བཅར་འདྲི། ༼ནོར་འོད༽་དུས་དེབ།
དྲིས་ལན་འདེབས་མཁན། དགེ་འདུན་རབ་གསལ།
༼གསལ་བཤད། བཅར་འདྲི་འདི་བཞིན་ཕྱི་ལོ་ ༢༠༠༡ ལོར་ཞུས་པ་ཞིག་ཡིན། འདིར་མ་ཕྱི་སོར་འཇོག་གིས་བཀོད་ཡོད།༽
དྲི་བ། ཁྱེད་རང་ནས་སློབ་གཉེར་གནང་བའི་ལོ་རྒྱུས་ཁ་གསལ་ཞིག་གསུང་གནང་ཡོང་བ་དང༌། ཁྱད་པར་དུ་དམིགས་བསལ་བའི་ཆེད་སྦྱོང་འདྲ་བོ་ག་རེ་གནང་ཡོད་མེད་སྐོར་གསུངས་གནང་ཡོང་བ།
ལན། ངེད་ཀྱིས་སློབ་ཆུང་དང་སློབ་འབྲིང་གི་ནང་ལོ་ངོ་གཉིས་ཙམ་འགྲིམ་མྱོང་ཁར། དགོན་པར་ཞུགས་ཏེ་དབུ་ཕར་རྣམ་འགྲེལ་གྱི་སློབ་གཉེར་དང་འབྲེལ་སྙན་ངག་དང་སུམ་ཅུ་བ། རྟགས་འཇུག་སོགས་ཀྱི་དཔྱད་ཁྲིད་དཔེར་བརྗོད་དང་བཅས་པ་རེ་སོང་ཞིང༌། སློབ་ཞོར་དུ་རྒྱལ་རབས་ལོ་རྒྱུས་དང་རྣམ་ཐར་སོགས་སྐབས་དེར་ལག་པར་གང་ཐོབ་རིགས་ལ་ལྟ་ཀློག་རྒྱ་ཆེ་ཙམ་བྱས་མྱོང༌། དམིགས་བསལ་ཆེད་སྦྱོང་གི་ཐད་ནས་ཀྱང་ནང་ཆོས་ལ་སློབ་གཉེར་བྱས་པ་དེ་ལས་གཞན་གང་ཡང་མེད།
དྲི་བ། ཁྱེད་རང་ལ་མཚོན་ན་བོད་ཀྱི་རིག་གཞུང་ལ་རྒྱུས་མངའ་ཆེ་བ་ཙམ་མ་ཟད། རིག་གཞུང་རྐྱང་བའི་ཕྱག་ལས་ལོ་མང་རིང་གནང་བའི་ཆ་ནས། ང་ཚོའི་བཤད་སྟངས་སམ་ངོས་འཛིན་གྱི་ནང་རིག་གཞུང་དང་གོམ་གཤིས་ཞེས་དེ་གཉིས་ཧ་ལམ་འབྲེལ་བ་མེད་པ་འདྲ་བོ་ཞིག་ཆགས་ཀྱིན་འདུག་ཐད་དགོངས་ཚུལ་ག་རེ་ཡོད་དམ།
ལན། རིག་གཞུང་ཞེས་པའི་ཚིག་འདིར་ད་བར་འགྲེལ་ཚུལ་སྣ་ཚོགས་ཤིག་ཡོང་བཞིན་འདུག་ལ། དམིགས་བསལ་ང་ཚོ་བཙན་བྱོལ་དུ་གྱར་རྗེས་བོད་ཕྱི་ནང་གཉིས་སུ་རང་སྐད་ལས་གཞན་པའི་ཁྱབ་ཆེ་བའི་སྐད་ཡིག་གཞན་གྱི་གནོད་ཤུགས་ཤིག་སླེབས་པ་དང་མཉམ་དུ། སྐད་ཡིག་གཞན་དེའི་མིང་ཚིག་རྒྱུགས་ཆེ་བ་འགའ་ཞིག་གི་སྐད་དོད་རང་སྐད་དུ་མཁས་པས་ཞིབ་འཇུག་སོགས་ཀྱི་དོན་དཔྱད་མིན་པར་ཕལ་བའི་གོ་ཚོད་དང་བསྡུར་ནས་འདི་འདྲ་ཞིག་ཨེ་ཡིན་སྙམ་པའི་མིང་དོན་ཞིག་ལ་སྤྱོད་མགོ་ཚུགས་པ་མ་ཟད་ལང་ཤོར་དུའང་སོང་ཡོད་པ་མང་ཙམ་སྣང་བ་དེའི་གྲས་སུ་རིག་གཞུང་ཞེས་པའི་ཚིག་འདི་ཡང་ཚུད་ཡོད་པར་སྣང༌། དེར་བརྟེན་མཁས་དབང་ཟམ་གདོང་རིན་པོ་ཆེས་འདི་ལ་ལེགས་བྱང་ཞེས་གསུངས་བཞིན་ཡོད། ལེགས་བྱང་ཞེས་པ་འདི་ནི་གོམས་གཤིས་དང་གོ་དོན་ཆེས་ཉེ་བར་གྱུར་ཡོད། བོད་སྐད་རང་ངོས་ནས་བསམ་ཚེ་རིག་གཞུང་ནི་རིག་པའི་གཞུང་ལུགས་ཀྱི་བསྡུས་མིང་རང་ཡིན་པར་སེམས།
དྲི་བ། ང་ཚོའི་སྤྱི་ཚོགས་ནང་རིག་གཞུང་གི་ཞབས་འདེགས་ཡིན་ཞེས་དུས་དེབ་དང་དཔེ་དེབ་གང་མང་ཞིག་ཐོན་དང་ཐོན་བཞིན་པ་རེད། དེ་ཡིན་དུས་ང་ཚོར་དགོས་པ་དེ་གྲངས་ཀའང་རེད་ལ། ཕྱོགས་གཞན་ཞིག་ནས་སྤུས་ཀའང་གལ་ཆེན་རེད། དེའི་ཐད་མཆོག་ཉིད་ལ་གཟིགས་ཚུལ་ག་རེ་ཡོད་དམ།
ལན། བོད་ཡིག་ཐོག་འབྲི་སྤེལ་བྱེད་པ་ནི་དགའ་འོས་པ་ཙམ་དུ་མ་ཟད་རང་ཉིད་ཀྱི་བུ་ཕྲུག་ཇི་བཞིན་བརྩེ་སེམས་བྱེད་སའི་ཡུལ་ཞིག་ཏུའང་ཚོར་གྱི་འདུག ཡིན་ན་ཡང་འདས་པའི་མི་ལོ་ ༢༠ རིང་འབྲི་སྤེལ་བྱས་པའི་བོད་ཀྱི་རྩོམ་ཡིག་ཕོན་ཆེ་བ་ཞིག་ནི་བོད་མི་ཕལ་བ་རྣམས་ལ་མཚོན་ན་བོད་སྐད་ཐོག་བྲིས་མེད་པར་སྐད་ཡིག་གཞན་ཞིག་ཐོག་བྲིས་ཡོད་པའི་རྣམ་པ་ཅན་ཞིག་ཆགས་ཀྱི་འདུག སྣང་ཚུལ་འདི་དམིགས་བསལ་གྱིས་བཙན་བྱོལ་སྤྱི་ཚོགས་ནང་ཆེས་གསལ་བོ་ཞིག་རེད་བསམས། དེ་བས་ངའི་བསམ་ཚུལ་ལ་ང་ཚོར་དགོས་པ་ནི་གྲགས་ཀ་མ་རེད། སྤུས་ཀ་རེད་ཅེས་ཀྱང་ཞུ་ཤེས་ཀྱི་མི་འདུག ང་ཚོར་དགོས་པ་ནི་གོ་བརྡ་འཕྲོད་པའི་སྐད་ཡིག་གི་ནུས་པ་ཞིག་རྨང་གཞིར་བཞག་ནས་བྲིས་པའི་རྩོམ་ཡིག་ཅིག་དང་དུས་དེབ་ཅིག་དགོས་ཀྱི་འདུག ང་ཚོའི་རྩོམ་ཡིག་འབྲི་མཁན་ཚོས་ངས་འབྲི་བཞིན་པའི་སྐད་ཡིག་འདི་ནི་སུམ་རྟགས་ཀྱི་དགོངས་དོན་དང་མཐུན་པའི་བོད་སྐད་རྣལ་མ་ཞིག་ཡིན། ཁྱེད་ཀྱིས་མ་གོ་ན་ཁྱེད་རང་གི་ཤེས་ཡོན་གྱི་འདང་གི་མེད་པ་རེད་སྙམ་ནས་བྲིས་པ་འདྲ་ཞིག་མཐོང་གི་འདུག གལ་སྲིད་ང་ཚོས་འབྲི་བ་འདི་རང་གིས་ཀློག་མཁན་གྱི་ཆེད་དུ་འབྲི་གི་ཡོད་སྟབས། ཚིག་འབྲུ་རེ་རེ་ནས་བཟུང་བསམ་ཞིབ་ཀྱིས་ཀློག་མཁན་ཚོས་གོ་ཐུབ་པ་ཞིག་དང་དོ་སྣང་ཡོང་བ་ཞིག་གི་ཆེད་དུ་བྲིས་ཚེ། རྩོམ་ཡིག་དེས་ཀྱང་མི་ལ་ཕན་ཐོགས་པ་ཞིག་ཡོང་གི་རེད་བསམས་ཀྱི་འདུག
དྲི་བ། ཁྱེང་རང་ལ་མཚོན་ན། བོད་ཀྱི་རིག་གཞུང་སྤྱི་ལ་མཁྱེན་དཔྱོད་ཡོད་པ་ཕུད། རྩོམ་རིག་དང་ཆབ་སྲིད་ཀྱི་དུས་དེབ་དང་ཚགས་ཤོག་གི་ཕྱག་ལས་གནང་མྱོང་མཁན་ཞིག་གི་ངོས་ནས། ང་ཚོའི་སྤྱི་ཚོགས་ནང་རྩོམ་རིག་གི་གོ་རྟོགས་དང་ཆབ་སྲིད་ཀྱི་གོ་རྟོགས་ཚད་གཞི་དེ་ག་འདྲ་ཞིག་ཆགས་ཡོད་པར་ངོས་འཛིན་གནང་གིན་ཡོད།
ལན། རྩོམ་རིག་དང་ཆབ་སྲིད་ཀྱི་གོ་རྟོགས་འདི་ངས་ཞུ་ཤེས་ཀྱི་མི་འདུག་ང་ལ་མཚོན་ན་ཡང་ལེགས་པོ་ཞིག་ཤེས་ཀྱི་མེད། འོན་ཀྱང་གནས་ཚུལ་འདི་རིགས་སྤྱི་ཚོགས་དང་འབྲེལ་བ་ཡོད་སྟབས་ཕྱོགས་སྣ་འདུས་པའི་མི་སྣ་ཚོགས་ཤིག་ལ་བཅར་འདྲི་བྱེད་པ་བརྒྱུད་ཤེས་དགོས་པ་ཞིག་ཡིན་རྒྱུ་རེད་སྙམ།
དྲི་བ། དེང་སང་ང་ཚོའི་སྤྱི་ཚོགས་ནང་ཚད་ལྡན་ཡིན་མིན་ལ་མ་བལྟས་པའི་རྩོམ་ཡིག་འབྲི་མཁན་མང་དུ་འགྲོ་བཞིན་ཡོད་པ་ཡིན་དུས། ཕར་བལྟས་ཚོད་ལ་གཅིག་གྱུར་གྱི་ཁ་ཕྱོགས་ལྟ་བུ་ཞིག་ཧ་ལམ་མེད་པ་འདྲ་བོ་རེད། གལ་སྲིད་ང་ཚོས་རྩ་དོན་དང་འབྲེལ་བའི་ཆ་ནས་སམ། ཡང་ན། རིག་གཞུང་གནས་བབ་དང་འབྲེལ་བའི་ཆ་ནས་ཁ་ཕྱོགས་ཤིག་འདེམས་ཀ་བྱེད་ན། གང་འདྲ་ཞིག་བླང་བྱར་འཛིན་དགོས་པའི་མ་འོངས་པ་དང༌། འདས་པའི་སྐྱོན་གནད་ག་རེའི་སྐོར་བསྒྱུར་བཅོས་གཏོང་དགོས་སམ།
ལན། གལ་ཆེས་ཤོས་ནི་འབྲི་མཁན་རང་ཉིད་ཀྱིས་ཅི་ཞིག་འབྲི་གི་ཡོད་མེད་དེ་གསལ་བོར་ཤེས་དགོས་པ་དེ་གལ་ཆེན་པོ་རེད། འབྲི་བཞིན་པའི་ནང་དོན་རང་ཉིད་ཀྱིས་ཤེས་ཀྱི་མེད་ཚེ་བྲིས་ཀྱང་ཕན་ཐོགས་མི་ཡོང་བར་ངེས། གསལ་འགོད་རིག་པའི་ནང་རང་ཉིད་ཀྱིས་འབྲི་བ་དེ་ནི་རང་སེམས་ཀྱི་དྲི་བ་གང་ལ་ལན་འདེབས་བྱེད་ཀྱི་ཡོད་པར་བཤད་ཡོད། ཡང་ད་བར་རྩོམ་ཡིག་མང་པོ་ཞིག་ང་ཚོས་གོ་བ་ལེན་མི་ཐུབ་པའི་ཁར་རྩོམ་པ་པོ་རང་ཉིད་ཀྱིས་དེ་ལ་གོ་བ་ལེན་ཐུབ་ཀྱི་ཨེ་ཡོད་སྙམ་པའི་དོགས་པ་ཡོང་གི་འདུག འདི་དངོས་འབྲེལ་ཡིན་ཚེ་ང་ཚོས་ངེས་པར་དུ་མཚམས་འཇོག་བྱེད་དགོས་པའི་དོན་དག་ཅིག་རེད་བསམས་ཀྱི་འདུག
དྲི་བ། ཡང་བཤད་སྟངས་གཅིག་ལ། ད་ལྟའི་གནས་སྐབས་སུ། རིག་གཞུང་གིས་ཆབ་སྲིད་ལ་ཞབས་འདེགས་ཞུ་དགོས་རེད་ཟེར་མཁན་གྱི་རིགས་གཅིག་དང༌། ཆབ་སྲིད་ཀྱིས་རིག་གཞུང་ལ་ཞབས་འདེགས་ཞུ་དགོས་རེད་ཟེར་མཁན་གྱི་རིགས་བཅས་ཡོད་པ་ལས། ཁྱེད་རང་ལ་མཚོན་ན་དེ་ཐད་དགོངས་ཚུལ་ག་རེ་ཡོད་དམ།
ལན། བཤད་ཚུལ་འདིའི་གྲས་ངས་གསལ་བོར་ཤེས་ཀྱི་མི་འདུག གཅིག་བྱས་ན་ངེད་རང་ལ་མར་ཁེ་སུ་ལེ་ཉིན་རིང་ལུགས་ཀྱི་རིག་པའི་གཞུང་ལུགས་ཟེར་བའི་སློབ་སྦྱོང་མེད་པའི་སྐྱོན་ཡིན་རྒྱུ་རེད། ནང་ཆོས་ཀྱི་ལྟ་གྲུབ་ཅིག་གི་ངོས་ནས་བཤད་ན། ཆབ་སྲིད་དང་རིག་གཞུང་གཉིས་ཀྱང་ཕན་ཚུན་ལྟོས་གྲུབ་ཅིག་ཡིན་པ་ནི་ཞུ་མ་དགོས་པ་ཞིག་རེད་སྙམ།
དྲི་བ། ཁྱོད་རང་གིས་ལོ་མང་རིང་རིག་གཞུང་ཉམས་ཞིབ་དང་རྩོམ་སྒྲིག་གི་ཕྱག་ལས་གནང་ཡུན་གྱི་རྒྱུས་མྱོང་གཞི་ལ་བཞག་སྟེ། སྤྱིར་བཏང་གི་རྩོམ་ཡིག་ཅིག་ལ་བཟོ་བཅོས་དང་བཅས་ཏེ། ཚད་ལྡན་རྩོམ་ཡིག་ཅིག་བཟོ་བའི་བརྒྱུད་རིམ་ནང༌། རྩོམ་སྒྲིག་པ་ཞིག་གིས་རྩོམ་ཡིག་གང་ཞིག་ཚད་ལྡན་བཟོ་བ་ལ་འགན་ག་རེ་འཁྱེར་ཆོག་པ་དང༌། ཡང་ན་ས་མཚམས་གང་འདྲ་ཞིང་བཟུང་དགོས་སྐོར་གསུང་རོགས།
ལན། གཞན་གྱིས་བྲིས་པའི་རྩོམ་ཡིག་ཅིག་ལ་བཟོ་བཅོས་བྱེད་སྐབས། ངེད་ཀྱིས་རང་གི་བསམ་ངོ་ལ་བལྟས་ཏེ་གོ་བརྡ་འཕྲོད་པ་མི་འདུག་སྙམ་པའི་ཚིག་གྲུབ་དེ་དག་ལ་འདི་ལྟར་བྱས་ན་གོ་བརྡ་འཕྲོད་ཀྱི་རེད་སྙམ་པ་ཞིག་གི་བར་དུ་བཟོ་བཅོས་བྱེད་ཀྱི་ཡོད། འོན་ཀྱང་རྩོམ་ཡིག་གི་ནང་དོན་ལ་འགྱུར་བ་མི་གཏོང་རྒྱུ་གལ་ཆེན་པོར་བརྩི་གི་ཡོད།
དྲི་བ། དེང་སང་གཞོན་སྐྱེས་གང་འཚམས་ཤིག་གིས་སྙན་ངག་གསར་པ་རང་མོས་སྙན་ངག་འབྲི་བཞིན་པ་རེད་དེ། ཀློག་མཁན་མང་པོ་ཞིག་གིས་སྙན་ངག་གསར་པ་གོ་མི་ཐུབ་པའི་དཀའ་ངལ་འཕྲད་བཞིན་པ་རེད། ཁྱེད་རང་གིས་བལྟས་ན། ད་ལྟའི་རང་མོས་སྙན་ངག་གི་ཚད་གཞི་མ་འགྲིག་པས་རེད་དམ། ཀློག་མཁན་གྱི་ཚད་གཞི་མ་འགྲིག་པས་རེད་དགོངས་ཀྱིན་འདུག་གམ། ད་ལྟའི་ང་ཚོའི་རང་མོས་སྙན་ངག་དང་ཕྱི་རྒྱལ་ཁག་གི་རང་མོས་སྙན་ངག་གཉིས་བསྡུར་ནས་བལྟས་ན། ང་ཚོའི་རང་མོས་སྙན་ངག་གི་ཚད་གཞི་འདྲ་བོ་དེ་གང་འདྲ་ཞིག་ཆགས་ཀྱིན་ཡོད་དམ།
ལན། རང་མོས་སྙན་ངག་ཟེར་བ་འདི་ངས་ཡག་པོ་ཤེས་ཀྱི་མེད། ངེད་ཀྱིས་རང་མོས་སྙན་ངག་འབྲི་ཁུལ་ལན་མང་བྱས་པ་ཡིན་མོད། བྲིས་ཟིན་པ་དེ་ལ་མི་ཚོས་ཡག་པོ་མི་འདུག་རྐྱང་ཟེར་གྱི་འདུག་སྤྱིར་བཏང་གིས་བཤད་ན་དེང་སང་རྩོམ་པ་པོ་སྐོར་ཞིག་གིས་དོན་མི་འབྲི་བར་ཚིག་འབྲི་བཞིན་འདུག དོན་ཉམས་སྣང་དང་ཁ་བྲལ་ནས་ཚིག་གི་རོལ་མོ་ཞིག་ནང་འཇུག་བཞིན་འདུག ང་ལ་མཚོན་ན་སྣང་ཚུལ་འདི་ནི་རང་མོས་སྙན་ངག་ནས་སྒྲུང་རྩོམ་དཔྱད་རྩོམ་སོགས་མང་པོ་ཞིག་གི་སྟེང་ནས་མཐོང་ཡོང་གི་འདུག
དྲི་བ། ང་ཚོས་ཁ་གཅིག་གྲགས་ལྟ་བུར། གཞུང་དམངས་ཕྱོགས་གཉིས་ནས་རིག་གཞུང་སྲུང་སྐྱོབ་ཀྱི་ལས་ཀ་སྒྲུབ་དགོས་ཞེས་བཤད་བསྡད་ཡོད་པ་རེད། ཡིན་ནའང་སྲུང་སྐྱོབ་བྱེད་སྟངས་ཀྱི་ཆ་ནས་བཤད་ན། བརྒྱུད་ཟིན་པའི་ཉམས་མྱོང་དང་འབྲེལ་ནས་མ་འོངས་པའི་གནས་སྟངས་སམ་ཁ་ཕྱོགས་ལ་འགྱུར་བ་གཏོང་བར་ཁ་ཕྱོགས་གང་འདྲ་ཞིག་རྩ་འཛིན་བྱེད་དགོས་སྐོར་གསུང་རོགས།
ལན། གོང་དུ་ཞུས་ཟིན་པ་བཞིན་ང་ཚོས་ཀློག་མཁན་གྱི་བསམ་བློ་འཁྱེར་ཕྱོགས་དང་སྐད་ཆ་བཤད་ཕྱོགས་ཚུན་ནས་དོ་སྣང་གིས། དེ་དག་དགའ་བ་བསྐྱེད་ནུས་པའི་རྩོམ་ཡིག་ཅིག་འབྲི་རྒྱུ་གལ་ཆེན་པོ་རེད་འདུག གནད་དོན་འདིའི་ཐད་ནས་ང་ཚོས་ཕྱི་རྒྱལ་གྱི་རྩོམ་ཡིག་ནང་ཀྱང་ལེགས་ཆ་ལེན་རྒྱུ་མེད་དམ་སྙམ། ཡང་ཆེས་སེམས་མི་དགའ་ས་ཞིག་ནི་ང་ཚོས་ལད་ཟློས་བྱེད་ས་སྐོར་ཞིག་ལ་ཐལ་དྲགས་པའི་སྐྱོན་ཞིག་མཐོང་གི་འདུག དཔེར་ན། འགའ་ཞིག་གིས་རྩོམ་རེ་བྲིས་ནས་ A ལ་ཕུལ་བ། B ་ལ་ཟེར་བ་སོགས་ཡོད་པ་དེ་ཚོ་ལ། ཀ་ལ་ཕུལ་བ་ཞེས་བྲིས་མི་ཆོག་པ་གང་ཡིན་ནམ།
དྲི་བ། ཁྱེད་རང་ནི་གནའ་རྩོམ་ཞིབ་འཇུག་དང༌། དེང་རྩོམ་ཞིབ་འཇུག་གི་ངོས་ནས་ཞུས་ན། ཞིབ་འཇུག་གི་གྲུབ་དོན་ཚད་ལྡན་བྱུང་ཡོད་པའི་གཞོན་སྐྱེས་ཤིག་གི་ངོས་ནས་གཟིགས་ཚེ། ང་ཚོ་སྟེ་བཙན་བྱོལ་ནང་གི་དཔྱད་རྩོམ་དེ་ཚོར་དགེ་སྐྱོན་ག་རེ་ཡོད་པ་མཐོང་གིན་འདུག ཡང་ན་དེ་སྐོར་ལ་དགོངས་འཆར་དང་ལམ་སྟོན་གནང་རྒྱུ་ག་རེ་ཡོད་དམ། འདི་ལ་དམིགས་བསལ་གྱིས་ལན་ཞིག་གནང་རོགས།
ལན། ངས་བོད་ཀྱི་རྩོམ་རིག་གི་བྱུང་བ་བརྗོད་པ་ཞེས་པའི་དེབ་ཆུང་ཞིག་བྲིས་ཡོད། རྩོམ་ཡིག་ལ་དཔྱད་བརྗོད་བྱེད་སྐབས། རྩོམ་པ་པོ་རང་ཉིད་ཀྱི་སྒེར་གྱི་འཆར་སྣང་དེ་འབྲི་མི་རུང་བར། རྩོམ་ཡིག་དེའི་དགེ་སྐྱོན་དང་ཡང་ན་རྩོམ་ཡིག་དེའི་དགེ་སྐྱོན་ཐད་ལ་ཀློག་མཁན་གྱིས་ཅི་ཞིག་བརྗོད་ཀྱི་ཡོད་མེད་ནས་འཕྲོས་ཏེ་གླེང་རྒྱུ་འདི་གལ་ཆེན་པོ་རེད། དེ་བཞིན་རྩོམ་ཡིག་གི་ངོ་ལ་བལྟ་བ་ལས་རྩོམ་པ་པོའི་ངོ་ལ་མི་བལྟ་བ་འདི་ཡང་གལ་ཆེན་པོ་རེད། དཔྱད་བརྗོད་བྱེད་སྟངས་འདི་ལ་དུས་ཚོད་ཀྱི་ཁྱད་པར་ཡོད་པ་རེད་ཅེས་བསམས་ཀྱི་མི་འདུག
བཀླགས་ཟིན་པ་ཡིན་ཐུགས་རྗེ་ཆེ།
དགེ་འདུན་རབ་གསལ་ལགས་ལ་དོགས་འདྲི་ཞིག་ཞུ་རྒྱུ་ཡོད།
ཁྱོད་ཀྱིས་བོད་བསྒྱུར་བྱས་པའི་《སངས་རྒྱས་ཀྱི་དཔའ་རྟུལ་ཚོ་》 ཞེས་པ་དེ་དབྱིན་ཇིའི་ནང་དུ་Buddha’s warrior ཞེས་པ་དེའི་དོན་དག་ཐད་བསྒྱུར་བྱས་པ་རེད་དམ། དེ་ཡིན་ན་བསྟན་སྲུང་དང་བླངས་དམག་ཅེས་པའི་དོན་དེ་ཕར་དབྱིན་ཡིག་ཏུ་བསྒྱུར་དུས་Buddha’s warrior ཞེས་བསྒྱུར་བ་མ་རེད་དམ། གལ་སྲིད་དེ་ལྟར་ཡིན་ན་སངས་རྒྱས་ཀྱི་དཔའ་རྟུལ་ཚོ་ཞེས་པ་ལ་དམིགས་བསལ་གོ་རྒྱུ་ག་རེ་ཡོད་རེད་དེའི་སྐོར་གསལ་བཤད་ཡོད་པ་ཞུ།
མ་ཟད་དེབ་དེའི་ནང་དུ་ཚིག་ཕྲེང་ཁ་ཤས་ལ་ག་རེ་ལབ་ཀྱི་ཡོད་མེད་ཧ་མི་གོ་བ་དེ་འདྲ་མང་པོ་འདུག ང་རང་གི་ཤེས་ཚད་དམན་དྲགས་པ་ཡིན་ནམ་ཡང་ན། ཁྱོད་རང་གིས་བསྒྱུར་སྟངས་མ་འགྲིག་པ་ཡིན་ཧ་གོ་མ་སོང་། དེ་དག་ཐུགས་ལ་ངེས་པ་གནང་རོགས།།
རྩོམ་བྱང་འདིའི་དོན་དག་ངས་མགོ་ཚོས་གི་མི་འདུག ཚིག་གིས་དོན་སྟོན་དགོས་པ་ལས་ཚིག་མེད་པའི་དོན་ཞིག་ག་འདྲ་བྱས་ནས་སྟོན་དགོས་རེད། ཡིན་ནའང་། རྩོམ་པ་པོའི་རྣམ་དཔྱོད་ལ་བརྟེན་ནས་འགའ་རེས་ཚིག་ཉུང་ངུ་རེས་ཀྱང་དོན་ཆེན་པོ་སྟོན་པ་དང་། འགའ་རེས་དོན་ཞིག་སྟོན་པ་ལ་ཚིག་མང་པོ་བེད་སྤྱོད་མ་བཏང་ན་དོན་སྟོན་མི་ཐུབ་པ་དང་། འགའ་རེས་ཚིག་མང་པོ་བེད་སྤྱོད་བཏང་ནའང་དོན་སྟོན་མི་ཐུབ་པ་དེ་འདྲ་ནི་བྱུང་སྲིད་པ་རེད། དོན་ཞིག་སྟོན་དགོས་ན་ཚིག་ཅིག་མ་བྲིས་པར་ཡོང་ཐབས་ཨེ་ཡོད།
མཚམས་རེར་ཀླད་པ་ཆང་དུག་ཅན་འདི་འཐོམས་ནས་ཉིན་གསུམ་བཞི་རེར་གཉིད་སད་གི་མི་འདུག ད་དངོས་གནས་བདེ་ཆེན་རྡོ་རྗེ་འདྲ་བའི་ཕོ་ཁྱོ་ག་རེ་ཡོང་ནས་སྨོན་ལམ་བཟང་བོས་མཚམས་སྦྱར་ནས་ཡར་འཇོག་བྱས་པ་ཡིན་ན་མ་འགྲིགས་པ་གེ་མི་འདུག
དགེ་འདུན་རབ་གསལ་ལགས་ཀྱིས་བདེན་པ་ཞིག་བཤད་འདུག གནས་སྟངས་ཤིག་གླེང་འདུག ཉེ་སྔོན་རྩོམ་པ་པོའི་མཐུན་ཚོགས་ཀྱི་བགྲོ་གླེང་སྐབས་ལའང་། བགྲོ་གླེང་བ་གཉིས་གསུམ་ཤིག་གིས་གནད་དོན་འདིའི་ཐད་ལ་བཤད་སོང་། བོད་སྐད་མ་ཡིན་པའི་ཚིག་སྦྱོར་སྤེལ་བ་ཟེར་བ་ནི་ཁོང་ཚོས་གཅིག་མཚུངས་སུ་བཤད་སོང་། ཡང་གཅིག་གིས། ཚིག་ཕྲེང་བཞི་ནས་ལྔ་རེ་ཙམ་ལ་རྟ་སྒ་སྟོང་རེད་ཅེས་ཀྱང་བཤད་སོང་། ང་ཚོའི་རྩོམ་ཡིག་འབྲི་མཁན་ཚོའི་ནང་ན་སྐྱོན་དེ་སྔོན་མ་ཙམ་མ་རེད། ད་ལྟའང་ཡོད་པ་རེད། སྔོན་མ་ཞིག་ལ།་མཁས་དབང་ཚེ་ཏན་ཞབས་དྲུང་ཚང་གིས་ཀྱང་དེ་འདྲ་ཞིག་གསུངས་ཡོང་པ་རེད། ད་ལྟ་ཚིག་ཇི་མ་ཇི་བཞིན་དྲན་གྱི་མི་འདུག