གསར་འགྱུར་མཁོ་འདོན་པཿ རྡོ་རྗེ་ཚེ་རིང་།
དགེ་རྒན་ཟུར་བ་གཡུ་སྒང་འོད་ཟེར་ལགས་ཀྱིས་རྡ་ས་མེག་ལོར་བོད་ཁྱིམ་ཉིན་མོའི་སློབ་གྲྭ་རུ་བདུན་ཕྲག་གཅིག་གི་རིང་དེ་གའི་དགེ་རྒན་ཚོར་སློབ་ཁྲིད་ཐབས་ལམ་སྐོར་གྱི་ཟབ་སྦྱོང་ཞིག་འཚོགས་བཞིན་པའི་སྐབས་དང་བསྟུན་ནས། ཁོང་གིས་ཨང་གྲངས་ཁ་ཤས་ཀྱི་ཐོག་ནས་བྱ་ཚིག་སྦྱོང་བའི་ཐབས་ལམ་གསར་བ་ཞིག་གསར་བཏོད་གནང་བའི་དཔེ་དེབ་གསར་བ་༼བྱ་ཚིག་སྦྱོང་ཐབས་གསར་མ་གྲངས་ངེས་ཀུན་གྲོལ་༽གྱི་དབུ་འབྱེད་མཛད་སྒོ་ཁ་སང་་སྤྱི་ཟླ་ ༡༠ ཚེས་ ༡༡ ཉིན་གྱི་ཕྱི་དྲོ་ཆུ་ཚོད་གསུམ་པའི་སྟེང་རྡ་ས་མེག་ལོར་བོད་ཁྱིམ་ཉིན་མོའི་སློབ་གྲྭ་རུ་སྐོང་འཚོགས་གནང་ཞིང་། སྐུ་མགྲོན་གཙོ་བོ་ཤེས་རིག་ལས་ཁུངས་ཀྱི་སྲོལ་རྒྱུན་སྡེ་ཚན་གྱི་འགན་འཛིན་རྒན་ཚེ་རིང་བསམ་གྲུབ་ལགས་གཙོས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་། བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ། སྤྱི་ཚོགས་མེ་ལོང་གི་གསར་འགོད་པ། བོད་ཁྱིམ་ཉིན་མོའི་སློབ་གྲྭའི་དགེ་རྒན་རྣམ་པ་དང་འཛིན་རིམ་ལྔ་བའི་སློབ་ཕྲུག་སོགས་མཉམ་འཛོམས་སྟེང་། ཐོག་མར་བོད་ཀྱི་སྲོལ་རྒྱུན་གྱི་རྟེན་འབྲེལ་ལྟར་གྲོ་མ་འབྲས་སིལ་དང་གསོལ་ཇ་ཞལ་ཏོག་སོགས་སྐུ་མགྲོན་ཡོངས་ལ་འདེགས་འབུལ་ཞུས་མཐར་སྐུ་མགྲོན་གཙོ་བོ་ཤེས་རིག་ལས་ཁུངས་ཀྱི་སྲོལ་རྒྱུན་སྡེ་ཚན་གྱི་འགན་འཛིན་རྒན་ཚེ་རིང་བསམ་གྲུབ་ལགས་ཀྱིས་བྱ་ཚིག་སྦྱོང་ཐབས་གསར་མ་གྲངས་ངེས་ཀུན་གྲོལ་གྱི་དབུ་འབྱེད་མཛད་སྒོ་བསྐྱངས།
དེའི་རྗེས་གཡུ་སྒང་འོད་ཟེར་ལགས་ཀྱིས་བྱ་ཚིག་སྦྱོང་ཐབས་གསར་མའི་སྐོར་ངོ་སྤྲོད་གནང་དོན། ཁོ་བོས་འདི་འདྲའི་དེབ་ཅིག་དཔར་སྐྲུན་གནང་བའི་དགོས་པ་གཙོ་བོ་ནི། གཞི་རིམ་སློབ་གྲྭ་ཁག་གི་སློབ་ཕྲུག་ཚོས་བོད་ཡིག་གི་གནས་བབ་དང་སློབ་ཕྲུག་ཚོས་བོད་ཡིག་ཁག་པོར་འཛིན་པའི་འདུ་ཤེས་སོགས་ལ་ལོ་མང་རིང་ཉམས་ཞིབ་དང་སློབ་ཕྲུག་མང་པོ་མཉམ་དུ་བསྡད་པའི་ཉམས་མྱོང་སོགས་ཕྱོགས་བསྡུ་བྱས་ཏེ། ད་ལྟ་གྲངས་ཁ་ཤས་ཀྱི་ཐོག་ནས་བྱ་ཚིག་ཁག་སྦྱོང་སླ་ཞིང་རིགས་འགྲེ་གཏོང་ཆོག་པའི་ཐབས་ལམ་གསར་བ་ཞིག་བཙལ་ཡོད་པས་མགོ་རྙོག་ཆེ་བའི་བྱ་ཚིག་གི་དཀའ་ངལ་གང་འཚམས་སེལ་ཐུབ་ཡོད་གསུངས། རྒྱུ་མཚན་འདི་འདྲ་ལ་བརྟེན་ནས་ལོ་སྔོན་མར་སམ་བྷོ་ཊའི་ཁྱབ་ཁོངས་ཀྱི་སློབ་གྲྭ་ཁག་ཕལ་མོ་ཆེར་བྱ་ཚིག་སྦྱོང་ཐབས་འདིའི་སྐོར་ལ་ཟབ་སྦྱོང་འཚོགས་ཤིང་དགེ་རྒན་མང་པོས་བསྔགས་བརྗོད་ཐོབ་སོང་པ། ངས་དེབ་འདི་དཔར་སྐྲུན་བྱེད་པའི་སྲོག་ཤིང་ལྟ་བུ་ཆགས་སོང་། ད་ལྟ་དཔར་སྐྲུན་བྱས་ནས་དེབ་ཀྱི་དབུ་འབྱེད་མ་བྱས་གོང་ལ་དེབ་མང་ཆེ་བ་མངགས་ཉོ་བྱས་ནས་རྫོགས་ཟིན་པར་བལྟས་ན་ཏན་ཏན་ཕན་ཞིག་ཐོག་གི་ཡོད་ས་རེད་བསམ་ནས། དཔར་སྐྲུན་ཐེངས་གཉིས་པ་བྱ་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད་གསུངས་བྱུང་།
དེའི་རྗེས་སུ་སྐུ་མགྲོན་གཙོ་བོ་ཤེས་རིག་ལས་ཁུངས་ཀྱི་སྲོལ་རྒྱུན་སྡེ་ཚན་གྱི་འགན་འཛིན་རྒན་ཚེ་རིང་བསམ་གྲུབ་ལགས་ཀྱིས་གསུངས་དོན། རྒན་འོད་ཟེར་ལགས་ལོ་མང་པོའི་གོང་ནས་ངོ་ཤེས་གི་ཡོད། སྔོན་མ་ཝ་ར་ཎ་སིར་དགེ་རྒན་ཟབ་སྦྱོང་ཞིག་གི་སྐབས་དགེ་རྒན་ཚོར་སློབ་ཁྲིད་ཐབས་ལམ་དམིགས་བསལ་རེ་གྲ་སྒྲིག་བྱེད་དགོས་པར་ལབ་པ་ཡིན། དེ་དུས་རྒན་འོད་ཟེར་ལགས་ཀྱིས་བྱ་ཚིག་སྦྱོང་གསར་མ་འདིའི་སྐོར་ངོ་སྤྲོད་གནང་བས་དགེ་རྒན་དང་ཚོགས་བཅར་བ་མང་པོས་བསྔགས་བརྗོད་གནང་ཡུལ་དུ་གྱུར་བ་རེད་དངོས་གནས་རྗེས་སུ་ཡི་རང་ཞུ་འོས་པ་ཞིག་རེད། དེའི་རྗེས་ཤེས་རིག་ལས་ཁུངས་ཀྱི་ངོས་ནས་ས་རཱ་མཐོ་སློབ་ཏུ་དགེ་རྒན་འོས་སྦྱོང་བ་ཐེངས་འགར་རྒན་འོད་ཟེར་ལགས་ལ་བྱ་ཚིག་སློབ་ཐབས་སྐོར་གྱི་སློབ་ཚན་གོ་སྒྲིག་ཞུས་པ་ལྟར་ཟབ་སྦྱོང་བ་ཚང་མའི་འདོད་པ་ཁེངས་པ་བྱུང་། ན་ནིང་ཡང་སྐུའི་གསུང་བསྒྱུར་རྒན་ཐུབ་བསྟན་སྦྱིན་པ་ལགས་ཀྱིས་ས་རཱར་ཟབ་སྦྱོང་གནང་སྐབས་ཀྱང་རྒན་འོད་ཟེར་ལགས་ཀྱིས་བྱ་ཚིག་སྦྱོང་ཐབས་འདི་ངོ་སྤྲོད་བྱས་པས་ཕན་རླབས་རྒྱ་ཆེན་པོ་བྱུང་། དངོས་གནས་སློབ་ཚན་ཐབས་ལམ་གསར་བ་གསར་གཏོད་ཀྱི་རྣམ་པ་ཡོད་པ་འདི་འདྲ་ང་ཚོའི་སྤྱི་ཚོགས་ལ་དགོས་མཁོ་ཆེན་པོ་ཆགས་བསྡད་ཡོད་པས་རྗེས་སོར་ཡང་འདི་འདྲའི་དཔེ་དེབ་རིགས་ལ་ཤེས་རིག་ལས་ཁུངས་ནས་མཐུན་སྦྱོར་གནང་ཐུབ་གི་རེད་གསུངས་སོང་།
དེབ་ཀྱི་དབུ་འབྱེད་མ་བྱེད་གོང་ནས་དེབ་ཕལ་ཆེ་བ་མངགས་ཉོ་ཟིན་པ་དེས་དེབ་ཡག་པོ་བྲིས་ན་ཀློག་པ་པོ་མང་པོ་ཡོད་པར་མཚོན་ཡོད་ལ། སྤྱི་ཚོགས་ཁྲོད་དུ་ཕན་རླབས་ཀྱང་ཆེན་པོ་ཡོད་པ་དེ་བས་ཀྱང་མཚོན་ཡོད་པ་སྨོས་མེད་རེད། དེབ་དེ་འདྲ་བྲིས་པའི་སྐུ་ངལ་སྐྱོན་པར་ཡི་རངས་ཡོད།
རྒན་ལགས་ཀྱི་དཔེ་དེབ་ཐབས་མཁས་མ་ལེགས་འགྲུབ་བྱུང་བར་རྟེན་འབྲེལ་ཞུ།
བཀྲ་ཤིས་བདེ་ལེགས།
རྩོམ་པ་པོ་ཚོས་སྤྱི ཚོགས་ཀྱིས་དོ་སྣང་མི་འདུག་ལབ་ནས་བསྡད་པ་དེ་སྐྱག་རྫུན་ཡིན་པ་གསལ་བཤད་བྱས་སོང་ང་། ད་ཡིན་ན། རྩོམ་པ་པོ་ཚོས་སྤྱི ཚོགས་ཀྱི་དགོས་མཁོ་ལ་གཞིགས་ནས་བརྩམས་ན། སྤྱི་ཚོགས་ཀྱིས་ངོས་ལེན་ཡོད་པ་དྲན་གསོ་གནང་སོང་། སྙན་ངག་ཆ་ལེ་ཆོལ་ལེ་དེ་ཚོ་སྤྱི་ཚོགས་ཀྱི་དགོས་མཁོ་དང་མ་འཚམ་པས་དེབ་རིན་མེད་སྤྲད་ནའང་ནའང་ལེན་མཁན་མེད་པ་རེད་མ་གཏོགས། ད་སྤྱི་ཚོགས་ཀྱི་སྟེང་ལ་སྐྱོན་འགེལ་རྒྱུ་ཡང་མཚམས་ཆད་པ་ཞིག་ཡོང་གི་རེད།
རྩོམ་པ་པོ་ལ་བཀྲ་ཤིས་བདེ་ལེགས་ཞུ། ཐུགས་རྗེ་ཆེ་ཞུ། འདོན་ཐེངས་གཉིས་པའི་དཔར་སྐྲུན་གང་མགྱོགས་གནང་རོགས།
སྲིན་པོ་རྫ་རྒན་ལགས་ཀྱིས་གསུངས་པ་དེ་དེ་བཞིན་དུ་ལེགས་སོ།
དངོས་གནས་ཡག་པོ་རེད།
མི་རབས་གསར་པའི་གཟི་བརྗིད་རེད།
དངོས་གནས་རྗེས་སུ་ཡིད་རངས་ཞུ། དེབ་དེ་གང་མགྱོགས་འཇལ་བར་སྨོན། །
གཏམ་འདི་འདྲ་གོ་ན་སྐྱིད་པོ་རེད།
དེབ་དེ་འདྲ་རེག་ན་ཡག་པོ་རེད།
རྒན་དེ་འདྲ་ཡོད་ན་ལས་ཅན་རེད།
བོད་འདི་ལ་དགོས་བའི་དེབ་དགེ་རེད།
གསར་གཏོད་ཡིན་མིན་མི་ཤེས་ཏེ།
གོ་སླར་སྦྱར་བའི་ཐབས་ལམ་དེ།
མི་ཤེས་རྨོངས་བའི་དགེ་རྒན་ཚོར།།
ཕན་ཞིག་ཐོག་ན་སློབ་མར་བཟང་།།
ད་ནི་གཞི་ནས་ང་ཚོའི་སྤྱི་ཚོགས་འདི་ལ་བྱ་བ་མེད་བར་བྱ་ཚིག་སློབ་སྦྱོང་བྱེད་མཁན་གྱི་སྤྱི་ཚོགས་ཤིག་ཏུ་འགྱུར་བཞིན་པ་མཐོང་སོང་། དགའ་བ་ལ་དང་སྐྱིད་པ་ལ།
སྲིན་པོ་རྫ་རྒན་ཀྱིས་ལབ་པ་དེ་དེ་བཞིན་ནོ། ཀླུ་དགའ་གི་མེད་ཀ་ཧ་ཧ་ཧ།
དངོས་གནས་འགྲོ་སྟངས་བྱེད་ན་དང་པོ་ཉོས། དེ་ནས་ཀློག དེ་ནས་བསམ། དེ་ནས་རང་རང་གི་ཚད་ཤིང་སྤྱོད་ནས་ལེགས་ཉེས་ཐག་གཅོད་དགོས་མོད། འོན་ཏང་དེབ་འདིའི་འབྱུང་རིམ་ནི་རྒྱུ་འབྲས་གོ་ལྡོག་ཤིག་དང་འདྲ་བར་དབུ་འབྱེད་མ་གནང་གོང་ནི་ཚོང་རར་མ་བཀྲམ་གོང་ཡིན་དགོས་ཤིང་ཏག་ཏག་དེ་ནས་རྫོགས་སོང་ཟེར། ཨ་ཡ་མཚན།། དངོས་བྱུང་ཡ་མཚན་རེད་ཡ།། །།
༡༠༽ ཀླུ་སྨྱོན་ནས།
སྤྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༡༡ གི་ཆུ་ཚོད་ ༡༩ སྐར་མ་ ༡༨
ད་ནི་གཞི་ནས་ང་ཚོའི་སྤྱི་ཚོགས་འདི་ལ་བྱ་བ་མེད་བར་བྱ་ཚིག་སློབ་སྦྱོང་བྱེད་མཁན་གྱི་སྤྱི་ཚོགས་ཤིག་ཏུ་འགྱུར་བཞིན་པ་མཐོང་སོང་། དགའ་བ་ལ་དང་སྐྱིད་པ་ལ། ཟེར།
རྒན་འོད་ཟེར་ལགས་ཀྱི་བྱ་ཚིག་གྲངས་རྩིས་རིག་པར་སྙིང་ནས་རྟེན་འབྲེལ་ཞུ།
ངོ་རྩོམ་པ་པོ་གཡུ་འོད་ལགས་ལ་རྟེན་འབྲེལ་ཞུ།
ཤིན་ཏུ་ལེགས་སོ།། དེབ་འདི་མགྱོགས་པོར་ལག་སོན་བྱུང་བར་རེའོ།། ང་ཚོ་བོད་དགེ་རྣམས་འདི་ལྟར་འགུལ་དགོས་སོ།། འགུལ་སྟངས་ཀྱང་འདི་ལྟར་རང་ཡིན་ནོ།། དངོས་གནས་ཡོག་གོ། སློབ་ཁྲིད་ཁྲིད་ཆས་ལས་ཛ་དྲག་པ་དང་། མཁོ་གནད་ཆེ་བ་ཞིག་མེད་པས་ཧ་ཅང་ལེགས་པས་ཐུགས་རྗེ་ཆེའི་རྟེན་འབྲེལ་ཞུས་སོ།།
རྗེས་སུ་ཡི་རངས་ཞུ། འུ་ཅག་གི་སྤྱི་ཚོགས་ལ་དོན་ཕན་ཅན་གྱི་དེབ་ཅིག་ཡིན་པ་འདུག ཕྱེས་སུ་ཡང་མུ་མཐུད་དཔེ་དེབ་དེ་འདྲ་རྩོམ་སྤེལ་ཡོང་བར་རེ་སྨོན་བྱེད། བཀྲིན་ཆེ།
རྗེས་སུ་ཡི་རངས་ཡོད། ལག་སོན་བྱུང་ན་ཞིབ་ཚགས་ཀྱིས་ཀློག་ཏེ་ལེགས་ཉེས་ཀྱི་བསམ་ཚུལ་བརྗོད་ཀྱི་ཡིན།་་་སྤྱིར་ང་ཚོའི་རིག་གནས་འདི་སྦྱོང་ཐབས་སྣ་ཚོགས་ལ་བརྟེན་ནས་ལས་སླ་ནས་སླ་རུ་བཏང་བ་ཡིན་ན་ཤེས་ཡོན་གྱི་གཞི་རྐང་བརྟན་པོ་ཞིག་ཚུགས་མི་ཐུབ་པར་འདོད། ལྷག་པར་སློབ་མ་ཚོར་མཚོན་ན། སྦྱོང་གཉེར་གྱི་བརྩོན་པ་བསྐྱེད་མི་དགོས་པར་སྟབས་བདེ་བ་དང་ལས་སླ་བ་དེར་འཇུས་ནས་ཡིག་རྒྱུགས་ཀྱི་བརྒྱ་ཆ་ལོན་ཐུབ་བྱེད་པ་ཙམ་ལས། རྩ་བའི་གཞུང་དངོས་ལ་རྒྱུས་ལོན་དང་སློབ་སྦྱོང་གི་གཞི་རྐང་ཡག་པོ་ཞིག་ཚུགས་མི་ཐུབ། སྔོན་ཆད་ཁོ་བོ་ས་རཱ་ན་ཡོད་པའི་སྐབས་ཤིག་སུམ་རྟགས་སྐོར་གྱི་དྲི་བ་དྲིས་ཀྱི་དེབ་ཅིག་དཔར་བསྐྲུུན་བྱས་འདུག་ལ། དེབ་དེའི་ནང་གི་དྲི་གཞི་མང་པོ་ཞིག་ས་རཱ་མཐོ་སློབ་ཀྱི་ཡིག་རྒྱུགས་སྐབས་ཀྱི་དྲི་གཞི་རྣམས་ཕྱོགས་གཅིག་ཏུ་བསྡུས་པ་ཞིག་རེད་བསམ། ཡིག་རྒྱུགས་ཐོན་ལ་ཉེ་བའི་སྐབས་སློབ་མ་འགའ་རེ་ནས་དྲི་བ་དྲིས་ལན་སྐོར་གྱི་དེབ་ཁོ་ན་ལག་ཏུ་ཉར་ནས་དྲིས་ལན་རྣམས་བློ་ལ་འཛིན་པ་ལས། ཁྲིད་གཞིའི་སློབ་དེབ་ལག་ནས་གཡུགས་འདུག དེ་འདྲ་བྱས་པ་ཡིན་ན་སྐབས་ཐོག་གི་དྲི་གཞིའི་ལན་དེ་ཙམ་ལས་གཞན་ལ་ངེས་ཆ་མེད་སྟབས་ཡིག་རྒྱུགས་ཀྱི་དྲི་བའི་ནང་དྲིས་ལན་ཕྱོགས་བསྒྲིགས་ཀྱི་དེབ་དེ་ལས་དྲི་བ་གཅིག་ཀྱང་མེད་པ་ཡིན་ན། སློབ་མ་དེ་རིགས་དྲི་ལན་ཚང་མར་ནག་གོང་ཡིན་པ་དང། མ་ཟད་རྩ་བའི་ཁྲིད་གཞི་དང་འབྲེལ་བའི་སློབ་སྦྱོང་གི་ཤེས་ཚད་ཐད་ནས་ཀྱང་འབྲས་བུ་ཅི་ཡང་ལོན་མེད།
སྤྱིར་སྔོན་རབས་ཀྱི་མཁས་པ་རྣམས་ཀྱིས་བློ་དང་རིག་རྩལ་གྱིས་མཚན་ཉིད་རིག་པའི་རིགས་ལམ་སྐོར་སོགས་གཟས་ནས་མགོ་རྙོག་དང་དཀའ་རུ་བཏང་སྟེ་བརྩམས་ཡོད་པས་དེ་དག་ལ་དགོས་པ་རྒྱུ་མཚན་ཆེན་པོ་ཡོད་པར་མཁས་པ་རྒན་པ་འགའ་ཡི་གསུང་ལས་ཐོས་མྱོང་། འདི་ནི་ཁོ་བོའི་སྒེར་གྱི་བསམ་ཚུལ་ཙམ་ཞིག་སྨྲས་ཏེ། ཕྱོགས་འདི་དག་ལའང་ང་ཚོས་བསམ་བློ་ཞིག་གཏོང་དགོས་ཀྱི་འདུག་ཟེར་བ་ཙམ་ཡིན་ལགས།_རྩེ་སྐར་གྱིས།
བུ་རྒོད་ཚོ། ཚོིད་ལྟ་བྱོས། གསར་གདོད་ཀྱི་ལམ་དུ་སྐྱོད། མདུན་སྐྱོད་ནི། བསྐྱལ་བསྡུས་ཡང་བསྡུས་བྱས་པ་མ་ཡིན་པར། ཚོད་ལྟ་དང་གསར་གདོད་ལ་ཟེར་བ་མ་ཡིན་ནམ།
གྲོགས་འོད་ཟེར་གྱིས་དེབ་སྒོ་འབྱེད་མཛད་སྒོ་ཞིག་བསྡུས་པ་ལེགས། དེ་རིང་གི་གསར་འགྱུར་འདིའི་ཁ་བྱང་འདོགས་སྟངས་ཏོག་ཙམ་ནོར་འདུག འོན་ཀྱང་དེབ་ཀྱི་རིན་ཐང་དངོས་གནས་སྤྱི་ཚོགས་སུ་གྲགས་ཆེ། རྟེན་འབྲེལ་ཞུ། མི་འགྱང་བར་འདོན་ཐེངས་གཉིས་པ་སླེབས་པར་སྨོན།
བཀའ་དྲིན་ཆེ་ཤིན་ཏུ་ལེགས།
ཧཧཧཧ དེ་ལས་དེབ་མ་རྩོམ་གོང་ནས་པར་ཐེངས་དང་པོ་མངགས་ཉོའི་ལམ་ནས་རྫོགས་ཟིན་ཞེས་ལབ་ན་ཡག་ས་རེད། དེ་རིང་བར་དེབ་དེའི་སྐོར་གཅིག་ཀྱང་གོ་མ་མྱོང་། ད་ལྟ་རྫོགས་ཚར་འདུག ངའི་མགོ་དེ་ག་བར་བཅུག་བསྡད་པ་ཡིན་ན།
དྲ་གྲོགས་ཚང་མར་བཀྲིས་བདེ་ལེགས་ཞུ། གུས་པའི་བྱ་ཚིག་སྦྱོང་ཐབས་གསར་མ་དེབ་གྲངས་གཅིག་སྟོང་དཔར་སྐྲུན་བྱས་ཏེ་ཉིན་བཅུའི་ནང་ཚུད་དེ་དབུ་འབྱེད་ཀྱི་མཛད་སྒོ་མ་འཚོགས་སྔོན་ནས་སློབ་གྲྭ་ཁག་ནས་མངགས་ཉོ་བྱས་ཏེ་དེབ་མང་ཆེ་བ་རྫོགས་ཟིན་པས་དགའ་སྤོབས་སྐྱེ་འོས་པ་ཞིག་ཏུ་གྱུར་སོང་། སྤྱི་ཚོགས་ཀྱིས་རྒྱབ་སྐྱོར་ཐོབ་པར་ཐུགས་རྗེ་ཆེ་ཞུ།
མ་གཞི་བཙན་བྱོལ་ནང་བོད་ཡིག་གི་དཔེ་དེབ་དག་འགྲོ་ཁྱབ་ཆུང་བས་ཕལ་ཆེར་དཔར་ཐེངས་རེར་དེབ་གྲངས་༥༠༠ཡས་མས་ལས་དཔར་གྱི་མེད་ན། དེ་འདྲའི་མགྱོགས་པར་རྫོགས་འདུག་ཟེར་བ་ཧ་ལས་དགོས་པའི་གནས་སུ་མ་མཐོང་ཡང་། དེ་རིང་གི་གསར་འགྱུར་འདིས་དཔེ་དེབ་ཀྱི་སྤུས་ཀར་མ་ཟད་བོད་ཡིག་ལ་དོ་སྣང་བྱེད་ཤུགས་ཆེ་རུ་སོང་བ་མཚོན་པས་དགའ་སྤོབས་སྐྱེས། ཐུགས་རྗེ་ཆེ།
ཤིན་ཏུ་བཀུར་འོས་པའི་བོད་དགེ་འོད་ཟེར་ལ། ང་ནི་ཁྱེད་ཀྱི་སློབ་མ་ཞིག་ཡིན། ང་ཆེས་ཆུང་བའི་འཛིན་རིམ་བདུན་པ་སྐབས་ཁྱེད་ཀྱི་བྱ་ཚིག་གི་སྒྲོམ་གཞི་བསླབས་མྱོང་ལ། འཛིན་རིམ་དགུ་པ། ད་དུང་ཟུར་འཁྲིད་དང་ཟབ་སྦྱོང་། ཁྱེད་ཀྱི་སློབ་འཁྲིད་ཀྱི་བག་ཆགས་དག་ད་དུང་འདུག
དེ་བས། ཁྱེད་ཀྱི་རྩོམ་ཡིག་གི་མཛེས་སྡུག་སྡུམ་རྭར་འཁྲིད་མྱོང་། ང་ནི་ཁྱེད་ཀྱི་སྐད་ཡིག་གི་བྱང་ཚད་དང་། མི་རིགས་རིང་ལུགས་ཀྱི་ལྟ་གྲུབ་སོགས་ལ་ཤིན་ཏུ་ཡིད་སྨོན་འཕྱོར་ཀྱིན་འདུག
དེ་རིང་ཁྱེད་ཀྱི་གཟི་བརྗིད་ཀྱི་བཞེངས་པའི་ལས་དོན་འདི་ལྟར་བ་ཞིག་གནང་བར་ངོ་མ་དགའ་སྤྲོའི་རླབས་ཀྱི་ཕྱུར། ང་ཡང་ཁྱེད་ཀྱི་དཔེ་དེབ་དེ་སྒུག་་པ་པོ་ཞིག་ཡིན་ལ། མི་རབས་གསར་པ་མང་དག་ཅིག་ཀྱང་དེ་ལྟར་ཡིན་ངེས། ཁྱེད་ཀྱི་དཔར་བསྐྲུན་གང་མང་གནང་རོགས། བཀའ་དྲིན་ཆེ། རྒན་ལགས།
རྔ་སྒྲ ཁྱེད་ཀྱི་སྨྱུག་མིང་འདི་མཁྱེན་གྱི་འདུག་གམ།
དེ་རིང་ཁྱེད་ཀྱི་གཟི་བརྗིད་(ཀྱི)་(བཞེངས་པ)འི་ལས་དོན་འདི་ལྟར་བ་ཞིག་གནང་བར་ངོ་མ་(དགའ་སྤྲོའི་(རླབས་ཀྱི་(ཕྱུར)། ང་ཡང་ཁྱེད་ཀྱི་དཔེ་དེབ་དེ་()སྒུག་་པ་པོ་ཞིག་ཡིན་ལ། མི་རབས་གསར་པ་མང་དག་ཅིག་ཀྱང་དེ་ལྟར་ཡིན་ངེས། ཁྱེད་(ཀྱི)་དཔར་བསྐྲུན་གང་མང་གནང་རོགས། བཀའ་དྲིན་ཆེ། རྒན་ལགས།
གོང་གི་སློབ་ཕྲུག་འདི་ལ་བལྟས་ན་རྒན་ཁོང་བློ་ཕམ་ཡོང་བ་འམ་ཡང་ན་ངོ་ཚ་སྐྱེས་ས་རེད། དེ་མིན་ན་ཁོང་གི་རིག་ལམ་གསར་བའི་རྐུབ་བརྡོལ་བ་རེད། ཨ་ཁ།
རྔ་སྒྲ ཁྱེད་(ཀྱི)་སྨྱུག་མིང་འདི་མཁྱེན་(གྱི)་འདུག་གམ།
ཚིག: འགལ་འདུག དབུ་འབྱེད་མ་བྱེད་གོང་ནས་དེབ་རྫོགས་ཚར་ན་དེབ་ཀྱི་བྲོ་བ་མ་མྱང་ནས་གོང་ཆོས་ལ་མི་སྟོན་གང་ཟག་ལ་སྟོན་ཟེར་བ་འདྲ་བོ་འདུག
དེབ་དངོས་གཞི་ལ་བལྟས་ནས་དཔྱད་བརྗོད་སྤེལ་ན་ལེགས། དེ་མིན་རང་ཉིད་ནས་ཞེ་དྲག་ཅིག་ཡིན་ཚུལ་བསྒྲགས་བསྡད་པ་ཙམ་གྱིས་དེབ་ཀྱི་རིན་ཐང་དངོས་མཚོན་མི་ཐུབ། ངས་གྲོགས་པོ་ཞིག་རྩ་ནས་དེབ་དེ་རོབ་ཙམ་བལྟས་པ་ཡིན། བཙན་བྱོལ་ཁྲོད་ཀྱི་སློབ་གྲྭ་པ་ཚོར་མགོ་སྐོར་གཏོང་ཐུབ་ཙམ་ལས། ཆེད་ལས་བརྡ་སྤྲོད་མཁས་པའི་ཁྱད་ཆོས་ཅང་མི་འདུག་བསམ། བགྲོ་གླེང་རྗེས་སུ་ཡོང་བའི་རེ་བ་ཡོད།
དེབ་ཀྱི་རིན་ཐང་ཟེར་བ་འབྲེལ་བ་དང་ཁྱབ་བསྒྲགས་ལ་ཐུག་པ་ཞིག་མིན། གཙོ་བོ་ཆེད་ལས་པའི་ནང་ལ་མཐོང་ཡོད་མེད་དེ་རེད། ལྷག་པར་དུ་བྱ་ཚིག་སྐོར་ལ་བརྡ་སྤྲོད་སྨྲ་བ་ཚོས་རིན་གོང་འཇོག་དགོས་རེད།
གོང་གི་རྔ་སྒྲ་ཟེར་བ་དེ་དངོས་གནས་འོད་ཟེར་གྱི་སློབ་མ་ཡིན་ན་མིང་དངོས་མ་སྨྲོས་དོན་ཅི་ཡིན་ནམ། གཅིག་བྱས་ན་དགེ་སློབ་གཉིས་ཀ་མི་གཅིག་མིན་འགྲོ། དེ་དོགས་པ་ཙམ་ཡིན།
འོད་ཟེར་ལགས།
དཔེ་ཆ་གསར་རྩོམ་གྱི་ལས་ལ་ཞུགས་ཡོད་པར་དགའ་བའི་བསྔགས་བརྗོད་ཡོད། དཔེ་ཆ་གསར་ཐོན་ལ་བཀྲ་ཤིས་བདེ་ལེགས་ཞུ། ང་དྷ་ས་ནས་མ་བྲལ་སྔོན་ཁྱེད་ཀྱིས་མགྲོན་དུ་བོས་ནས་ཕག་ཤ་བཙོས་པ་དེ་ད་དུང་ཡང་ཕོ་བའི་ནང་སྣུམ་ཚུར་ཚུར། དྲི་ངད་ངད་བྱེད།
བསམ་དོན་ཡིད་བཞིན་འགྲུབ་པའི་སྨོན་འདུན་ཡོད།
གོང་དུ་རྩོམ་པ་པོ་ལ་ཟུར་ཟ་གཡས་ཤོར་གཡོན་ཤོར་འོང་ལུགས་འདི་ལ་བལྟས་ན་ཁོང་ལ་ཕྲག་དོག་བྱེད་མཁན་མང་པོ་འདྲ། གནས་སྟངས་འདི་འདྲ་ལ་བསམ་ན་ཁོང་ལ་ཤེས་འཇོན་གང་ཐད་ནས་སྔོན་ཐོན་ཞིག་ཡོད་པར་ཚོད་དཔག་བྱེད་ཐུབ། ངས་འདི་ནས་རྩོམ་པ་པོ་འོད་ཟེར་ལགས་ཀྱིས་དམངས་ཕན་གྱི་དཔེ་དེབ་དེ་འདྲ་སྒོ་འབྱེད་གནང་བར་རྟེན་འབྲེལ་ཞུ།
ཕྲག་དོག་བྱེད་མཁན་མང་པོ་ཡོད་པ་འདྲ་་་་
མགོན་པོ་ཕྱག་གཉིས་ལགས་ཕེབས་བཀྲ་ཤིས་བདེ་ལེགས་ཞུ།
སློབ་བུ་རྔ་སྒྲ་ལགས་ནས་བྱེད་འབྲེལ་གྱི་ཁྱད་པར་དང་དག་ཆ་འགར་ནོར་འཛོལ་བྱུང་བར་གནམ་དང་མེ་ཏོག་ལྷ་མཛེས་གཉིས་ཀྱིས་སློབ་སྟོན་གནང་བར་བཀའ་དྲིན་ཆེ། འདི་ལྟར་གཡས་སྐྱོར་གཡོན་སྐྱོར་བྱས་ན་ང་ཚོ་ལ་རེ་བ་ཡོད་རྒྱུ་རེད།
གང་ལྟར་མང་པོ་ཞིག་གིས་འགྲིག་འདུག་དང་འགྲིག་མིན་འདུག་བཤད་དུས་འོད་ཟེར་ཁོང་སྤྱི་ཚོགས་ནང་འབུར་དུ་ཐོན་པའི་རྟགས་རེད།
བཀུར་འོས་མཁྱེན་རྒྱ་ཡངས་པའི་དཔྱད་ལྡན་མཁས་པ་དང་ཀློག་པ་པོ་རྣམས། ང་ཅི་ཡང་མ་ཤེས་པའི་གཞི་རིམ་དགག་སྒོ་ནས་མཐར་མ་སོན་པའི་སློབ་མ་ཞིག་ཡིན། ངར་མཚོན་ན་ཅི་ཡང་མི་ཤེས་པའི་སྔ་ཕྱིའི་ཁྲོད་རྩོམ་ཡིག་ཐར་ཐོར་རེ་བྲི་རྒྱུ་དགའ། རང་རེའི་སྐད་ཡིག་གི་གནས་ཚད་ཤིན་ཏུ་ཞན་པའི་ཡར་རྒྱས་གཏོང་རྒྱུའི་འདུན་པ་ཤིན་ཏུ་ཆེ། དེའི་སྟབས་ཀྱི་ཁྱེད་རྣམས་ཀྱིས་ཡིག་སྐྱོན་ཐེར་འདོན་གནང་བར་བཀའ་དྲིན་ཆེ། རྗེས་སུ་ཡིད་གཟབ་བྱེད་ངེས་ཡིན།
རྔ་སྒྲ་ནས།