རེབ་ཐོག་མདའ།
*དེབ་ཀློག་གི་སེམས་ཁམས།*
ཉི་མ་རེ་རེར
རང་ཉིད་དཔེ་དེབ་ཞིག་གི་སྣེ་མོ་ལ་མདུད་པ་བརྒྱབ་རྗེས
རྩྭ་ཐང་ལྟ་བུའི་དེབ་ཆུང་དེ་ཚོ
ལུ་ཁྱུ་བཞིན་འཚོས་ཏེ
ངོ་གདོང་ལ་ལྷུང་བའི་དུས་ཚོད་འདིས་སྔ་གཞུག་ནས
རང་ཉིད་སྨྱུ་གུ་དང་ཐག་ཉེ་བའི་མྱི་གསོན་པོ་ཞིག་བྱེད་ན་བསམ་ཡོད
*དྲན་གདུང་*
ཁྲུང་ཁྲུང་འཕུར་ཤུལ་དུ
སེམས་པ་འདི
རླུང་བུས་འཁྱེར་གྱིན་པའི་སྡོང་ལོ་བཞིན
གཙང་པོའི་ནང་དུ་ཟགས
གཙང་པོ་དེ་ཡང
སེར་ཐིག་ལྷུང་བའི་ནམ་ཟླ་དེའི་ངོགས་སུ་ལྷུང་བའི་ཁྱོད་ཀྱི་མིག་ཆུ་ཐིགས་པ་གཅིག
*ཁེར་རྐྱང་གི་ཚོར་བ།*
སྐར་ཚོགས་ལ་འོད་སྣང་བྲལ་བའི་དོ་དགོང་
ཟླ་བ་ཁེར་རྐྱང་ཡིན་སྲིད་དམ
གློག་སྒྲོན་འོག་གི་སེམས་པ་འདི
རྨི་ལམ་གྱི་ཁ་དོག་བོར་བའི་འབུ་མེ་ལྕེབས་དེ་འདྲ་ལ
སྒེའུ་ཁུང་ཕྱི་ལོགས་སུ་ལྷུང་བའི་ནམ་ཟླ་འདི་ཡང་
བསམ་གཞིགས་རིང་མོ་འདིའི་སྣེ་ནས་བཞུར་བའི་གཙང་པོ་ཞིག
ཁྱོད་དང་ང་
ཁྱོད་ཁ་བ་བཞིན་འབབ་དུས
བདག་གི་འཇིག་རྟེན་ལྷིང་འཇགས་ཡིན
ཁྱོད་གཙང་པོ་བཞིན་བཞུར་དུས
བདག་གི་བསམ་བློ་སྟོང་པ་ཡིན
ཁྱོད་དབྱར་ཁ་ཞིག་གི་མཛེས་སྡུག་སུ་འཁྲུངས་དུས
ཁྱོད་ཀྱི་རྩ་བ
བདག་གི་སེམས་ཁོང་ལ་སྨིན
*ལས་དབང་།*
ཕར་ཁའི་སྤང་ཐང་ལ་བཏབས་པའི་མེ་ཏོག་དེ
བདག་གི་ཁྱོད་ལ་ལེགས་སྐྱེས་སུ་བྱིན་མྱོང་ཡང་
བདག་གི་བྲང་གཞུང་ན་སྨིན་པའི་མེ་ཏོག་དེ
བདག་གིས་ཁྱོད་ལ་དུས་གཏན་དུ་སྤྲོད་ཐུབ་མ་སོང
ཁྱོད་ཀྱི་རུམ་ཁ་ལ་ཉུལ་བའི་མཚན་མོ་དེ
བདག་གིས་ཁྱོད་ཀྱི་མཚོ་མོ་དེའི་ཟབ་ཚད་རྟོགས་ན་ཡང་
བདག་གི་སེམས་ཁོང་ལ་བྲིས་པའི་རི་མོ་དེ
ཁྱོད་ཀྱིས་ནམ་ཡང་མཐོང་མ་ཐུབ
*ཕྱིར་ལོག་པའི་ལམ་དུ།*
རང་ཉིད་ཁོ་ན
གཙང་པོ་བཞིན་བཞུར་ན་བསམ་ཀྱང་
བསམ་གཞིགས་གི་སྣེ་མོར་བཏགས་པའི་ཁྱོད
ལམ་མདོ་དེ་ནས་རྙེད་པའི་ངའི་རྨི་ལམ་ཡིན
རང་ཉིད་ཁོ་ནའི
ཁྱོད་རི་མོ་བཞིན་བྲིས་ཏེ
ལམ་འགྲམ་ཀྱི་སྡོང་པོ་དེའི་བླ་སྲོག་ལ་བརྐོས་ན་བསམ་ཀྱང་
འཇབ་ནས་ལྡིང་བའི་རླུང་བུ་འདིས
ཁྱོད་བདག་གི་དྲན་ངོགས་ནས་འཁྱེར་སོང་
ཕྱི་ལོ ༢༠༡༣ ལོའི་ཟླ ༦ ཚེས ༡༨་ཉིན་དཔེ་མཛོད་ནས།
ཡག་གི་བཀླགས་ཟིན།