཅིག་གནང་རོགས། མ་གཞི་ནས་ཁྱེད་རང་གང་དུ་ཡོད།
གསེར་འབྲུག་སྡེར་ལྔའི་ལོ་རྒྱུས་རང་བཞིན་ལྡན་པའི་བོད་ཀྱི་ཕྲག་དོག་ཁྲག་འཛར་མའི་བྱུང་རིམ་དངོས་བྲིས་མ་དེས་ཨོ་རྒྱན་ཉི་མའི་གྲྭ་བ་ལས་མི་སྐྱའི་ནང་དུ་འཇོན་པོ་མེད་ཚུལ་བཤད་པའི་ཁ་ནང་ལ་དགུ་བཟློག་རང་བརྒྱབས་འདུག དེས་ནས་ལྷ་སྡེ་གནམ་ལོ་ཡག་གིས་ཆབ་སྲིད་ཀྱི་བྲོ་བ་ལྡན་པའི་དཔྱད་བརྗོད་ཅིག་བྲིས་འདུག་དངོས་ནས་གཡས་ཁྱོག་གཡོན་ཁྱོག་མེད་པའི་དཔྱད་བརྗོད་སྤེལ་སྟངས་འདི་ལས་བསླབ་བྱ་ལེན་རྒྱུ་གལ་ཆེ་བར་སྙམ།
དམག་ཆེན་གཉིས་པ་ལངས་ཏེ། དམག་མི་ས་ཡ་བདུན་བཅུ་ཡིས། མི་ས་ཡ་དགུ་བསད་པ་དང་། དམག་ཆེན་གཉིས་པའི་སྐབས་སུ་དམག་མི་ས་ཡ་བརྒྱ་ཡིས་མི་ས་ཡ་ལྔ་བཅུ་ནས་བདུན་ཅུ་བར་བསད་པ་རེད། འདི་དག་ཚང་མ་གསར་བརྗེ་བ་ཚོས་བྱས་རྗེས་རེད། བྱས་ཉེས་རེད། ད་དུང་ཁོ་ཚོས་དམངས་ཕལ་བའི་ཆེད་དང་། སྐྱེ་འགྲོ་སྤྱིའི་ཆེད་དུ་ཡིན་ཞེས་བཤད་ཡོད་པ་རེད། ངོ་མ་ངོ་མི་ཚའམ། གཞུག་ནས་གལ་སྲིད་དམག་ཆེན་གསུམ་པ་ལང་སོང་ན་དམག་ས་ཡ་ཆིག་བརྒྱ་ཕྲག་འགའ་ཞིག་གིས་ཉུང་མཐའ་ཡང་མི་དུང་ཕྱུར་འགའ་ཞིག་རྐྱེན་ལམ་དུ་གཏོང་ངེས་པར་མ་ཟད། དུང་ཕྱུར་བཅུ་ཕྲག་དབང་པོ་མི་ཚང་བ་དང་། དུང་ཕྱུར་ཉི་ཤུ་སུམ་ཅུ་ལ་ཟས་གོས་གནས་མེད་པའི་དཀའ་ངལ་འཆི་ངེས་རེད། ད་འཚོ་བ་གསར་བ་གང་དུ་འགྲོ་སོང་། དགེ་ཕན་འདུག་གམ།
དམག་ཆེན་དང་པོ་ལངས་ཏེ། དམག་མི་ས་ཡ་བདུན་བཅུ་ཡིས། མི་ས་ཡ་དགུ་བསད་པ་དང་། དམག་ཆེན་གཉིས་པའི་སྐབས་སུ་དམག་མི་ས་ཡ་བརྒྱ་ཡིས་མི་ས་ཡ་ལྔ་བཅུ་ནས་བདུན་ཅུ་བར་བསད་པ་རེད། འདི་དག་ཚང་མ་གསར་བརྗེ་བ་ཚོས་བྱས་རྗེས་རེད། བྱས་ཉེས་རེད། ད་དུང་ཁོ་ཚོས་དམང་ཕལ་བའི་ཆེད་དང་། སྐྱེ་འགྲོ་སྤྱིའི་ཆེད་དུ་ཡིན་ཞེས་བཤད་ཡོད་པ་རེད། ངོ་མ་ངོ་མི་ཚའམ། གཞུག་ནས་གལ་སྲིད་དམག་ཆེན་གསུམ་པ་ལང་སོང་ན་དམག་ས་ཡ་ཆིག་བརྒྱ་ཕྲག་འགའ་ཞིག་གིས་ཉུང་མཐའ་ཡང་མི་དུང་ཕྱུར་འགའ་ཞིག་རྐྱེན་ལམ་དུ་གཏོང་ངེས་པར་མ་ཟད། དུང་ཕྱུར་བཅུ་ཕྲག་དབང་པོ་མི་ཚང་བ་དང་། དུང་ཕྱུར་ཉི་ཤུ་སུམ་ཅུ་ལ་ཟས་གོས་གནས་མེད་པའི་དཀའ་ངལ་འཆི་ངེས་རེད། ད་འཚོ་བ་གསར་བ་གང་དུ་འགྲོ་སོང་། དགེ་ཕན་འདུག་གམ། ཁྱེད་ཅག་གསར་རྟོག་པ་ཚོ་ངོ་མི་ཚའམ། ༡༢ ནོར་འདུག
བདེན་གཏམ་གླེང་སྟེགས།
ཚོགས་པ་བཅུ་གཅིག་ཟེར་བའི་གསལ་བསྒྲགས་ལ་ཟློ་བ།
སྤྱིར་ད་ལྟའི་བོད་ཀྱི་གནས་བབ་ཐོག་ནས་ཉམས་རྩ་འབྱུང་ཕན་ལ་ཞིབ་ཀྱིས་བལྟས་ན། ཆིག་སྒྲིལ་དང་མཉམ་འདུས་བློ་ཡིད་གཅིག་ཆེས་དང་གུས་བརྩི་རོགས་འདེགས་སོགས་ཆེས་གལ་ཆེན་ཡིན་པ་ལས། ཕན་ཚུན་གཉའ་གནོན་བཤུ་གཞོག་དང་མ་ཉེས་ཁ་ཡོག་ཉེས་མེད་གྲིབ་བཟོ་སོགས་བྱེད་ཅིང་དུས་འདའ་བའི་སྐབས་ཤིག་གཏན་ནས་ཡིན་ཚོད་མི་འདུག
ལྷག་པར་ཚོགས་པ་དང་ཚོགས་པའི་བར། ཆོལ་ཁ་དང་ཆོལ་ཁའི་བར་ཆོས་ལུགས་དང་ཆོས་ལུགས་ཀྱི་བར་སོགས་ལ་གཉའ་གནོན་དང་རྫུན་སླང་འདེབས་རེས་བྱེད་ཅིང་ཕྲག་དོག་པའི་བྱ་སྤྱོད་ཁག་ནི་སྐབས་དོན་དང་མི་འཚམས་ལ་གནས་བབ་དང་མི་འབྱོར་བས། ད་ནས་གུ་ཡང་དང་མཉམ་གནས་ཀྱི་ལྟ་བ་གོང་མཐོར་གཏང་དགོས་པ་མ་ཟད། སྤུན་ཟླའི་བརྩེ་འདུན་དང་མི་རིགས་ཀྱི་ལ་རྒྱ་སོགས་ཡར་རྒྱས་ཡོང་བ་ལ་སྒོ་ཀུན་ནས་འབད་ཅིང་བརྩོན་པའི་དུས་ལ་བབས་ནས་འདུག་གོ དེ་ཙམ་དུ་མ་ཟད་ཚོགས་སྐྱིད་ཁག་གི་བར་གསེང་དུ་འཚངས་བའི་ཚོགས་མི་ཕལ་མོ་ཆེ་ཞིག་ནས་རང་དོན་དང་སྤྱི་དོན་གོ་ནོར་བ། སྤྱི་དོན་ལས་རང་དོན་གཙིགས་སུ་ཆེ་བ། ལྷག་པར་གཞུང་དང་༧གོང་ས་མཆོག་ཁ་ལ་ཁྱེར་ཏེ་དབྱེན་དཀྲུགས་དང་མཐུན་འབྲེལ་ལ་གནོད་པའི་བྱ་སྤྱོད་མ་རུངས་བ་དེ་ཚོ་གནས་སྐབས་སུ་མཚམས་འཇོག་གནང་འོས་ཅིས་ཀྱང་ཆེ། ཚོགས་པ་རང་ཉིད་ཀྱིས་མ་འཇོན་པ་དང་མ་ཤེས་པའི་ལས་བྱ་མང་པོ་ཚོགས་པ་གཞན་གྱིས་འཇོན་པ་དང་ཤེས་པ་ཡོད་པ་དང་ཡོང་སྲིད་པ་རེད། དེ་འདྲའི་གནས་སྟངས་དང་འཕྲད་ཚེ་གུ་ཡང་དང་བསམ་ཤེས་ཡི་རང་དང་རྒྱབ་སྐྱོར་སོགས་ཡོད་དགོས་ངེས་ཅན་གྱི་གནས་ཚུལ་ལས། ཕྲག་དོག་གི་བློ་མིག་བཙན་གྱིས་བཙིར་ནས་མཐོ་གནོན་དང་ཟུར་ཟ་སྨ་འབེབས་དང་ལོག་བཤད་སོགས། མདོར་ན་རང་དང་དོ་མི་མཉམ་པ་དང་གྲུབ་འབྲས་མི་གཅིག་པ་ལངས་ཕྱོགས་མི་གཅིག་བ་དང་དམིགས་འདུན་ལ་ཆེ་ལོད་ཤོར་བ་སོགས་བློ་མིག་ཏུ་མ་ཤོང་ནས། ནག་པོ་བཟོ་ཐབས་དང་མེད་པ་བཟོ་ཐབས་བྱེད་པ་ནི། ད་ལྟའི་དུས་འདིར་བསམ་བློའི་འཁོར་རྒྱུག་ཞན་དྲགས་པ་དང་དབང་པོའི་རྒྱུ་བ་མ་སྨིན་པ། སྤུན་ཟླའི་བརྩེ་སེམས་ཆུང་དྲགས་པ་དང་མི་རིགས་ཀྱི་འདུ་ཤེས་དམན་ཆེས་པ་ལས་ཅི་ཡང་མ་རེད་པས། དེ་དག་ད་ནས་བསྒྱུར་བཅོས་བྱེད་ཅིང་བསམ་བློ་ཡར་ཐོན་དང་བློ་མིག་ཡར་ལྟའི་ཕྱོགས་ལ་བསྐུལ་འདེད་གཏོང་རྒྱུ་དེ་གནད་ཀྱི་འགག་རྩ་ཞིག་ཏུ་གྲུབ་སྟེ་འདུག་པ་ཀུན་གྱིས་ཤེས་པ་གལ།
འདིར་དཔེར་མཚོན་གསལ་བྱེད་ཙམ་ཞིག་ཏུ་གནས་ཚུལ་གསར་པ་ཞིག་གི་ཐོག་ནས་དཔེ་དོན་གོ་སླ་རུ་དགྲོལ་ན་འདི་ལྟར། ནམ་རྒྱུན་བོད་ཕྱི་ནང་གཉིས་སུ་དཀའ་ངལ་ཅི་ཞིག་འཕྲད་ཀྱང་། སྤུན་ཟླའི་ཚེ་སྲོག་མེ་ལ་སྦར་ཡང་། དོན་མེད་བོད་མི་དམར་གསོད་བཏང་ཡང་། ཉམས་ཆུང་བོད་མི་བཙོན་འཇུག་བྱས་ཀྱང་། སྒོར་བུད་ནས་གཏམ་འུག་ཅིག་ལབ་མྱོང་མེད་པའི་ཚོགས་པ་བཅུ་གཅིག་ཟེར་བ་ཞིག དེ་རིང་གྲོག་མ་འབུ་ལ་གཤོག་སྒྲོ་ཐོགས་པ་ལྟར་ཙག་སྒྲ་དང་ཙིར་སྒྲ་བཅས་གློ་བུར་དུ་ས་འོག་ནས་ཐོན་པ་ལྟ་བུའི་གསལ་བསྒྲགས་གནམ་ས་བཀད་པ་ཙམ་བྱས་སོང་། དེ་ཡང་གསལ་བསྒྲགས་ཀྱི་ཁ་ཕྱོགས་ནི་བོད་ཕྱི་ནང་གཉིས་སུ་བག་ཆགས་དང་ནུས་པ་ཅུང་ཙམ་ཐོན་པའི་གཞོན་ནུ་ཚོགས་པར་འཁོར་ཏེ། ཁ་དུད་ཁུང་དང་འདྲ་བ་དེ་ནས་གཏམ་རྫས་ལུད་དང་འདྲ་བ་ཁག་ཅིག་ཐོལ་གྱིས་ཐོལ་གྱིས་གད་སྙིགས་ཁྲོད་དང་ལམ་གསུམ་མདོ་དག་ཏུ་ཟགས་ཏེ་སོང་ངོ་། འདི་ནི་སྤྱི་ཚོགས་གཏོར་བཤིག་དང་རྒྱལ་འབངས་དབྱེན་དཀྲུགས་ཀྱི་གཞི་ལས་ལྟ་ཉན་ཡོད་པ་ཞིག་ཡེ་ནས་མ་ཡིན་མོད། དེ་ལྟར་སྒྲོག་མཁན་དག་གིས་ངོ་ཚ་ཞེ་ཁྲེལ་ལྟ་ཅི་ས་ལྡིང་གནམ་ལྡིང་གིས་ཚུལ་དུ་བསྒྲགས་འོང་བ་འདི་ཇི་འདྲའི་སྐྱུག་བྲོ་བ་ཞིག་རེད་ཨང་། བོད་ཀྱི་གཞོན་ནུ་ཚོགས་པའི་ལངས་ཕྱོགས་དང་ལས་དོན་ཁག་གིས་བོད་མི་མང་ལ་ཞབས་ཞུ་དང་ཕན་བདེ་སྒྲུབ་ཀྱིས་ཡོད་པས་ཚོགས་པ་ཉི་ཚེ་བ་འགའ་ཡི་བློ་ལ་མ་བབ་ཀྱང་དེ་ཙམ་གྱི་གཞོན་ནུ་ཚོགས་པ་སྐྱོན་ཅན་ཞིག་ཏུ་ཅི་ལ་འགྱུར། མ་ཟད་གཞོན་ནུའི་ལས་དོན་བྱེད་ཕྱོགས་མ་འགྲིགས་པས་༧གོང་ས་མཆོག་ལ་ཐུགས་ཕམ་བྱུང་ཡོད་ན་གཞོན་ནུ་ཚོགས་པའི་དགོངས་དག་ཞུ་དགོས་པ་དང་། གཞོན་ནུའི་ལངས་ཕྱོགས་དང་བོད་གཞུང་གི་མཚན་བྱང་གཏན་ཉར་བྱེད་པ་རང་བཙན་གྱི་ཚོགས་འདུ་འདུ་འགོད་བྱེད་པ་སོགས་ནི། ༧གོང་ས་མཆོག་ཐུགས་ཕམ་སྐྱེ་གཞི་མིན་པའི་དབྱེ་བསལ་གསལ་པོར་བྱས་ཏེ་ངེས་དགོས་ཉིད་དུ་སྣང་།
དེ་མིན་ཚོགས་པ་བཅུ་གཅིག་པོ་༧གོང་ས་མཆོག་གི་རྒྱབ་སྐྱོར་དང་གཞོན་ནུ་ཚོགས་པ་ཁ་གཏད་ལྟ་བུ་བསྐྲུན་བཞེངས་བྱེད་པ་ནི། གོང་ཞུས་ལྟར་རྒྱལ་འབངས་དབྱེན་དཀྲུགས་དང་། གཞོན་ནུའི་སྣང་བརྙན་ནག་པོ་ཞིག་སྤྱི་ཚོགས་ཐོག་ཏུ་རྩ་འཛུགས་བྱེད་པ་ནི། ནུས་པས་ལྡང་མིན་མ་གཏོགས་ཀུན་སློང་ནག་ཐག་ཆོད་པས་ཁྱེད་ཚོའི་གསལ་བསྒྲགས་དེར་ངོས་ལེན་མེད་པ་དང་མཐའ་གཅིག་ཏུ་ངོ་རྒོལ་ཡོད་པའི་བསྒྲགས་གཏམ་སྤེལ་བ་ཡིན། མི་རང་རང་སོ་སོའི་ངོ་ཐད་ནས་ཞིབ་ཀྱིས་དཔག་ན། ༧གོང་ས་མཆོག་ལ་སུ་གློ་བ་ཉེ་བ་དང་སུ་ལྷད་མེད་ཀྱི་དད་འདུན་ཟབ་པ་ཤེས་པ་དཀའ་བ་མ་ཟད། ཁྱི་རྐུན་མ་བཀག་མི་གཟིག་གིས་མི་ཁུར་བའི་ངེས་པ་གཞར་ཡང་མི་འདུག་པས། ཁྱེད་ཚོའི་གསལ་བསྒྲགས་དེ་ཡིད་ཆེས་བློ་འགེལ་ཆོག་པ་ཞིག་ཏུ་ནམ་ཡང་བརྩི་རྒྱུ་མིན་པ་ཡང་ཚོགས་པ་ཉི་ཚེ་བ་ཚོས་མཁྱེན་པ་མཛོད། ཚོགས་པ་ཚོའི་མིང་བྱང་ཁྲོད་ནས་མདོ་སྟོད་ཚོགས་པ་ཟེར་བ་ཞིག་དང་དྷ་སའི་མདོ་སྟོད་ཚོགས་པ་ཟེར་བ་གཉིས་ཀྱི་མིང་བྱང་ཡང་མཐོང་རྒྱུ་འདུག དེ་ནི་སྔར་ཕ་ས་གངས་ཅན་གྱི་ཡུལ་ནས་ཤར་ཕྱོགས་བཙན་འཛུལ་དམག་ལ་འཐབ་འཁྲུག་གཡུ་འགྱེད་དྲག་པོས་རང་རྒྱལ་བརྟན་བསྲུང་ཆེད་དུ་གངས་ལྗོངས་མི་ཡི་གཙུག་ཕུད་དཔའ་བོ་མགོན་པོ་བཀྲ་ཤིས་སོགས་ཀྱིས་བཙུགས་པའི་ཚོགས་པ་དེའི་མི་ཤི་མལ་དུ་ཁྱི་སྐྱེས་པ་རེད་འདུག་པས་ད་ནས་མགོ་ནག་མི་ཡི་འཇིག་རྟེན་འདིར་འདི་ལྟ་བུའི་ཁྱི་ཚོགས་ཤིག་མི་འབྱུང་བའི་སྨོན་ལམ་ཡང་ཞུ་རྒྱུ་ཡིན། ལར་ནས་འདི་ལོ་དར་དམར་འོག་གི་གོམ་བགྲོད་ལ་ཚོགས་པ་འདི་ཚོས་ཕེབས་སྐྱེལ་སྣེ་ལེན་བཟང་ཙམ་བྱས་རབས་བཤད་རྒྱུ་འདུག་པ་ལ། ཚོགས་པ་འདི་ཚོ་རང་གི་རྐང་པའི་ཐོག་ལ་ལང་སྟེ་སྤྱི་ཚོགས་སུ་གོམ་པ་སྤོ་ཡི་མེད་པར། དམར་གཞུང་གི་ཏང་ཡོན་ཚོགས་པའི་སྟངས་འཛིན་འོག་གོག་ཅིང་ནུར་འགྲོས་ཀྱིས་འཕྱན་བཞིན་ཡོད་ཚོད་འདུག་པས། དྷ་སར་རྟེན་གཞི་བྱས་པའི་གུང་ཁྲན་ཏང་ཡོན་ཚོགས་པ་ལྟར་ལས་ཁྱེད་ཚོར་ཚོགས་པའི་མཐོང་དང་ཆ་འཇོག་གང་ཡང་མེད་པའི་ཐ་ཚིག་ཀྱང་བསྒྲག་རྒྱུ་ཡིན།
གོང་དུ་བཏངས་བའི་རྩོམ་ཡིག་དེ་ནི་དུས་བབ་ཟིན་བྲིས་པ་གྱད་དགས་དུས་བབ་ཏུ་བཀོད་མཛད་འདུག་པས་རྩོམ་འདི་རིན་ཐང་ལྡན་པ་ཞིག་ཏུ་མཐོང་ནས་འདིར་བཀོད་པ་ཡིན།
ཨོ་རྒྱན་ཉི་མ་ལགས། དབུ་མའི་ལམ་གྱི་སྐོར་ལ་ཁྱེད་ཀྱིས་དངོས་གནས་ཧ་ལས་པའི་ཁ་གསལ་པོ། ཚིག་སྙན་པོ། དོན་ཟབ་པོ། མི་བསམ་བློ་གཏོང་ཤེས་མཁན་ཞིག་ཡིན་ན། རང་བཞིན་གྱིས་དགའ་སྤོབ་ཆེན་པོ་སྐྱེས་དགོས་པ་ཞིག་འདུག་ཀྱང་། བོད་མི་རིགས་ཀྱི་བསོད་ནམས་ཟད་བཞིན་པའི་དུས་འདིར་ཕན་པའི་སྐད་ཆ་གོ་ཐུབ་མཁན་ཧ་ཅང་ཁག་པོ་རེད། ངས་ཁྱེད་ཀྱི་དཔྱད་རྩོམ་འདི་ལ་བསྔགས་བརྗོད་ཅིག་མཆན་དུ་བཏབ་ཀྱང་ཁ་བརྡ་ཚང་གིས་ལམ་སེང་ཕྱིར་བཏོན་ཟིན་འདུག དེའི་མཇུག་ཏུ་ཁྱེད་ལ་འགག་པ་རྒྱག་མཁན་རྣམས་བང་སྒྲིག་ནས་བཞག་འདུག་པ་དེ་ལ་བལྟས་པས་རང་ལ་ཚོར་བ་ཡ་མཚན་ཞིག་སྐྱེས་བྱུང། དེའི་མཇུག་ཏུ་བློ་ཕམ་ཡོད་ཚུལ་བྲིས་ནས་མཆན་དུ་བཏང་། དེ་ནི་རང་འཇགས་བཞག་འདུག འདི་ལ་ཅི་ཞིག་གནང་གྲབས་ཡོད་མི་ཤེས།
གང་ལྟར་ཁྱེད་ཀྱི་མི་ངན་གོ་རྒྱུ་མེད་པ་དེ་ཚོར་ལན་འདེབས་མ་གནང་རོགས། ཁོ་ཚོར་ག་ཚོད་གསལ་བཤད་བྱེད་ཀྱང་གོ་བ་ལོག་པ་བླངས་ནས་འཁྱོག་བཤད་ཤ་སྟག་བྲིས་ཡོང་གི་རེད། དེ་བས་དེ་ཚོར་ཡ་མ་གནང་ན་རང་བཞིན་གྱིས་ཇབ་ཆུང་དུ་འགྱུར་འགྲོ་བ་ཡིན། བཀྲིས་བདེ་ལེགས། དགོངས་ཚུལ་འདི་འདྲ་ཡང་ནས་ཡང་དུ་བྲིས་གནང་རོགས་གྱིས། དགའ་བསུ་ཡོད།
རྒན་ཨོ་རྒྱན་ཉི་མ་ལགས། ཏཱ་ལའི་བླ་མའི་སྲིད་འགན་རྩིས་སྤྲོད་ཞིབ་འཇུག་དྲ་གནས་འདི་ལས་ཀློག་ཐུབ། http://youshun12.com/?p=4871
གལ་སྲིད་སྒོ་འབྱེད་མི་ཐུབ་ན། ཕྲན་གྱི་མིང་ཐད་ཀར googleནང་བྲིས་ན་བརྙེད་ཐུབ། རྩོམ་འཁྱོག་འདི་གཡུ་ཞུན་དྲ་བའི་ནང་དུ་བཀོལ་ཡོད།
གང་མང་བྲིས་པ་དང་བཤད་པ་ལས།་་་གང་མང་ལག་སྟར་ཐུབ་ན་བཟང།
གོང་གི་གཤམ་མཆན་༡༦། ཨོ་རྡོ་ནས་ཞུ་བས། ཨོ་རྒྱན་ཉི་མ་ལགས། དབུ་མའི་ལམ་གྱི་སྐོར་ལ་ཁྱེད་ཀྱིས་དངོས་གནས་ཧ་ལས་པའི་ཁ་གསལ་པོ། ཚིག་སྙན་པོ། དོན་ཟབ་པོ། མི་བསམ་བློ་གཏོང་ཤེས་མཁན་ཞིག་ཡིན་ན། རང་བཞིན་གྱིས་དགའ་སྤོབ་ཆེན་པོ་སྐྱེས་དགོས་པ་ཞིག་འདུག་ཀྱང་། བོད་མི་རིགས་ཀྱི་བསོད་ནམས་ཟད་བཞིན་པའི་དུས་འདིར་ཕན་པའི་སྐད་ཆ་གོ་ཐུབ་མཁན་ཧ་ཅང་ཁག་པོ་རེད། ངས་ཁྱེད་ཀྱི་དཔྱད་རྩོམ་འདི་ལ་བསྔགས་བརྗོད་ཅིག་མཆན་དུ་བཏབ་ཀྱང་ཁ་བརྡ་ཚང་གིས་ལམ་སེང་ཕྱིར་བཏོན་ཟིན་འདུག དེའི་མཇུག་ཏུ་ཁྱེད་ལ་འགག་པ་རྒྱག་མཁན་རྣམས་བང་སྒྲིག་ནས་བཞག་འདུག་པ་དེ་ལ་བལྟས་པས་རང་ལ་ཚོར་བ་ཡ་མཚན་ཞིག་སྐྱེས་བྱུང་། ཞེས་སོགས་བྲིས་འདུག་པར་ཁ་བརྡ་ནས་གསལ་བཤད་ཤིག་གནང་ན་ཡག་པོ་འདུག