དེབ་ཐེར་ནག་པོ།-གྷོལ་ཌི་སི་ཐེན་དང་བོད་ཀྱི་རྒྱལ་རབས་མེད་པར་བཟོ་བ། ཆ་གཉིས་པ།
འཇམ་དབྱངས་ནོར་བུས་བརྩམས། དགེ་འདུན་རབ་གསལ་གྱིས་བསྒྱུར།
(དེབ་ཐེར་ནག་པོ།-གྷོལ་ཌི་སི་ཐེན་དང་བོད་ཀྱི་རྒྱལ་རབས་མེད་པར་བཟོ་བ། ཆ་དང་པོ་ལ་གཟིགས་ན་ འདིར་ཡོད། https://www.khabdha.org/?p=531)
གསར་བརྗེའི་ལས་འགུལ།
མར་ཁེ་སི་རིང་ལུགས་ཀྱིས་ཤུགས་རྐྱེན་ཐེབས་པའི་བྲན་གཡོག་ལམ་ལུགས་ ༼ཡང་ན་མ་རྩ་རིང་ལུགས་༽སྐོར་གྱི་ལོ་རྒྱུས་སུ་རྒྱལ་ཁབ་རྣམས་རང་གི་ཤུལ་ལུས་ཀྱི་འགལ་ཟླ་ལ་བརྟེན་ནས་མགོ་རྟིང་སློག་གི་ཡོད་ཅིང་། དེར་ཏན་ཏན་གསར་བརྗེའི་ལས་འགུལ་དང་ཐ་ན་གསར་བརྗེའི་དཔའ་བོ་ཞིག་ལ་འོས་འཚམས་ཅན་གྱི་གོ་བབ་ཅིག་ཡོད་དགོས་པ་རེད། གྷོལ་ཌི་སི་ཐེན་གྱིས་ “བོད་ཀྱི་སྤྱི་ཚོགས་དང་གཞུང་ལ་གསར་བརྗེའི་འགྱུར་བ་”གཏོང་འདོད་པའི་”བོད་ཀྱི་ལེགས་བཅོས་ཚོགས་པ་”ཞེས་པའི་སྐོར་ལ་ཤོག་ངོས་བཅུ་གསུམ་ཡོད་པའི་ཞིབ་གསལ་གྱི་གནས་ཚུལ་བཀོད་ཡོད་པ་རེད། གྷོལ་ཌི་སི་ཐེན་གྱིས་ཚོགས་པ་ཆུང་ཆུང་འདིའི་སྐོར་ལ་གལ་ཆེར་བརྩིས་ནས་གནས་ཚུལ་དང་ཡིག་ཚགས་བཀོད་པའི་ཁོངས་སུ་དེའི་ཚོགས་མི་གསུམ་གྱི་པར་གཅིག་དང་། ཚོགས་པའི་ལས་རྟགས་བསྐྱར་པར་གྱི་ཤོག་ངོས་ཁ་གང་བ་གཅིག ཚོགས་པའི་ཚོགས་མིའི་འགེངས་ཤོག་བསྐྱར་པར་བྱས་པའི་ཤོག་ངོས་ཁ་གང་བ་གཅིག ཚོགས་པའི་སྙན་ཞུའི་འགེངས་ཤོག་གི་ཆ་ཤས་བསྐྱར་པར་བྱས་པ་བཅས་ཡོད་པ་རེད། མཐའ་མ་དེ་ཇེ་ཆུང་དུ་བཏང་ནས་བཀོད་པ་ནི་ཡིག་ཆ་དེའི་ཕྱེད་ཀ་དེ་རྒྱ་ཡིག་ཡིན་པའི་དོན་དངོས་དེ་མི་ཤེས་ཆེད་ཡིན་པ་འདྲ།
“བོད་ལེགས་བཅོས་ཚོགས་པ་”ནི་རྒྱ་ནག་གཞུང་གིས་དངུལ་སྤྲད་པའི་ཚོགས་པ་ཞིག་རེད། བོད་སྐད་ཀྱི་མིང་ལ་ནུབ་བོད་ལེགས་བཅོས་སྐྱིད་སྡུག་ཟེར་ཞིང་། དེས་མིང་འདི་ཐོག་མའི་སྐད་ཡིག་གང་གི་ནང་དུ་བརྩམས་པ་དེར་བརྡ་ཞིག་སྟོན་ཏེ། མིང་གི་ཆ་དང་པོ་ “ནུབ་”ཅེས་པ་དེ་༼རྒྱ་སྐད་དུ་ཞིས་༽རྒྱ་མིའི་འཇིག་རྟེན་ཁོ་ནའི་ནང་བོད་ཅེས་སྟོན་ཕྱིར་སྤྱོད་པའི་ཚིག་ཅིག་ཡིན་པ་རེད། ཚོགས་པ་དེ་འཛུགས་མཁན་དང་འགོ་འཁྲིད་ཡིན་པའི་སྤོམ་མདའ་ཚང་རབ་དགའ་ནི་གོ་མིན་ཏང་གི་ལས་བྱེད་ཅིག་རེད། བཀའ་བློན་སྦུག་ཏུ་ཡོད་པའི་རབ་དགའི་ཁང་པ་རཱེ་ལི་ཝིའོ་ཟེར་བ་དེར་ཁོ་གོ་མིན་ཏང་གི་ལས་བྱེད་གཞན་དང་མཉམ་དུ་གོ་མིན་ཏང་གི་སྒྲིག་ཆས་གྱོན་པའི་པར་ཅིག་འདུག ༼༡༽ ཐའེ་ཝན་གྱི་མཁས་པ་ཞིག་གིས་ གསང་རྒྱ་གྲོལ་བའི་གོ་མིན་ཏང་གི་ཡིག་ཆ་དག་བེད་སྤྱོད་བྱས་ཏེ་ཉེ་ཆར་པར་སྐྲུན་བྱས་པའི་རྩོམ་ཡིག་ཅིག་གི་ནང་། གོ་མིན་ཏང་གི་ལས་དོན་ཁྲོད་དུ་རབ་དགའ་ཡི་ཚོགས་པ་དེའི་འགན་འཁུར་ནི་བོད་ལ་སོ་ཉུལ་བྱེད་པ་དང་བོད་གཞུང་ཉམས་དམས་སུ་གཏོང་རྒྱུ་དེ་ཡིན་པ་གསལ་པོར་བསྟན་འདུག ཧྲའོ་ཏིན་ལིན་༼ Hsiao-Ting Lin ༽གྱིས་བྲིས་དོན། “ཁོའི་དམག་དོན་གྱི་ལས་བྱ་ལ་བཀའ་རྒྱ་བཏང་བ་ཞིག་གི་ནང་ཅང་ཅེ་ཧྲིས་མཐའ་མ་དེར་རབ་དགའ་ལ་རྒྱ་སྒོར་འབུམ་གཅིག་གི་ཟླ་རེའི་ཕོགས་ཐོབ་སྤྲོད་རྒྱུའི་བཀའ་བརྒྱ་བཏང་བ་རེད། ་་་ ཅང་གིས་ད་དུང་བོད་དང་ཞིས་ཁང་༼ཁམས།༽ རྒྱ་གར་བཅས་སུ་ཡོད་པའི་ཁོའི་གསང་བའི་ལས་བྱ་རྣམས་ལ་རྒྱ་མིའི་གཞུང་འབྲེལ་གྱི་ལག་འཁྱེར་ཡོད་མཁན་གྱི་རབ་དགའ་དང་ལྷན་དུ་ལས་ཀ་ནང་མོལ་གྱིས་བྱེད་དགོས་ཞེས་ལམ་སྟོན་བྱས་འདུག” ༼༢༽
ཡིན་ན་ཡང་། ནུབ་བོད་ལེགས་བཅོས་ཚོགས་པ་ནི་རང་གི་གསར་བརྗེ་དང་གསང་བྱུས་ཀྱི་དམིགས་ཡུལ་རྣམས་སྒྲུབ་རྒྱུ་ལ་ཧ་ཅང་ཐབས་སྐྱོ་བོའི་ཐོག་ནས་ནུས་མེད་ཅིག་ཡིན་པ་རེད། གྷོལ་ཌི་སི་ཐེན་གྱིས་ང་ཚོ་ལ། ཚོགས་པ་དེས་ཚོགས་མིའི་འགེངས་ཤོག་སྟོང་ཕྲག་དཔར་བ་དང་ “ཨུ་རུ་སུའི་ལས་ཐམ་དང་ཧ་ཅང་འདྲ་བ་བརྐོས་འབུར་དུ་བཏོད་པའི་”ཚོགས་མིའི་ལག་འཁྱེར་སྟོང་ཕྲག་དཔར་བརྒྱབ་པ་རེད་ཅེས་བཤད་ཡོང་གི་འདུག ཡིན་ན་ཡང་ཚོགས་པ་དེའི་ཚོགས་མི་ནི་ཐོག་མར་འཛུགས་མཁན་གྱི་མི་གསུམ་ལས་བརྒལ་མེད་པར་མངོན། ཚོགས་པ་འདིའི་སྐོར་གྱི་གནས་ཚུལ་རིང་པོ་བཀོད་པའི་མཇུག་སྡོམ་དུ་གྷོལ་ཌཱི་སི་ཐེན་གྱིས། “ཚོགས་པ་དེ་འདྲ་ཆུང་ཆུང་ནི་གལ་ཆེན་དུ་མི་སྣང་བ་འདྲ་ཡང་”ཞེས་རང་ཉིད་ཀྱིས་ངོས་ལེན་བྱས་འདུག འོན་ཀྱང་། ཧ་ལམ་རྐང་བཙུགས་ནས་འཕྲོས་བཤད་བྱེད་དོན་ལ། གལ་སྲིད་ཚོགས་པ་དེས་རང་ཉིད་ “རྭ་སྒྲེང་དམག་དཔུང་”དང་ལྷན་དུ་མཉམ་འབྲེལ་བྱས་ཚེ། དེས་ “་་་ལྷ་སའི་གཞུང་ལ་ཉེན་བརྡ་ངོ་མ་ཞིག་”འབྱིན་ཐུབ་ཡོད་སྲིད་པ་རེད་ཅེས་ལབ་འདུག དེང་སང་ཚོགས་པ་འདི་ནི་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་རྐྱེན་བྱས་ནས་བོད་མི་ཁག་གཅིག་གིས་དྲན་གྱིན་ཡོད་ལ། ཁོང་ཚོགས་པ་དེ་ལ་རླུང་རྟ་མ་རྒྱུགས་པའི་འབྲེལ་བ་ཞིག་བྱུང་བ་ལ་བརྟེན་ནས་ལྷ་སར་བཙོན་འཇུག་མྱངས་ཡོད་པ་རེད། ཁོང་བཀའ་བློན་སྦུག་ནས་སླར་བོད་དུ་ཕེབས་སྐབས་ཁོང་གིས་རབ་དགའ་ཅན་ནས་ལྷ་སའི་མི་འགའ་ལ་སྤྲོད་རྒྱུའི་ཡི་གེ་ཁག་ཅིག་བླངས་ནས་འཁྱེར་ཡོད་པ་དང་། བོད་གཞུང་གིས་མི་དེ་ཚོ་ནི་གོ་མིན་ཏང་ལ་འབྲེལ་བ་ཡོད་པའི་དྭོགས་པ་བྱེད་ཀྱིན་ཡོད་པ་རེད། དབྱིན་ཇིའི་གསང་བའི་ལས་ཁུངས་ཀྱིས་དེ་ཤེས་ནས་ལྷ་ས་ལ་བཤད་པ་དང་། རྐྱེན་དེ་ལ་བརྟེན་ནས་དགེ་འདུན་ཆོས་འཕེལ་འཛིན་བཟུང་བྱས་པ་རེད།
གསར་བརྗེའི་དཔའ་བོ།
གྷོལ་ཌི་སི་ཐེན་ནི་ཁོའི་རྒྱལ་རབས་ནང་གི་གསར་བརྗེའི་དཔའ་བོ་སྟེ་གཞུང་ཞབས་ལུང་ཤར་རྡོ་རྗེ་ཚེ་རྒྱལ་གྱི་སྐོར་ལ་རྨང་གཞི་ཡག་ག་འདུག བོད་མི་རྒན་རབས་པ་མང་པོ་ཞིག་གིས་ཁོ་ལ་སྨོན་ལམ་ལོག་པའི་ལྟ་ཚུལ་འཛིན་ན་ཡང་བོད་ཀྱི་དེང་རབས་ཀྱི་ཆབ་སྲིད་ཁྲོད་ཁོང་གིས་གལ་གནད་ཆེན་པོ་ཞིག་བཟུང་བ་དེ་ལ་ནི་དྭོགས་པ་ཡོད་པ་མ་རེད། གྷོལ་ཌི་སི་ཐེན་གྱིས་ལུང་ཤར་ནི་ “བོད་ཀྱི་ཆེས་ཡར་ཐོན་ཅན་གྱི་སྐྱ་བོའི་ལས་བྱ་ཞིག་ཡིན་པ་” དེས་ “བོད་ཀྱི་ཆབ་སྲིད་ལམ་ལུགས་ནི་འཛམ་གླིང་གི་འགྱུར་འགྲོས་དང་བསྟུན་ནས་བཟོ་དགོས་པ་”དེ་ཤེས་ཡོད་པ་རེད་ཅེས་བཤད་འདུག གྷོལ་ཌི་སི་ཐེན་གྱིས་རང་གི་རྒྱལ་རབས་ཀྱི་མཇུག་སྡོམ་དུ་བཤད་དོན་ལ། བོད་ཀྱི་རྒྱལ་རབས་ཁྲོད་ཀྱི་གནད་ཆེ་བའི་དཀྱོགས་མཚམས་ཞིག་ནི་ “རྭ་སྒྲེང་རྒྱལ་ཚབ་ཏུ་བསྐོས་ནས་ཟླ་བ་བཞི་སོང་མཚམས་སུ་སྐྱ་བོའི་ལས་བྱ་ལུང་ཤར་གྱིས་གཞུང་གི་སྒྲིག་འཛུགས་ལ་བསྐྱར་བཅོས་བྱེད་ཐབས་བྱས་དུས་བྱུང་ཡོད་པ་རེད།”ཅེས་བརྗོད་འདུག
ལུང་ཤར་ནི་ཡར་ཐོན་ཅན་གྱི་གསར་བརྗེའི་དཔའ་བོ་ཞིག་ཡིན་པའི་སྒྲུང་དེ་ནི་གྷོལ་ཌི་སི་ཐེན་གྱི་དེབ་མ་ཐོན་སྔོན་ལ་སླེབས་ནས་ཡུན་རིང་འགོར་ཡོད་པ་རེད། “བོད་ཀྱི་སྟེང་གི་སྐར་མ་དམར་པོ་”ཞེས་པའི་ནང་དུ་ཟླ་བ་ནོར་བུས་གསུངས་དོན། “དཔལ་འབྱོར་བློན་ཆེན་རྩིས་དཔོན་ལུང་ཤར་གྱིས་ གུ་ཡངས་དམངས་གཙོའི་ཚོགས་པ་ཞིག་སྟེ་ “བོད་གཞོན་སྐྱིད་སྡུག་”ཅེས་པའི་མགོ་འཁྲིད་ཡོད་པ་རེད། རྒྱ་གར་དང་། དེ་བཞིན་ལཱོན་ཌོན་ཡང་ཚུད་པའི་ཡུ་རོབ་ཀྱི་རྒྱལ་ཁབ་ཁག་གཅིག་ལ་བསྐྱོད་མྱོང་བའི་ལུང་ཤར་གྱིས་ལྷ་སའི་ནང་གི་རང་གི་ལས་རོགས་བཞི་དང་ལྷན་དུ་བཅོས་སྒྱུར་བྱེད་པའི་ལས་ཀའི་འཆར་གཞི་བཟོས་པ་རེད། ཡིན་ན་ཡང་། འདི་ཚོའི་གསང་བ་ཕྱི་ལ་ཤོར་བ་དང་ཁོང་ལ་རྒྱལ་འཚོང་པའི་ཉེས་ཁྲིམས་བཀལ། དེར་བརྟེན་ཁོའི་བོད་འདི་དམངས་གཙོར་བསྒྱུར་བའི་ལས་དོན་དེ་རིམ་ཡལ་དུ་གྱུར།”༼༣༽ ཞེས་བྲིས་འདུག གཅིག་བྱས་ན་ཟླ་བ་ནོར་བུ་ལ་རྫིག་མདོག་ཆེ་མོད་ཡིད་ཆེས་དཀའ་བའི་ལུང་ཤར་གྱི་གནས་ཚུལ་འདི་ནི་ལུང་ཤར་རང་གི་སྲས་བྱང་ཆུབ་ལགས་ནི་༼ Jangju la༽ དེ་དུས་ཟླ་བ་ནོར་བུས་སློབ་སྦྱོང་བྱས་སའི་བཀའ་བློན་སྦུག་གི་ཌོག་ཊོར་གྷི་རཱམ་གྱི་ཁྱིམ་ཁང་ཟེར་བར་བོད་སྐད་དགེ་རྒན་བྱེད་བཞིན་པ་ལས་ཐོབ་ཡོད་སྲིད་པ་རེད།
རང་ཉིད་ཀྱིས་རང་ཉིད་ལ “ང་ཕྱེད་ཀ་ནང་པ་བ་དང་ཕྱེད་ཀ་མཱ་ཁེ་སིའི་རིང་ལུགས་པ་ཞིག་ཡིན་”ཞེས་འགྲེལ་བརྗོད་བྱེད་རྒྱུར་ཐུགས་མཉེས་པའི་ད་ལྟའི་རྒྱལ་བ་རིན་པོ་ཆེ་ཡང་ལུང་ཤར་ནི་གསར་བརྗེ་བ་དང་བཅོས་བསྒྱུར་བ་ཞིག་ཡིན་པའི་སྒྲུང་འདི་ལ་ཐུགས་ཡིད་ཆེས་ཡོད་པ་འདྲ། ཉེ་ཆར་འགྲེམས་སྤེལ་བྱས་པའི་ཐཱོ་མ་སི་ ལེ་ཡེར་ཌི་ Thomas Laird ཡི་བོད་ཀྱི་རྒྱལ་རབས་༼ཅོལ་ཆུང་འདྲ་སེ་བ་ཞིག་ཡིན་པ་༽ཞེས་པའི་ནང་༧རྒྱལ་བ་རིན་པོ་ཆེ་ལུང་དྲངས་དོན་ལ། “ངོ་མ་བཤད་ན་༧རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་ནི་ལུང་ཤར་ལ་ཐུགས་ཡིད་འཁེལ་ཡོད་པ་རེད།” དང་། “་་་ལུང་ཤར་གྱི་དམིགས་ཡུལ་ལྟེ་བ་ནི་བོད་གཞུང་ནི་བླ་མ་རྣམས་ཀྱིས་མ་ཡིན་པར་གཞུང་ཞབས་ཀྱིས་སྣེ་འཁྲིད་རྒྱུ་དེ་ཡིན་པ་རེད། ལུང་ཤར་གྱིས་བཤད་དོན་ལ་བླ་མ་རྣམས་ལ་ནི་འཛིན་སྐྱོང་དང་དེ་འདྲའི་ཉམས་མྱོང་ཡོད་པ་མ་རེད་ཅེས་བཤད་པ་རེད།”༼༤༽ ཅེས་བཀོད་འདུག
ཆིག་སྟོང་དགུ་བརྒྱ་དྲུག་ཅུ་དང་བདུན་ཅུའི་ནང་གི་བཙན་བོད་མིའི་འཇིག་རྟེན་ན། གཞོན་སྐྱེས་དང་དམིགས་བསལ་གྱིས་གཡོན་ཕྱོགས་ལ་དགའ་སྣང་བྱེད་པའི་རྒྱ་གར་གྱི་མཐོ་སློབ་དྲག་ཤོས་དག་ན་སློབ་སྦྱོང་བྱེད་པའི་སློབ་མ་ཚོའི་ཁྲོད་བོད་ཀྱི་རྒྱལ་རབས་ནང་གི་གཡོན་ཕྱོགས་ཀྱི་གསར་བརྗེ་བའི་མིག་དཔེ་ལྟ་བུ་ཞིག་འཚོལ་བའི་ངར་ཞིག་ལངས་པ་རེད། བོད་རྙིང་པའི་ནང་དེ་ལྟ་བུ་ཞིག་མེད་བརྟེན། ལུང་ཤར་ནི་ཕལ་ཆེར་ཁོང་གིས་དབང་བསྒྱུར་བར་མི་དགའ་བ་དང་བཙན་འཛུལ་བར་མི་དགའ་བ་ངོ་མ་ལྟ་བུ་ཞིག་ཡོད་པའི་རྐྱེན་དེ་ལ་བརྟེན་ནས་གྲགས་ཆེན་བྱུང་བ་རེད། དབྱིན་ཇིའི་གཞུང་གི་གསར་འགྱུར་དག་གི་ནང་ཁོ་ལ་མ་རབས་དང་ཐ་ན་དགྲ་ཞིག་ཡིན་པ་འཁོད་པ་ཙམ་དུ་མ་ཟད། བཀའ་ཤག་གིས་ཁོ་ལ་ “གཞུང་མགོ་རྟིང་སློག་ནས་ཨུ་རུ་སུའི་གཞུང་སྲོལ་འཛུགས་འཆར་ཡོད་པའི་”ཉེས་འགེལ་བཀལ་བ་སོགས་ཀྱི་གནས་ཚུལ་དངོས་ཡོད་ཡིན་བཞིན་དུའང་གོང་གསལ་གྱི་ངོས་འཛིན་དེ་བྱུང་བ་རེད།
ངོ་མ་བཤད་ན། གལ་སྲིད་མི་གཅིག་གིས་གྷོལ་ཌཱི་སི་ཐེན་གྱིས་ལུང་ཤར་སྐོར་ལ་བཀོད་པའི་ཡིག་ཆ་ཨ་མ་དེ་ཚོ་ལ་བསྐྱར་ཞིབ་ཙམ་བྱས་ནས་ཁོའི་འགྲེལ་བརྗོད་རྣམས་ལ་སྣང་མེད་བྱས་པ་ཡིན་ན། ལུང་ཤར་ནི་བཅོས་བསྒྱུར་བ་ཞིག་དང་ཡར་ཐོན་པ་ཞིག་ཡིན་རྒྱུ་ཕར་བཞག ཁོ་ནི་བོད་ཀྱི་ཆབ་སྲིད་པའི་ཁྲོད་ཀྱི་ཧ་ཅང་རྙིང་ཞེན་པ་དང་སྲོལ་རྒྱུན་མཆོག་འཛིན་གྲས་ཀྱི་ནུས་པ་ཐོན་ཤོས་ཀྱི་མི་སྣ་ཞིག་ཡིན་པ་དེ་ལམ་སེང་ཤེས་གི་རེད། ཁོ་ནི་ གྷོལ་ཌཱི་སི་ཐེན་རང་གི་གནས་ཚུལ་གྱིས་བསྟན་པ་ལྟར། ༧རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པའི་བཅོས་སྒྱུར་གནང་བའི་བོད་ཀྱི་དེང་རབས་དམག་དཔུང་དེར་དམའ་འབེབས་གཏོང་མཁན་གཙོ་བོ་དེ་རེད། རྒྱུ་མཚན་ལྡན་པའི་ཐོག་ནས་ འདི་ནི་རྒྱའི་བཙན་འཛུལ་འགོག་པའི་བདེ་སྲུང་དེ་རེད།
གྷོལ་ཌི་སི་ཐེན་གྱིས་ང་ཚོ་ལ་བཤད་དོན། དེང་རབས་ཅན་དུ་བསྒྱུར་བའི་མགོ་འཛུགས་ཀྱི་དུས་སྐབས་དེར་བོད་ཀྱི་ཆབ་སྲིད་ཕྱོགས་ཁག་གཉིས་སུ་གྱེས་ཡོད་པ་སྟེ། དམག་སྤྱི་ཚ་རོང་གི་འོག་ཏུ་ཡོད་པའི་བོད་དམག་གསར་པ་དེ་ནི་ “དེང་རབས་ཅན་དུ་བསྒྱུར་རྒྱུ་ལ་བློ་ཐག་ཆོད་ཡོད་པ་”དང་། ༧རྒྱལ་བ་རིན་པོ་ཆེའི་མགྲོན་གཉེར་ཆེན་མོ་ཡང་ཡིན་པའི་སེར་མོ་བའི་གཞུང་ཞབས་བསྟན་པ་དར་རྒྱས་ཀྱིས་སྣེ་འཁྲིད་པའི་ “ཧ་ཅང་རྙིང་ཞེན་པའི་”དགོན་པའི་སྡེ་ཁག་སྲོལ་རྒྱུན་མཁྲེགས་འཛིན་པའི་གཞུང་ཞབས་ལ་མཉམ་སྦྲེལ་བྱས་པ་དེ་གཉིས་རེད་ཟེར།
མགྲོན་གཉེར་ཆེན་མོ་བསྟན་པ་དར་རྒྱས་༼ཨབ་སོ༽
ལུང་ཤར་གྱིས་རང་ཉིད་ནི་ཧ་ཅང་རྙིང་ཞེན་པའི་སྐོར་ཁག་དང་ལྷན་དུ་ “རྐང་བཙུགས་ནས་མཉམ་འབྲེལ་བྱས་ཡོད་པ་རེད་”ཅེས་གྷོལ་ཌི་སི་ཐེན་གྱིས་གསལ་པོར་བརྗོད་འདུག རྙིང་ཞེན་པའི་སྡེ་ཁག་གི་མགོ་འཁྲིད་བསྟན་པ་དར་རྒྱས་ནི་རང་གི་སེར་མོ་བའི་གཞུང་ཞབས་ཚོའི་ཁྲོད་དུ་སྐུ་རྩེད་མིང་འདོགས་ལ་ “ཨ་ར་དཀར་པོ་”ཞེས་གྲགས་ཡོད་པ་རེད། དམག་ཞབས་དང་སྐྱ་བོའི་ལས་བྱ་ཚོས་ཁོང་ལ་མགྲོན་གཉེར་ཆེན་མོ་ཨབ་སོ་ཞེས་བོད་ཁྱི་སྤུ་མང་དེའི་མིང་གིས་དམའ་འབེབས་གཏོང་བ་རེད། ཡ་མཚན་པ་ཞིག་ལ་གྷོལ་ཌི་སི་ཐེན་གྱིས་ “ཨབ་སོ་”ཞེས་པའི་མིང་འདོགས་འདིའི་སྐོར་བཤད་མེད་ལ། “ཨ་ར་དཀར་པོ་”ཞེས་པ་འདི་ཁོ་ན་ཁོང་ལ་ཞུ་བ་ནང་བཞིན་བྲིས་ཡོད་པ་རེད། འདིས་གྷོལ་ཌི་སི་ཐེན་འདི་ཧ་ཅང་རྙིང་ཞེན་པ་དག་ལ་ཤ་ཚ་ཡོད་པའི་ཁུངས་སྐྱེལ་ཞིག་མིན་སྲིད་ཀྱང་། དེས་ཁོའི་གནས་ཚུལ་གྱི་མང་ཆེ་བ་དེ་གང་ནས་ཡོང་བ་དེ་སྟོན་སྲིད་པ་རེད།
ལུང་ཤར་ལ་དབང་ཤུགས་ཆེ་བའི་དམག་མི་གསར་པའི་དབང་ཆའི་སྡེ་ཁག་ཉམས་དམས་སུ་གཏོང་བ་དང་དེང་རབས་ཅན་དུ་བསྒྱུར་བའི་ལས་འགུལ་ཕྱིར་འདེད་བྱེད་པའི་གོ་སྐབས་ཐོག་མ་དེ་ ༡༩༢༠ ལོར་བྱུང་ཡོད་ཅིང་། སྐབས་དེར་ཁོང་གིས་སྤྱང་གྲུང་འཛོམས་པའི་ཐོག་ནས་ཆབ་སྲིད་ཀྱི་དཀའ་རྙོག་ཅིག་བསླངས་པ་དེས་དམག་མི་གསར་པ་དེ་ཉམ་ཆུང་དུ་བཏང་བ་རེད། བྱུང་རྐྱེན་འདིའི་སྐོར་གྱི་གནས་ཚུལ་ངོ་མ་ནི། ང་རྒྱལ་ཅན་གྱི་དམག་ཞབས་སྐོར་ཅིག་བཙན་ཤེད་ཀྱིས་མི་མང་ཚོགས་འདུའི་ནང་ཕྱིན་པ་དེ་རེད། བྱུང་རྐྱེན་འདིས་སྟབས་མ་ལེགས་པ་ཞིག་ལ། དཔེར་ན་ ༡༩༨༡ ལོར་སེ་པཱན་གྱི་མེ་སེར་སྲུང་དམག་ (the Guardia Civil) ཟེར་བའི་ཚོགས་མི་རྣམས་ཀྱིས་སཱེ་པེན་གྱི་གྲོས་ཚོགས་ལ་རྒོལ་འཛིང་བྱས་པ་ནང་བཞིན། དམག་མིས་གཞུང་འཛིན་ཐབས་བྱས་པ་ལྟ་བུའི་མཐོང་ཚུལ་རྒྱུན་མི་ཆད་པ་ཞིག་བཞག་པ་རེད། ཞྭ་སྒབ་པས་ཚ་རོང་རང་ཉིད་ངོ་མས་གཞུང་ཞབས་སྐོར་ཁག་འདི་མི་མང་ཚོགས་འདུའི་ནང་འཁྲིད་པ་རེད་ཅེས་ཅུང་ནོར་འཁྲུལ་གྱི་ཐོག་ནས་བརྗོད་འདུག གྷོལ་ཌཱི་སི་ཐེན་ཀྱང་ཚུད་པའི་ཉེ་ཆར་གྱི་ཞིབ་འཇུག་ཁག་གི་ནང་དུ་དེ་འདྲ་གང་ཡང་མ་བྱུང་བ་དེ་གསལ་པོར་ཐོན་འདུག་ལ། ལས་བྱ་དེ་ཚོའི་བྱ་སྤྱོད་ནི་ཧ་ལམ་ངན་བསླབ་བརྒྱབ་པ་ཞིག་ཡིན་སྲིད་མོད། ངོ་མ་བཤད་ན་གནོད་པ་མེད་པ་དང་ད་དུང་གཅིག་བྱས་ན་ཁྲིམས་མཐུན་ཞིག་ཀྱང་ཡིན་སྲིད་པ་རེད། ལུང་ཤར་གྱིས་མགོ་བཙུགས་ནས་རྙིང་ཞེན་པ་ཚོས་དེའི་རྣམ་པ་ཆ་ཚང་གཏོར་ནས་ཟང་ཟིང་བཟོས་པ་རེད།
༡༩༢༠ ལོའི་ཕྱི་ཟླ་གསུམ་པའི་ཟླ་སྟོད་དུ་ མི་མང་ཚོགས་འདུས་དམག་མི་འཛུགས་ཕྱོགས་སྐོར་ལ་གྲོས་མོལ་བྱེད་ཀྱིན་ཡོད། གྷོལ་ཌཱི་སི་ཐེན་གྱིས་བཤད་པ་ལྟར་ན། “དམག་མི་ལ་མི་དགའ་བའི་ཕྱོགས་ཁག་གིས་དམག་མིའི་ལས་བྱ་ཚང་མ་འཐུས་མི་གཞན་བཞིན་ཚོགས་ཞུགས་བྱེད་མི་ཆོག་པ་བཟོས་པ་རེད།” དེང་སང་གི་འོས་འདེམས་བྱས་པའི་གྲོས་ཚོགས་དང་མི་འདྲ་བར་བོད་ཀྱི་སྔོན་མའི་མི་མང་ཚོགས་འདུ་དེ་ལ་ནི་གཞུང་ཞབས་གཅིག་པུ་མ་ཡིན་པར་ “གདན་ས་གསུམ་”གྱི་མཁན་པོ་དང་སྐུ་ཚབ། གྲལ་རིམ་དང་ལས་སྣེའི་སྡེ་ཁག་སྣ་ཚོགས་ཀྱི་འཐུས་མི་འཛོམས་དགོས་པ་མ་ཟད། “ད་དུང་དམག་མིའི་འཐུས་མི་ཡང་ཡོད་པ་རེད།”༼༥༽ དམག་མིའི་འཐུས་ཚབ་སྤུད་པ་དེ་ནི་རྒྱུན་ལྡན་གྱི་ལས་དོན་ཞིག་མ་རེད།
དམག་སྤྱི་ཚ་རོང་ཟླ་བཟང་དགྲ་འདུལ།
ཚ་རོང་སྲས་ཀྱིས་བརྩམས་པའི་ཚ་རོང་གི་ལོ་རྒྱུས་ལྟར་ན། ལས་བྱ་འགའ་ཞིག་མི་མང་ཚོགས་ཁང་ལ་སོང་ནས། ཁོང་ཚོ་ཕྱིར་འབུད་བྱེད་དོན་ཅི་ཡིན་འདྲི་རྒྱུའི་ཆེད་ཚོགས་འདུའི་དྲུང་ཡིག་ལ་མཇལ་ཆོག་པ་ཞུས་པ་རེད། ཁོང་ཚོས་ཚོགས་ཁང་ཕྱི་རོལ་དུ་མཇལ་འཛོམས་ཞིག་ཡོང་བའི་རེ་སྐུལ་ཞུས་ཤིང་། དེ་ཡང་ “་་་གཞུང་གི་འགྲོ་ལུགས་ལ་མི་མང་ཚོགས་འདུ་ལ་ཐད་ཀར་བཅར་རྒྱུ་ནི་ཧ་ཅང་མ་འོས་པ་ཞིག་ཡིན་སྟབས་ཁོང་ཚོས་ཕྱི་ལོགས་ནས་འཐུས་མི་ཞིག་ལ་འཇལ་ཆོག་པ་ཞུས་པ་རེད།”༼༦༽ ཉིན་དེར་ལུང་ཤར་ནི་མི་མང་ཚོགས་འདུའི་དྲུང་ཡིག་གི་ཚབ་བྱེད་བཞིན་ཡོད་པ་ཕྱི་ལོགས་ནས་ཁོང་ཚོར་ཐུག་པ་རེད། གྷོལ་ཌི་སི་ཐེན་གྱིས་ད་དུང་གསལ་པོར་བཤད་དོན་ལ། ལས་བྱ་རྣམས་ཀྱིས་ལུང་ཤར་ལ་ “ཁོང་ཚོ་ནི་ཚོགས་འདུར་ཞུགས་ཆོག་པ་ཞེས་ཞུ་གི་ཡོང་བ་མིན་ལ། དམག་མིའི་ལས་བྱ་རྣམས་ཅིའི་ཕྱིར་ཕྱིར་འབུད་བྱས་པའི་རྒྱུ་མཚན་འདྲི་ཆེད་ཁོ་ནའི་ཆེད་ཡོང་བ་ཡིན་”ཞེས་བཤད་པ་རེད་ཅེས་བཀོད་འདུག
ལུང་ཤར་གྱིས་མི་མང་ཚོགས་འདུ་ལ་སྙན་གསན་ག་རེ་ཞུས་མིན་དེ་མི་གསལ་བ་རེད། ཡིན་ན་ཡང་ཁོའི་སྙན་ཐོ་དེས་མི་མང་ཚོགས་འདུ་ལ་ཉེན་བརྡ་བསླངས་ཤིང་། ཚོགས་འདུ་ཁོ་རང་དངངས་སྐྲག་འོག་སྡོད་པ་ཞིག་བཟོས་པ་ཏན་ཏན་གསལ་པོ་རེད། ཞྭ་སྒབ་པ་དང་དེ་བཞིན་མི་གཞན་འགའ་ཡིས་འདིའི་སྐོར་ལ་བྲིས་པའི་ནང་ལུང་ཤར་གྱིས་ཟིང་ཆ་འདི་བསླངས་པ་དེ་གསལ་པོ་རེད། གྷོལ་ཌི་སི་ཐེན་གྱིས་ང་ཚོར་བཤད་དོན་ལ། “འདི་ནི་གཞུང་མགོ་རྟིག་སློག་པའི་སྔོན་འགྲོའམ་ཡང་ན་དམག་མིས་འགལ་ཟླའི་ཕྱོགས་ཁག་གི་སྣེ་མོ་ཚོ་ལ་ཁྲིམས་གཅོད་བྱེད་སྲིད་པ་རེད་ཟེར་བའི་དཀྲོག་གཏམ་གང་སར་ཁྱབ་པ་རེད། ་་་ བྱུང་རྐྱེན་འདི་ཇེ་ཆེར་གཏོང་བ་ནི་ཉིན་ཁ་ཤས་ཀྱི་རྗེས་སུ་བྱུང་ཡོད། དེ་དུས་མི་མང་ཚོགས་འདུའི་མགོ་འཁྲིད་ཚོས་སྲིད་བློན་ཞོལ་ཁང་ལ། དམག་མིས་ཁོང་ཚོ་གསོད་རྩིས་བྱེད་པའི་སྐྲག་སྣང་འདུག་བརྟེན་ཚོགས་འདུ་མཚམས་འཇོག་བྱས་པ་ཡིན་ཞེས་ཞུས་པ་རེད།” འདི་ནི་དམག་མི་དང་དེའི་དམག་སྤྱི་ཚ་རོང་ཉམས་ཆག་ཏུ་བཏང་བ་དང་ལུང་ཤར་གྱི་ཆབ་སྲིད་དབང་ཤུགས་གོང་འཕེལ་དུ་བཏང་བའི་བྱུང་རྐྱེན་སྣ་ཚོགས་ཤིག་བྱུང་བའི་ཐོག་མ་དེ་རེད། འདི་ཚོ་ཚང་མའི་རྒྱབ་ཏུ་ལུང་ཤར་གྱི་ལག་པ་ཡོད་པ་ནི་ཧ་ཅང་གསལ་མོད། དམག་མིའི་ལས་བྱ་རྣམས་དང་ཚ་རོང་གིས་ཀྱང་བོད་ཀྱི་ཆབ་སྲིད་ཀྱི་ཚོར་བ་རྣོན་པོའི་ཁོར་ཡུག་ལ་གཟབ་ནན་གྱིས་གོམ་པ་མ་སྤོས་པ་དེར་ཁག་འགེལ་ཆེ་ཙམ་མཉམ་འཁྱེར་བྱེད་དགོས་གི་རེད།
བོད་དམག་དེང་རབས་ཅན་དུ་བསྒྱུར་མཁན་དག།
དེ་ལྟ་ན་ཡང་། ཁོང་ཚོ་ལ་ཚད་བཀག་ག་འདྲ་ཞིག་ཡོད་ཀྱང་། སྐབས་དེར་བོད་ནང་དེང་རབས་ཅན་དུ་བསྒྱུར་མཁན་གཙོ་བོ་ཁག་ནི་བོད་ཀྱི་དམག་མི་གསར་པའི་འགོ་བྱེད་རྣམས་ཡིན་པ་དེ་ཏན་ཏན་ཤེས་དགོས་པ་ཞིག་རེད། དེང་རབས་ཅན་ཞེས་པ་དེ་སྤྱི་ཚོགས་རིང་ལུགས་དང་དམངས་གཙོའི་བཅོས་སྒྱུར་ལས་བྱུང་བའི་གྲུབ་འབྲས་ཤིག་ཡིན་དགོས་པ་ཆགས་ཀྱི་ཡོད་མ་རེད། ཨ་ཏཱ་ཏུར་ཀེ་ཡི་ཏུར་ཀེ་༼ Ataturk’s Turkey ༽དང་མའེ་ཡེ་འཇར་པན་༼ Meiji Japan༽ལ་མཚོན་ན། རང་རང་གི་རྒྱལ་ཁབ་ཀྱི་ནང་དུ་ཡར་ཐོན་གྱི་བཅོས་སྒྱུར་བསླངས་པ་དེའི་ནང་དམག་མིའི་ཤུགས་རྐྱེན་ཡོད་པ་གསལ་པོ་རེད། བོད་ཀྱི་དེང་རབས་ཅན་འདི་ཡང་སྐབས་དེའི་ཁོར་ཡུག་འོག་ནས་བཤད་དགོས་པ་ཞིག་རེད་ལ། དེང་སང་གི་རང་དབང་ཅན་གྱི་གཡོན་ཕྱོགས་ཀྱི་ལྟ་ཚུལ་འོག་ནས་བཤད་མི་འོས་པ་རེད། ལྟ་ཚུལ་འདིས་བོད་ཀྱི་གཞུང་ཞབས་གྲལ་རིམ་དང་དབྱིན་ཇི་༼བཙན་རྒྱལ་རིང་ལུགས་༽ཀྱི་གྲོགས་པོའི་འབྲེལ་བ་དེ་ལྟ་གྲུབ་ཀྱི་ཆ་ནས་མ་འགྲིག་པ་ཞིག་ལ་བརྩི་སྲིད་པ་རེད། “ཡར་ཐོན་ཅན་གྱི་”རྩོམ་ཡིག་མང་ཆེ་བ་སྟེ་ཁྱབ་བསྒྲགས་རང་བཞིན་ཅན་དང་དེ་མིན་གང་ཡིན་ཡང་། དེའི་ནང་གཡོན་ཕྱོགས་ཀྱི་བཀའ་འཁྲོལ་མ་ཐོབ་པ་དེ་སྲིད་དུ་ཡག་པོ་དང་དེང་རབས། ཡང་ན་དམངས་གཙོ་ཅེས་བརྗོད་མི་འོས་པའི་ལུགས་སྲོལ་ཞིག་ཡོད་བཟོ་འདུག
བོད་ཀྱི་དམག་མིའི་འགོ་བྱེད་ཁག་གཅིག་ཡིན། གྲལ་དཀྱིལ་མའི་གཡོན་ཕྱོགས་ནས་གཉིས་པ་དེ་༧རྒྱལ་བ་རིན་པོ་ཆེའི་སྐུ་ཚ་སྦྲུམ་པ་རེད།
ཡུ་རོབ་ཀྱི་དམག་ཆས་གྱོན་ཅིང་དམག་ལུགས་སུ་སྡོད་པའི་བོད་དམག་ཚོའི་པར་རྙིང་པ་འདི་དག་༼དེང་སང་གི་ལྟ་མཁན་དག་ལ་ནི་ཏོག་ཙམ་ཁྱད་མཚར་པོ་ཞིག་མཐོང་སྲིད།༽ལ་མཚོན་ན། ཁོང་ཚོའི་གྲུབ་འབྲས་དག་ལ་ནི་སྣང་ཆུང་བྱས་པའམ་ཡང་ན་གལ་ཆེན་པོར་མ་བརྩིས་པའི་རྣམ་པ་ཞིག་ཐོན་ཡོང་། ཡིན་ན་ཡང་། འདི་འདྲའི་སྒྲིག་ཆས་དང་རྣམ་འགྱུར་སྟོན་སྟངས་དེ་ཚོ་དུས་ཚོད་འདིའི་ནང་གི་མིག་དཔེ་ལྟ་ས་དེ་ཡིན་པ་འདི་ཤེས་རྒྱུ་ལ། ཁྱེད་རང་གིས་མའེ་ཡེ་༼ Meiji ༽དམག་མི་དང་། གོ་མིན་ཏང་གི་དམག་མི་སྔ་གྲས། དེ་བཞིན་ཐ་ན་ ཅུང་རྒྱགས་ལ་ཉམས་ཡོད་པའི་ཏུར་ཀེའི་གཞོན་ནུའི་མགོ་འཁྲིད་ཨིན་ཝར་པཱ་ཤ་༼ Enver Pasha༽སོགས་ཀྱི་པར་དེ་ཚོ་བརྒྱུད་ནས་བལྟ་དགོས་པ་རེད།
སྐབས་དེའི་བོད་ཀྱི་དམག་མི་ལ་མཚོན་ན་འཐབ་འཛིང་གི་ནུས་པ་ཡོད་པ་ཙམ་མ་ཡིན་པར། ད་དུང་གསང་གནས་འཚོལ་བསྡུ་བྱེད་པ་དང་། གནས་འབྲེལ་བྱེད་པ། མི་སེར་འཛིན་སྐྱོང་བྱེད་པ། ཐ་ན་སྲིད་དོན་གྱི་ལས་ཀ་ཆུང་ཚགས་རེ་བྱེད་ཐུབ་པ་ཡོད་པ་དེ་ཚོ་ ༡༩༡༣ ལོའི་བྱུང་རྐྱེན་ཆུང་གྲས་འདི་ནས་གསལ་པོར་ཐོན་ཡོང་གི་འདུག དབྱིན་ཇིའི་སོ་པ་དང་འགྲུལ་བཞུད་པ་ཡིན་པ་ ཨེ་ཧྥ་ ཨེམ་ བྷའེ་ལཱེ་༼ F.M. Bailey༽ཟེར་བ་དེ་གཙང་པོ་ལྷོ་རུ་དཀྱོགས་ནས་མཐའ་མ་རྒྱ་གར་ཕྱོགས་སུ་འབབ་པའི་ནགས་རི་ཅན་གྱི་ས་ཆ་རྒྱ་ཆེ་བ་སུས་ཀྱང་མི་ཤེས་པ་དེ་ཚོ་ས་ཁྲར་འབེབས་ཆེད་གསང་བའི་ནང་ནས་བོད་ཀྱི་ལྷོ་ངོས་ལ་འཛུལ་བ་རེད། ས་ཁུལ་དེ་ནི་ཧ་ལས་པའི་རི་བྲག་མང་བ་དང་ཉེན་ཁ་ཆེན་པོ་ཡོད་པ་ཙམ་མ་ཡིན་པར། གློ་པ་རྩུབ་པོ་དང་གསོད་མཁན་དེ་དག་འཚོ་སྡོད་བྱས་ཡོད་པ་རེད། བྱས་ཙང་། བྷའེ་ལཱེ་དང་ཁོའི་ལས་རོགས་ཚོ་ལ་བོད་ཤར་ཕྱོགས་ན་ཡོད་པའི་དམག་སྤྱི་ལས་ཁུངས་ནས་ཡི་གེ་ཞིག་འབྱོར་བ་ལ་ཡ་མཚན་སྐྱེས་པ་རེད།
“ཞོགས་པ་རྗེས་མ་དེར། ང་ཚོས་མགོ་འཛུགས་བྱེད་གྲབས་སྐབས་དེར་ བོད་དམག་གི་དམག་སྤྱི་བཀའ་བློན་བླ་མས་བཏང་བའི་ཡི་གེ་ཞིག་ང་ཚོ་ལ་འབྱོར་བྱུང་། ཡི་གེ་དེ་ནི་ཁམས་ཀྱི་དཔལ་འབར་དགོན་པ་ནས་བྲིས་ཡོད་པ་དང་། དེ་ནས་ཞོ་བ་༼ Showa ༽ལ་བཏང་། དེ་རུ་ཡི་གེ་དེ་ཡིག་ཁོག་གསར་པ་ཞིག་གི་ནང་བཅུག་ནས་ཐེལ་ཙེ་བརྒྱབ་སྟེ་རྩེ་ལ་༼ Tsela༽བཏང་ཞིང་། དེར་ཡི་གེ་དེ་ཡིག་ཁོག་གཞན་ཞིག་གི་ནང་བཅུག་ཅིང་ཐེལ་ཙེ་བརྒྱབ་ནས་ང་ཚོ་ལ་བཏང་འདུག བརྒྱུད་རིམ་འདི་ཚང་མ་ཧ་ལས་པ་ཞིག་རེད། དེ་ནི་ང་ཚོ་སུ་ཡིན་དང་ང་ཚོས་གང་ཞིག་བྱེད་གིན་ཡོད་མེད་འདྲི་ཆེད་རེད་ལ། ང་ཚོས་ཀློག་ཐུབ་མ་སོང་ཞེས་བརྗོད་མི་ཐུབ་པ་ཡོང་ཆེད་དུ་དབྱིན་ཡིག་གི་འགྱུར་དེ་མཉམ་སྦྱར་བྱས་འདུག”༼༧༽
སོ་ལས་བྱེད་པའི་མིས་བཟོས་སྲུང་སྐར་དང་། གོ་ལའི་ཕྱོགས་སྟོན་འཕྲུལ་ཆས། ཉུལ་ཞིབ་གནམ་གྲུ་༼ predator drones༽སོགས་ཡོད་པའི་དུས་སྐབས་འདི་ལ་ཡང་གསང་བའི་ལས་ཀ་འཐུས་ཤོར་ལ་ཕྱིན་པ་ནི་རྒྱུན་ལྡན་མིན་པ་ཞིག་མ་རེད་ལ། འཕྲུལ་ཆས་ཉུང་ཐོག་ཁེངས་སྐྱུང་ཅན་ཡིན་མོད་འཇོན་ཐང་ངོ་མ་ཡོད་པ་དེ་འདྲ་ནི་ཏོག་ཙམ་བསྟོད་བསྔགས་བྱེད་འོས་པ་ཞིག་ཏུ་བརྩི་རུང་བ་རེད།
ལུང་ཤར་གྱི་དར་རྒུད།
མཐའ་མ་དེར་ལུང་ཤར་གྱིས་༧རྒྱལ་བ་རིན་པོ་ཆེའི་སྐུ་ཚ་གཞོན་ནུ་སྦྲུམ་པ།༼དྭགས་པོ་སྦྲུམ་པ་ཞེས་དེབ་ཐར་ཁག་ཏུ་གསལ། རབ་གསལ་གྱིས༽ཡི་རེ་བ་ལ་རྩེས་ནས་ཚ་རོང་ནི་དམག་སྤྱི་ནས་གོ་གནས་ཕབ་ཐུབ་པ་བྱུང་བ་རེད། ལུང་ཤར་གྱིས་ཁོ་ལ་༧རྒྱལ་བ་རིན་པོ་ཆེར་ཚ་རོང་ལ་སྐྱོན་ཡོད་ལུགས་ཞུ་རྒྱུའི་སྐུལ་མ་བྱས་པ་དང་། ཚ་རོང་གིས་ “གཞུང་མགོ་རྟིང་སློག་འཆར་”ཡོད་པའི་བསྙད་འདོགས་བྱས་པ་རེད། སྦྲུམ་པ་དམག་སྤྱི་ཆགས་པའི་སྐབས་དེར། ཞྭ་སྒབ་པ་ལྟར་ན། ལུང་ཤར་ “བདེ་སྲུང་དྲུང་ཆེར་བསྐོ་གཞག་བྱས་”པ་རེད། ཕྲ་རིང་རིན་ཆེན་སྒྲོལ་མས་ “ལུང་ཤར་གྱིས་རྐང་བཙུགས་ནས་དེ་འདྲའི་མི་སྐྱོ་བོ་ཞིག་དམག་སྤྱི་ལ་འཇོག་པའི་ཐབས་བྱས་པའི་དཀྲོག་གཏམ་ཁྱབ་ཡོད་པ་རེད།”ཅེས་བཤད་འདུག ཕྲ་རིང་ནི་གནས་ཚུལ་འདིའི་སྐོར་ལ་ཕྱོགས་རིས་མེད་པ་ཞིག་ཏན་ཏན་མ་རེད། ཡིན་ན་ཡང་སྦྲུམ་པའི་གོ་གནས་འཕར་བའི་གནས་ཚུལ་འདིའི་སྐོར་དེ་དེ་དུས་ལྷ་སའི་སྤྱི་ཚོགས་ནང་ཧ་ཅང་ཁྱབ་ཡོད་པ་རེད། སྦྲུམ་པ་ནི་ནུས་པ་འདང་ངེས་མེད་པའི་སྒྱིད་ལུག་གི་ལས་བྱ་ཞིག་ཡིན་པ་དང་། ཕྱིས་སུ་༧རྒྱལ་བ་རིན་པོ་ཆེས་ཁོང་གཞུང་གི་ལས་ཀ་ནས་གོ་གནས་ཕབ་པ་རེད་ལ། ལུང་ཤར་གྱིས་དམག་མིའི་དབང་ཚད་ཡོངས་རྫོགས་བཟུང་བ་རེད། ཀེ་དོན་གྲུབ་ལྟར་ན། “དམག་སྤྱི་དང་དཔལ་འབྱོར་བློན་ཆེན་ཡིན་པའི་སྐབས་དེར་ལུང་ཤར་ནི་རང་གི་དབང་ཆའི་རྩེ་མོ་དེར་སླེབས་ཡོད་པ་རེད།”
ལུང་ཤར་གྱི་ང་རྒྱལ་དང་རྩུབ་སྤྱོད་དེས་བོད་འདི་ ༡༩༢༩ ལོར་བལ་ཡུལ་དང་དམག་འཁྲུག་ཤོར་གྲབས་ཤིག་བཟོས་པ་རེད་ལ། དེ་ནི་ “ཤར་པ་”རྒྱལ་པོ་ཟེར་བ་ཞིག་གིས་བོད་ཀྱི་ཁྲིམས་དང་འགལ་བའི་ཐོག་ནས་ལྷ་སའི་ནང་ཐ་མག་བཙོང་གི་ཡོད་པའི་གནད་དོན་ཆུང་ཚགས་ཤིག་ལ་རྐྱེན་བྱས་པ་རེད། རྒྱལ་པོ་ཟེར་བ་དེས་བལ་ཡུལ་གྱི་མི་སེར་ཡིན་མདོག་གིས་ལྷ་སའི་ནང་གི་བལ་ཡུལ་དོན་གཅོད་ཁང་དུ་སྐྱབས་བཅོལ་ཞུས་པ་རེད། ཡིན་ན་ཡང་། ལུང་ཤར་གྱིས་བྲེལ་འཚུབ་ཀྱི་ངང་ནས་ཆབ་སྲིད་ཀྱི་འབྲེལ་ལམ་བྱེད་དགོས་ཁག་དང་བལ་ཡུལ་གྱི་ཁྲིམས་མཐུན་ཆིངས་ཡིག་གི་ཐོབ་ཐང་༼༡༨༩༦ ལོའི་༽བརྩིས་མེད་བཏང་ནས་ གནད་དོན་འདི་ཐག་གཅོད་བྱེད་རྒྱུར་དམག་མི་བེད་སྤྱོད་བྱེད་རྒྱུའི་ཐག་གཅོད་བྱས་པ་རེད། བལ་ཡུལ་གྱི་རྒྱལ་རབས་པ་ཞིག་གིས། “བོད་དམག་ ༡༣༠༠ ཙམ་གྱིས་བལ་ཡུལ་དོན་གཅོད་ཁང་གི་མཐའ་བསྐོར་བའི་རིང་དེར་བོད་དམག་ ༩༠ ཐམ་པ་དོན་ཁང་དུ་རྒྱུགས་པ་རེད།” ཅེས་བྲིས་འདུག༼༨༽ ཁོང་ཁྲོས་འབར་བའི་བལ་ཡུལ་གྱིས་དམག་འཁྲུག་གི་གྲ་སྒྲིག་བྱས་ཤིང་། དབྱིན་ཇིས་བར་འདུམ་ཆེ་ཙམ་བྱས་པའི་རྗེས་སུ་དམག་འཁྲུག་ངོ་མ་དེ་བཟློག་ཐུབ་ཙམ་བྱུང་བ་རེད། ཆབ་སྲིད་ཀྱི་རྩིས་ནོར་འདི་དང་ལུང་ཤར་ཁོ་རང་གི་རང་མཐོང་ཆེན་པོ། གཞུང་ཞབས་གཞན་དང་ལྷན་དུ་བསྟུན་མཁས་མེད་པའི་སྤྱོད་པ་བཅས་ལ་བརྟེན་ནས་རིམ་གྱིས་ཁོ་རང་གི་དབང་ཤུགས་ཀྱི་གཞི་རྟེན་ཉམས་ཆག་ཏུ་སོང་བ་རེད་ལ། ཁོ་རང་དམག་སྤྱི་ནས་ཕབ་རྒྱུ་ལ་ནུས་པ་བཏོན་ཡོད་པ་རེད།
ད་ནི་ ༧རྒྱལ་བ་རིན་པོ་ཆེའི་སྐུ་མདུན་པ་ཀུན་འཕེལ་ལགས་ཆབ་སྲིད་ཀྱི་དབང་ཆ་ཆེ་ཤོས་ཤིག་ཏུ་འགྱུར་བའི་མགོ་བརྩམས་པ་རེད། ཀུན་འཕེལ་ལགས་ཀྱིས་གྲོང་དྲག་དམག་སྒར་ཞེས་པ་༼ཡང་ན་ཁྱིམ་མི་དྲག་ཤོས་ཀྱི་སྡེ་ཚན་༽སྐུ་དྲག་དམའ་རིམ་དང་ཞིང་པ་ཕྱུག་པོ་ནས་མི་སྣ་བསྡུས་ཏེ་བཙུགས་པ་རེད།
གྲོང་བདག་དམག་སྒར་གྱི་དམག་སྤྱི་གཡུ་ཐོག་བཀྲ་ཤིས་དོན་གྲུབ་དང་འཇིགས་མེད་ཚེ་རིང་།
དམག་སྤྱི་གཞོན་པ་འཇིགས་མེད་ཚེ་རིང་ནི་ཁོང་གི་སྡེ་ཁག་ལ་དགའ་སྤོབས་ཆེན་པོ་ཡོད་ཅིང་། འདི་ལ་དགའ་སྣང་བྱེད་པ་དེ་ནི་དབྱིན་ཇིའི་ལུགས་སྲོལ་གྱི་ “ཕོ་ཁྱོ་གའི་སྡེ་ཚན་ (gentleman’s regiments)”ཞེས་པ་ནས་སླེབས་ཡོད་ལ། མ་འོངས་པའི་ཆེད་ལས་ལས་བྱ་བ་འདེམས་པའི་རྨང་གཞི་ཞིག་ཆགས་སྲིད་པའི་རེ་བ་བརྒྱབ་པ་རེད་ཅེས་ང་ལ་བཤད་བྱུང་། མགོ་འཛུགས་ཀྱི་སྐབས་སུ་མི་སྣ་བསྡུས་པའི་ཁྲོད་དུ་ཧ་ཅང་བཀའ་བརྩི་མི་བྱེད་མཁན་ཡོད་པ་དེ་ཚོ་ནི་དམག་མིའི་ཁྲིམས་ལ་བརྩི་སྲུང་བྱེད་འདོད་མེད་ཅིང་རང་ཁྱིམ་དུ་ལོག་འདོད་བྱས་པ་རེད། ཡིན་ན་ཡང་གྷོལ་ཌི་སི་ཐེན་གྱིས་དམག་མི་བསྡུས་པའི་ལོ་རྒྱུས་འདི་ཚོའི་སྐོར་དེ་ཧ་ལམ་ཁོང་ཚོས་རང་གི་རལ་པ་བཅད་པའི་མྱ་ངན་ཞིག་ཏུ་བྲིས་ཡོད་པ་རེད། འདི་འདྲའི་སྒྲིག་ཁྲིམས་ལ་འཛམ་གླིང་གི་དམག་ཁྲལ་བསྡུས་པ་ཚོས་ཧ་ལམ་གཅིག་གྱུར་གྱིས་རྣམ་འགྱུར་སྟོན་གི་རེད། སི་ཊན་ལེ་ ཀུབ་རིག་གི་གློག་བརྙན་ ལྕགས་ཀྱི་གྱོན་པ་ཆ་ཚང་ (Full Metal Jacket) ཞེས་པའི་ནང་། ཨ་མི་རི་ཀའི་མཚོ་དམག་ཁྲལ་བསྡུས་པ་ལོ་གཞོན་ཚོ་ ཝི་ཏི་ནཱམ་ལ་མ་བཏང་གོང་དེར་ རང་གི་སྐྲ་རིང་པོ་རྣམས་བཅད་པ་དེ་ལ་འདི་དང་འདྲ་མཚུངས་ཀྱི་རྣམ་འགྱུར་སྟོན་པ་དེ་གསལ་པོར་བསྟན་འདུག
ཀུན་འཕེལ་ལགས་ཀྱིས་དམག་མི་ལ་དམིགས་བསལ་གཟིགས་སྐྱོང་གྱ་ནོམ་པ་བྱས་པ་དང་། མཚོན་ཆ་དང་མཚོན་ཆས་གསར་པ་དང་། སྒྲིག་ཆས་སྤུས་དག སྒྲིག་བཙན་པའི་ཟབ་སྦྱོང་དང་སྦྱོང་བརྡར་བཅས་ལ་བརྟེན་ནས་རིམ་གྱིས་ནུས་པ་ཅན་གྱི་དཔུང་ཁག་ཅིག་ཏུ་སྐྱེད་སྲིང་བྱས་ཡོད་དེ། ཕལ་ཆེར་རང་ངོས་ཀྱི་ ཨེ་སི་པི་རི་ཊ་ ཌི་ ཀོར་པི་སེ་ (espirit de corps) ཟེར་བ་ལྟ་བུའི་སྤོབས་པ་ཞིག་བྱུང་བ་རེད། ཨེ་ཧྥ་ ཌབ་ལིའོ་ ཝིལ་ལམ་སཱོན་(F. W. Williamson ) ནི་ ༡༩༣༣ ལོར་སྡེ་ཁག་འདི་ལ་རྟོག་ཞིབ་བྱས་པའི་དབྱིན་ཇིའི་ལས་བྱ་དེ་ཡིན་པ་རེད་ལ་ཁོ་ལ་ནི་ཡིད་འགུལ་ཆེན་པོ་ཐེབས་པ་རེད། ཁོས་ “རྒྱ་གར་དང་དབྱིན་ཇིའི་དམག་མིའི་སྡེ་ཁག་རྒྱུན་ལྡན་པ་དེ་ཚོ་ཕར་བཞག་ནས་ངས་འདི་འདྲའི་སྤྱང་གྲུང་འཛོམས་པ་དང་ཚད་དང་ལྡན་པ་ཞིག་མཐོང་མ་མྱོང་”ཞེས་རྒྱ་གར་གྱི་གཞུང་ལ་ཕུལ་བའི་སྙན་ཐོ་ཞིག་གི་ནང་བྲིས་ཡོད་པ་རེད། གྷོལ་ཌི་སི་ཐེན་གྱིས་ཀྱང་འདི་ལ་ “གྲོང་དྲག་དམག་སྡེ་རྩེ་ཕུད་” ཅེས་འགྲེལ་བརྗོད་བྱས་འདུག
གྲ་བཞིར་ཡོད་པའི་གྲོང་དྲག་དམག་སྒར།
ཡིན་ན་ཡང་། ༧རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་དགོངས་པ་རྫོགས་པ་དེས་ཀུན་འཕེལ་ལགས་དབང་ཆ་ནས་ཕྱིར་འབུད་བྱེད་པའི་གོ་སྐབས་ཤིག་ལུང་ཤར་ལ་སྤྲད་པ་རེད། གྷོལ་ཌི་སི་ཐེན་གྱིས་ང་ཚོར་བཤད་དོན་ལ། ལུང་ཤར་གྱི་སོ་པ་ཞིག་གྲོང་དྲག་དམག་སྒར་ནང་གསང་འཛུལ་བྱེད་ཐུབ་པ་བྱུང་བ་དེས་རིམ་གྱིས་དམག་མི་རྣམས་ཀྱིས་གྱེན་རྒོལ་བྱེད་པ་དང་ཟུར་འཇོག་བྱེད་རྒྱུར་སྐུལ་མ་བྱེད་ཐུབ་ཡོད་པ་རེད་ཟེར། དེ་ལྟར་བྱུང་སྐབས་དེར་ཀུན་འཕེལ་ལགས་ནི་ཉེན་ཁ་ཆེན་པོའི་ཐོག་ནས་སྲུང་སྐྱོབ་མེད་པར་བཞག་པ་རེད། གྷོལ་ཌི་སི་ཐེན་གྱིས་བཤད་དོན་ལ། ལུང་ཤར་གྱིས་ “ཀུན་འཕེལ་ལགས་ཕྱིར་འབུད་བྱེད་པའི་འཆར་གཞི་དེ་སྤྱང་གྲུང་ལྡན་པའི་སྟབས་བདེ་ཞིག་རེད་”ཟེར།
སྐུ་བཅར་ཀུན་འཕེལ་ལགས།
ཀུན་འཕེལ་ལགས་བོད་ལྗོངས་ཚོགས་འདུ་ཆེན་མོར་བཀུག་ཅིང་། དེར་ལུང་ཤར་གྱི་རྙིང་ཞེན་སྐོར་ཁག་གིས་ཁོང་ལ་༧རྒྱལ་བ་རིན་པོ་ཆེ་བགྲོངས་པའི་ཉེས་འདོགས་བྱས་ཤིང་། ཉེས་ཆད་ནན་མོ་གཅོད་དགོས་པའི་རེ་འདུན་བཏོན་པ་རེད། ཡིན་ན་ཡང་། བློ་རྒྱ་ཡངས་པའི་ཚོགས་མི་དཔེར་ན་གཞུང་ཞབས་དྲང་པོ་ཀླུ་ཁང་བ་ལྟ་བུ་རྣམས་མཐའ་མ་དེར་རྒྱལ་ཁ་འཐོབ་པ་རེད། ཀུན་འཕེལ་ལགས་ལ་༧རྒྱལ་བ་རིན་པོ་ཆེའི་བསྙུན་གཞི་བཞེས་པའི་སྐོར་དུས་ཐོག་བོད་གཞུང་ལ་སྙན་གསན་མ་ཞུས་པའི་ཉེས་པ་བཀལ་ནས་དྭགས་པོར་གནས་དབྱུང་བྱས་པ་རེད།
ལུང་ཤར་གྱི་གོམ་པ་རྗེས་མ་དེ་ནི་བཀའ་ཤག་གི་དབང་ཆ་ནུས་མེད་དུ་གཏོང་བ་དང་རང་ཉིད་དབང་ཆེན་པར་བཟོ་རྒྱུ་དེ་རེད། ཁོས་འདོད་བློ་མ་ཁེངས་པའི་ལས་བྱེད་དང་། དེ་ཡང་མང་ཆེ་བ་སེར་མོ་བའི་ལས་བྱེད་ཁོངས་ནས་གསང་བའི་ཚོགས་པ་ “སྐྱེས་མཆོག་ཀུན་མཐུན་” ཟེར་བའི་ནང་ བསྡུ་འགོ་བཙུགས་པ་རེད། གྷོལ་ཌི་སི་ཐེན་གྱིས་འདི་ལ་ཧ་ལམ་ཐོག་མའི་བོད་མིང་གི་ཐོག་ནས་ཡར་ཐོན་དང་ཡང་ན་གསར་བརྗེའི་གོ་བ་གང་ཡང་མེད་ན་ཡང་། ལུང་ཤར་གྱི་ “འགྱུར་བཅོས་ཚོགས་པ་”འམ་ཡང་ན་བཅོས་བསྒྱུར་ལས་འགུལ་ཞེས་ཁྱད་མཚར་པོའི་ཐོག་ནས་འགྲེལ་བརྗོད་བྱས་ཡོད། ལུང་ཤར་དང་སྐོར་ཁག་འདིས་བཀའ་ཤག་གི་གོ་བབ་བཅག་ནས་གཞུང་མགོ་རྟིང་སློག་པ་ལྟ་བུ་ཞིག་གི་ཐོག་ནས་དབང་ཆ་ལེན་པའི་དམིགས་ཡུལ་འཛིན་པ་ནི་གསལ་པོ་རེད། ཁས་ལེན་པའི་ལོ་རྒྱུས་ནི་འདི་ལྟར་བཀའ་བློན་བགྲེས་པ་ཁྲི་སྨོན་བགྲོངས་དགོས་རྒྱུ་དེ་ཡིན་ན་ཡང་། གྷོལ་ཌི་སི་ཐེན་ལྟར་ན། དབང་ཆ་ལེན་པ་དེ་ནི་བགྲོངས་རྒྱུའི་ཐོག་ནས་མིན་པ་དང་། དེ་ལས་བཀའ་ཤག་ལ་བཅོས་སྒྱུར་གཏོང་བའི་སྙན་ཞུ་ཞིག་འབུལ་བའི་ཐོག་ནས་ཡིན་པ་རེད་ཟེར་མོད། འདི་ནི་ཧ་ཅང་ཡོང་མི་སྲིད་པ་ཞིག་རེད། ལུང་ཤར་གྱིས་དབང་ཆ་ལེན་པའི་འཆར་གཞི་འདི་ལ་ལོ་རྒྱུས་རང་བཞིན་གྱི་ཁུངས་སྐྱེལ་ལྟ་བུ་ཞིག་སྤྲོད་རྒྱུའི་ཆེད་གྷོལ་ཌི་སི་ཐེན་གྱིས་ལོ་རྒྱུས་ཀྱི་དཔེ་མཚོན་འགའ་ཞིག་བརྗོད་འདུག དེ་ནི་གཅིག་བྱས་ན་གང་བསམས་པ་ཁ་ནས་ཤོར་པ་ལྟ་བུ་ཞིག་ནས་ཡོང་སྲིད་པ་སྟེ། གྷོལ་ཌི་སི་ཐེན་གྱིས་བརྗོད་པའི་དཔེ་མཚོན་གཅིག་ནི་ བཀའ་བློན་བགྲེས་པ་༼གངས་ཅན་ནས་༽དམར་གསོད་བྱས་ཏེ་དུས་རབས་བཅོ་བརྒྱད་པའི་སྟོད་དུ་བྱུང་བའི་དྲག་པོའི་ཐོག་ནས་གཞུང་མགོ་རྟིང་སློག་པ་ཞིག་རེད།
ཡིན་ན་ཡང་ལུང་ཤར་ནི་རང་ཉིད་ཀྱི་ཚོགས་པའི་ཚོགས་མི་གཅིག་གིས་བསླུ་བྲིད་བཏང་བ་རེད། ཁོང་བྲོས་རྩིས་བྱས་ཤིང་རང་གི་ལག་མདའ་ལ་འཇུ་རྩིས་བྱས་མོད་མཚོན་ཆ་འཕྲོག་ཅིང་འཛིན་བཟུང་བྱས་པ་རེད། གྷོལ་ཌི་སི་ཐེན་གྱིས་བཤད་དོན་ལ། ལུང་ཤར་གྱི་ལྷམ་གྱི་ནང་ནས་ཤོག་དུམ་ཞིག་རྙེད་པ་དེའི་ནང་བཀའ་བློན་ཁྲི་སྨོན་ལ་གནོད་བསྐྱལ་རྒྱུའི་ཆེད་ཀྱི་མཐུའི་རྫས་ཤིག་ཡོད་པ་རེད་ཟེར། ཁོས་བརྗོད་གཞི་འདིའི་ཐོག་བཀོད་པའི་ལེའུ་དེའི་མཐའ་མཇུག་འདི་ལྟར། “ལུང་ཤར་གྱི་ལས་འགུལ་དེ་ནི་སྲོལ་རྒྱུན་གྱི་གཞུང་སྲོལ་ལེགས་བཅོས་དང་བཅོས་བསྒྱུར་བྱེད་ཐབས་བྱས་པ་མཐའ་མ་དེ་རེད། …. ཁོང་ལ་ཕམ་ཉེས་བྱུང་བ་ནི་བླ་མའི་རྒྱལ་ཁབ་ཤི་བའི་རྨང་གཞིའི་རྒྱུ་རྐྱེན་གཙོ་བོར་ཏན་ཏན་མཐོང་ཡོད་པ་རེད།”ཅེས་བྲིས་འདུག
འདོད་རྔམ་དབྱེ་ཞིབ།
གོང་གསལ་གྱི་གྷོལ་ཌི་སེ་ཐེན་གྱི་བརྟག་དཔྱད་དེ་ཁོ་རང་གི་ཡིད་ཆེས་ལ་གཞི་བྱས་ནས། ལུང་ཤར་གྱི་འཆར་གཞི་ནི་གཞུང་གི་ནང་རྒྱ་ཆེ་བའི་ཆབ་སྲིད་བཅོས་བསྒྱུར་ཞིག་བྱེད་རྒྱུ་དེ་རེད་སྙམ་པ་རེད། གྷོལ་ཌི་སི་ཐེན་གྱིས་བྲིས་དོན་ལ། ལུང་ཤར་གྱིས་བཀའ་བློན་རེའི་ཞབས་ཡུན་དེ་ལོ་བཞིའི་ཚད་བཟོ་འདོད་ཡོད་པ་དང་། དེ་ཡང་བོད་ལྗོངས་ཚོགས་འདུ་ལ་དེ་འདེམས་བསྐོ་དང་དེའི་འགན་ཡོད་པ་བྱེད་འདོད་པ་རེད་ཅེས་བྲིས་འདུག འདི་དང་དེ་བཞིན་ལུང་ཤར་ནི་དེང་རབས་པ་དང་གསར་བརྗེ་བ་ཞིག་ཡིན་པའི་མིང་གྲགས་དེ་ཚོའི་མང་ཆེ་བ་ཞིག་ནི་ལུང་ཤར་གྱི་བུ་གསོན་པོ་ལྷ་ཀླུ་ཚེ་དབང་རྡོ་རྗེ་དང་ལུང་ཤར་བྱང་ཆུབ་ལགས་གཉིས་ལ་བཅར་འདྲི་བྱས་པ་ལས་བྱུང་ཡོད་པ་རེད། ངས་སྔོན་ལ་བཤད་པ་ཇི་བཞིན་ཟླ་བ་ནོར་བུའི་དེབ་ཏུ་ལུང་ཤར་ནི་ “གུ་ཡངས་དམངས་གཙོ་བ་”ཞིག་ཡིན་པའི་འགྲེལ་བརྗོད་དེ་བྱང་ཆུབ་ལགས་ཀྱིས་རང་གི་ཕའི་སྐོར་ལ་བསྟོད་རྭ་བཏང་བའི་ལོ་རྒྱུས་དག་གིས་ཤུགས་རྐྱེན་ཐེབས་ཡོད་སྲིད་པ་རེད། གྷོལ་ཌི་སི་ཐེན་གྱིས་ད་དུང་ལྷ་ཀླུའི་རྩོམ་ཡིག་༼༩༽བོད་ཀྱི་རིག་གནས་ལོ་རྒྱུས་རྒྱུ་ཆ་འདམ་སྒྲིག་༼༡༠༽ཅེས་པའི་པར་སྐྲུན་བྱས་པ་ལས་ལུང་དྲངས་འདུག དེ་ཚོ་ནི་ ༡༩༨༠ དག་གི་ནང་བོད་ཀྱི་སྐུ་དྲག་དང་བླ་མ། དེ་མིན་ཚོའི་དྲན་ཐོའམ་ཡང་ན་བཅར་འདྲི་བྱས་པ་དག་ཕྱོགས་སྒྲིག་བྱས་པ་དེ་རེད་ལ། འགྲེམ་སྤེལ་ཐད་ “བཀག་རྒྱ་” ༼neibu༽ ཡོང་བར་དམིགས་ཡོད་པ་རེད། འདི་དག་ནི་ཤེས་རིག་གི་དགོས་མཁོ་གཙོ་བོར་སྐོང་ཆེད་བྱས་པ་ཡིན་མོད་ཀྱང་། སྔ་མོའི་དུས་སྐབས་ཀྱི་”རང་སྐྱོན་བརྗོད་པ་” (zhaogong) དང་ “དགག་པ་རྒྱག་པ་” (qianze)ཡི་རྩོམ་ཡིག་དེ་ཚོ་ལ་འབྲེལ་བ་རྩ་ནས་མེད་པ་ཞིག་མ་རེད།
“རྒྱུ་ཆ་འདམ་སྒྲིག་”གི་ཆེད་དུ་བཅར་འདྲི་ཞུས་པའི་མི་སུ་ལ་ཡང་དེའི་སྐོར་ལ་འདམ་ཁ་ཞིག་ཡོད་བཟོ་མི་འདུག་ལ། གལ་སྲིད་དབང་འཛིན་པ་ཚོས་བྱེད་དགོས་ཤར་ཚེ། ཆབ་སྲིད་ཀྱི་ཁོར་ཡུག་གཞན་ཞིག་གི་ནང་ལ་སྐད་ཆ་འདི་དག་གི་ཆ་ཤས་དག་བཅར་འདྲི་ཞུ་ཡུལ་གྱི་མི་དེ་ཚོར་རྒོལ་གཏམ་གཏོང་ཆེད་བེད་སྤྱོད་བྱེད་ཐུབ་ཀྱི་ཡོད་པ་རེད། ད་དུང་ང་ཚོས་དྲན་དགོས་པ་ཞིག་ལ། “རང་སྐྱོན་བརྗོད་པའི་རྩོམ་ཡིག་”དག་ནི་ད་ལྟའི་རྒྱ་ནག་གི་ཁྲིམས་ཀྱི་ལམ་སྲོལ་ནང་ཚད་ལྡན་གྱི་ཆ་རྐྱེན་ཞིག་ཡིན་པ་དེ་རེད། གྷོལ་ཌི་སི་ཐེན་ནི་བཅར་འདྲི་དེ་ཚོའི་ “ཧ་ལས་པའི་དྲང་མོ་བརྗོད་པ་”དེས་ཡིད་བཀུག་འདུག་ཅིང་། རྒྱུ་ཆ་འདི་དག་ཆ་ཚང་བའི་ཐོག་ནས་ངོས་ལེན་བྱེད་པ་ལ་བློ་དྭོགས་གང་ཡང་མེད་བཟོ་འདུག
ལུང་ཤར་གྱི་བུ་གཉིས་ཀྱི་དྲན་ཐོ་ལ་ཁ་གཏད་གཅོག་པ་ནི་ཅོལ་ཆུང་ཞིག་ཡིན་རྒྱུ་རེད་ལ། ཁོང་ཚོས་རང་གི་ཕའི་དྲན་ཐོ་དེ་བསྐྱར་བཟོ་དང་ཇེ་ལེགས་སུ་གཏོང་བའི་འབད་བརྩོན་བྱེད་པ་ནི་བསམ་ཤེས་བྱེད་ཐུབ་པ་ཞིག་རེད། ཡིན་ན་ཡང་། རྒྱལ་རབས་པ་ཞིག་ལ་མཚོན་ན་དེ་འདྲའི་ཁུངས་ལ་གཟབ་གཟབ་ཀྱིས་བལྟ་དགོས་པ་དེ་གལ་ཆེན་པོ་རེད། ཀེ་དོན་གྲུབ་ཀྱིས་ལྷ་ཀླུ་དང་དེ་མིན་གྱི་བོད་ནས་ཐོན་པའི་ལོ་རྒྱུས་དག་ནི་རིན་ཐང་ཅན་ཞིག་ཡིན་པར་བརྩི་མོད། ཁོ་རང་གིས་གཟབ་གཟབ་བྱས་ནས་དེ་ལ། “ཀློག་མཁན་ཚོས་ཏན་ཏན་འཛེམས་ཟོན་གནང་རོགས། རྩོམ་ཡིག་འདི་དག་ནི་འཁོན་འཛིན་གྱི་བསམ་བློ་ཡོད་པའི་མིས་བྲིས་པའམ་ཡང་ན། ད་ལྟ་བོད་ལ་དབང་བསྒྱུར་བཞིན་པའི་ཕྱི་རྒྱལ་གྱི་དབང་ཤུགས་ཀྱི་ལྟ་རྟོག་འོག་པར་བརྒྱབ་པ་ཞིག་རེད།”ཅེས་བྲིས་འདུག ཀེ་དོན་གྲུབ་ཀྱི་སྐོར་ལ་འདིར་བཤད་རྒྱུ་ཞིག་ལ། བཙན་བྱོལ་ནང་དུ་བོད་ཀྱི་དམར་ཤོག་ཚོགས་པ་འཛུགས་མཁན་ཞིག་དང་ཐོག་མའི་ཆ་ལ་ལུང་ཤར་ནི་གསར་བརྗེའི་བཅོས་བསྒྱུར་མཁན་ལྟ་བུ་ཞིག་ཡིན་པར་འདོད་མཁན་ཞིག་ཡིན་ན་ཡང་། ཁོས་དུས་ཚོད་འདིའི་སྐབས་ཀྱི་རྒྱལ་རབས་ལ་ཞིབ་འཇུག་བྱེད་མགོ་བཙུགས་པའི་སྐབས་དེ་ནས་རང་གི་ལྟ་ཚུལ་ལ་འགྱུར་བ་གཏོང་མགོ་བཙུགས་པ་རེད། ཆུ་བྱ་དང་དེ་མིན་གྱི་ལོ་ཟླ་དག་ཅེས་པའི་དེབ་ཀྱི་ནང་དུ་ཀེ་དོན་གྲུབ་ཀྱིས་ལུང་ཤར་ནི་ “ལྟས་ངན་….འདོད་རྔམ་ཅན་…རང་འདོད་སྒྲུབ་མཁན་ཞིག་”ཡིན་པ་མ་ཟད། ད་དུང་ “མ་རུངས་བྱེད་གཏེ་”དང་ “གསར་བརྗེ་བ་རྫུན་མ་”ཞིག་ཡིན་པའི་འགྲེལ་བརྗོད་བྱས་འདུག ཀེ་དོན་གྲུབ་ཀྱིས་མཇུག་སྡོམ་བརྒྱབ་དོན་ལ། ལུང་ཤར་ནི་སྤྱང་གྲུང་འཛོམས་པའི་མི་ཞིག་ཡིན་ལ། “ཁོང་གི་དབང་ཆ་ལ་འདོད་རྔམ་ཆེ་བ་དེ་ཕྱི་པགས་འདྲ་མིན་གྱི་ནང་དུ་གབ་ནས་ཡོད་ཅིང་སྐབས་མང་པོར་ཡར་ཐོན་ཅན་ཞིག་ལས་རྙིང་ཞེན་པ་ཞིག་ཡིན་ཆེ་བ་ཡོད་པ་རེད།”ཅེས་བྲིས་འདུག
ང་ཚོས་གཞུང་ཞབས་ལྷའུ་རྟ་ར་སྟེ་ “སྐྱེས་མཆོག་ཀུན་མཐུན་”ཞེས་པའི་ཚོགས་པ་དེའི་ཚོགས་མི་ཡིན་པ་དེས་བྲིས་པའི་ལུང་ཤར་མགོ་རྟིང་སློག་པའི་སྐོར་གྱི་རྩོམ་ཡིག་གཞན་པ་ཞིག་༼རྒྱུ་ཆ་འདམ་སྒྲིག་གི་ནང་འཁོད་པ་༽ལ་སློབ་སྦྱོང་བྱས་པ་ཡིན་ན། བཀའ་ཤག་གི་ཞབས་ལོའི་དུས་ཡུན་ཚད་བཀག་བཟོ་བ་ལྟ་བུའི་ཆབ་སྲིད་ཀྱི་འགྱུར་བཅོས་དེ་འདྲ་ཞིག་རྩ་ནས་བཤད་མེད་ཅིང་། ཁོང་རང་ཞུགས་མྱོང་བའི་གྲོས་མོལ་དང་ཚོགས་འདུའི་ནང་གྲོས་བསྡུར་བྱས་མྱོང་མེད་སྐོར་བརྗོད་འདུག ངོ་མ་བཤད་ན། ལྷའུ་རྟ་ར་ཡིས་གསལ་པོའི་ཐོག་ནས་བཤད་དོན་ལ། ལུང་ཤར་གྱིས་ “ཆབ་སྲིད་ཀྱི་དབང་ཆ་ལེན་ཆེད་གསང་བའི་ཚོགས་པ་ཞིག་བཙུགས་པ་རེད་”ཅེས་བཤད་འདུག༼༡༡༽
བོད་ལྗོངས་ཚོགས་འདུ་ཤུགས་ཇེ་ཆེར་བཏང་ནས་བཀའ་ཤག་གི་དབང་ཆ་ལ་ཚད་འཛིན་བྱེད་རྒྱུར་ལུང་ཤར་ལ་འཆར་གཞི་ཡོད་སྐོར་གྱི་ གྷོལ་ཌི་སི་ཐེན་གྱི་ཉམས་ཞིབ་འདི་ཐ་ན་ང་ཚོས་ངོས་ལེན་བྱས་པའི་དབང་དུ་བཏང་ན་ཡང་། དེ་ནི་ “དམངས་གཙོའི་”འགྱུར་བཅོས་ལྟ་བུ་ཞིག་ཏུ་འགྲེལ་བརྗོད་བྱེད་མི་རུང་བ་རེད། བོད་ལྗོངས་ཚོགས་འདུ་དེ་ནི་དེང་རབས་ཀྱི་བསམ་བློའི་ནང་གི་ཁྲིམས་བཟོ་ལྷན་ཚོགས་མ་རེད། བཀའ་ཤག་དང་ཚོགས་འདུ་གཉིས་ཀ་ཆབ་སྲིད་ཀྱི་དབང་ཆའི་ལྟེ་བ་དེ་ཡིན་པ་རེད་ལ། སྔ་མ་ནི་སྐུ་དྲག་སྐྱ་བོ་དག་ཤུགས་ཆེ་ཞིང་ཕྱི་མ་ནི་དགོན་པའི་འཐུས་མི་ཚོ་ཤུགས་ཆེ་བ་ཡོད་པ་རེད། དགེ་འདུན་པ་མང་ཆེ་བའི་བོད་ལྗོངས་ཚོགས་འདུ་ལ་དབང་ཆ་སྤྲོད་རྒྱུ་དེ་ནི་ལུང་ཤར་གྱི་དམིགས་ཡུལ་ཐ་མ་སྟེ། གྷོལ་ཌཱི་སི་ཐེན་གྱིས་ཁས་ལེན་བྱས་པ་ལྟར་ ལུང་ཤར་རང་ཉིད་བླ་ན་མེད་པའི་དབང་ཆའི་ཁོར་ཡུག་ཏུ་འཇོག་པ་དེ་མིན་པ་ནི་གསལ་པོ་རེད།
གོང་དུ་གྷོལ་ཌི་སི་ཐེན་གྱིས་ ལུང་ཤར་གྱི་ “ཧ་ལས་པའི་ལྐོག་འཆར་”དེས་ཐོག་མར་དགོན་པའི་རྙིང་ཞེན་པའི་ཕྱོགས་བྱས་ནས་དམག་མིའི་སྐོར་ཁག་དང་དེང་རབས་ཅན་རྣམས་གཏོར་བཅོམ་བྱེད་རྒྱུ་དེ་ཡིན་པ་དང་། དེ་ནས་ ༼རང་གི་སྔོན་ཆད་ཀྱི་རྙིང་ཞེན་པའི་ཕྱོགས་རྣམས་བཅོམ་པར་བྱས་རྗེས་༽བཅོས་བསྒྱུར་བྱེད་རྒྱུ་ཡིན་སྐོར་བརྗོད་པ་རེད། འདི་ལྟ་བུའི་ཕྱོགས་གཉིས་སམ་ཕྱོགས་གསུམ་དུ་ཕན་ཚུན་བསྐྱོད་པ་ནི་ཏན་ཏན་ཧི་ཊཱི་ལཱར་དང་སཱི་ཏ་ལིན། མའོ་ལྟ་བུ་ཞིག་ལ་དབང་ཆ་ལེན་པའི་ལམ་ཁ་ངོས་ལེན་ཡོད་པ་ཞིག་ཡིན་མོད། ཏན་ཏན་དམངས་གཙོའི་སྒྲིག་འཛུགས་ཤིག་འཛུགས་པའི་ལམ་ཁ་ཞིག་ནི་མིན་པ་རེད། ད་དུང་ནན་བརྗོད་བྱེད་རྒྱུ་ཞིག་ལ། ལུང་ཤར་གྱིས་རང་གི་ལས་ཀའི་དུས་ཡུན་ནང་གྲོགས་པོ་གཏན་གནས་པ་ཞིག་ཡོད་པ་ནི་ཧ་ཅང་རྙིང་ཞེན་པའི་དགོན་པའི་དབང་ཆའི་སྐོར་ཁག་དེ་རེད། ངོ་མ་བཤད་ན། གྷོལ་ཌི་སི་ཐེན་རང་ཉིད་ཀྱིས་བྲིས་པ་ཇི་བཞིན་ ལུང་ཤར་གྱི་ “བཅོས་སྒྱུར་ལས་འགུལ་གྱི་ཚོགས་མི་དེ་ཚོ་ནི་མང་ཆེ་བ་དགེ་འདུན་པའི་གཞུང་ཞབས་ཀྱིས་གྲུབ་ཡོད་པ་རེད།” ལས་འགུལ་ནང་ཡོད་པའི་མི་དེ་ཚོས་ནི་བཅོས་བསྒྱུར་ཞིག་འཁྱེར་ཡོང་བ་མིན་པར་གཞུང་ཞབས་སྐྱ་བོའི་དབང་ཆའི་ཁ་གཏད་གཅོག་པ་དང་། དམག་མིའི་ནུས་ཤུགས་གཅོག་པ། དེང་རབས་ཅན་སྔོན་འགོག་བྱེད་པ་བཅས་ཡིན་པ་ནི་གསལ་པོ་རེད། གྷོལ་ཌི་སི་ཐེན་གྱིས་ཧ་ལམ་བསྟོད་བསྔགས་ལྟ་བུ་ཞིག་ཡིན་པའི་ལུང་ཤར་གྱི་ལོ་རྒྱུས་དེ་ཚོའི་ནང་དུ་ཁྱད་མཚར་གྱི་འགལ་ཟླ་འདི་ཡིད་ཚིམ་པ་ཞིག་གི་ཐོག་ནས་འགྲེལ་བརྗོད་བྱེད་ཐུབ་མེད་པ་རེད།
ལུང་ཤར་གྱི་ལྟ་ཚུལ་ལྟ་བུ་ཞིག་ ༡༩༦༠ དག་གི་ནང་རྡ་རམ་ས་ལ་ཁུལ་དུ་ཡང་ ༧རྒྱལ་བ་རིན་པོ་ཆེའི་སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་ཀྱིས་མང་ཆེ་བ་དགེ་འདུན་པའི་གཞུང་ཞབས་གཞོན་གྲས་རྩེ་དྲུང་གི་གནས་རིམ་ཅན་གྱིས་གྲུབ་པའི་ཆབ་སྲིད་ཀྱི་ཚོགས་པ་ཆོལ་གསུམ་ཆིག་སྒྲིལ་ཚོགས་པ་ཞིག་ཟེར་བ་ཞིག་བཙུགས་དུས་ཀྱང་བྱུང་ཡོད་པ་དེ་འདིར་བཤད་རུང་བ་ཞིག་རེད། ཚོགས་པ་དེའི་དམིགས་ཡུལ་གཙོ་བོ་ཞིག་ནི་བཀའ་ཤག་གི་ཤུགས་གཅོག་རྒྱུ་དེ་རེད། བཀའ་ཤག་གི་བཀའ་བློན་བགྲེས་པ་ཞིག་ནི་སྐུ་དྲག་རྙིང་པ་ཟུར་ཁང་དབང་ཆེན་དགེ་ལེགས་ཏེ། གྷོལ་ཌི་སི་ཐེན་གྱི་ཨ་ཞང་དེ་ཡིན་པ་རེད། ཆབ་སྲིད་ཀྱི་ཁ་གཏད་རྣམས་གཡུགས་ནས་དབང་ཆ་ལེན་རྒྱུའི་ཆེད་དུ་བཅོས་བསྒྱུར་དང་རྒྱལ་ཞེན་པའི་རྣམ་པ་གཅིག་པ་ཞིག་སྤྱད་པ་ནི་དོ་སྣང་འཕེལ་བ་ཞིག་རེད། ཡིན་ན་ཡང་གྷོལ་ཌི་སི་ཐེན་གྱིས་ཀྱང་ཏན་ཏན་ང་ལ་མོས་མཐུན་བྱས་ནས་རྒྱལ་ལོ་དོན་གྲུབ་དེ་དམངས་གཙོའི་བཅོས་བསྒྱུར་བ་ཞིག་ཡིན་པའི་འགྲེལ་བརྗོད་མི་བྱེད་པ་རེད།
ད་དུང་ལུང་ཤར་གྱི་ཡར་ཐོན་གྱི་ལོ་རྒྱུས་ཟེར་བ་དེ་ལ་ཡང་ཞིབ་འཇུག་བྱེད་རིན་ཡོད་པ་ཞིག་རེད། ༡༩༡༣-༤ བར་དེར་༧རྒྱལ་བ་རིན་པོ་ཆེས་ནུབ་ཕྱོགས་ཀྱི་སློབ་སྦྱོང་ཚོད་ལྟ་བྱེད་ཆེད་བོད་ཀྱི་བྱིས་པ་བཞི་རུག་བྷེ་༼ Rugby ༽རུ་སློབ་སྦྱོང་བྱེད་དུ་སོང་སྐབས་ལུང་ཤར་ནི་དོ་དམ་པའི་ཚུལ་དུ་དབྱིན་ཡུལ་ལ་ཕྱིན་པ་རེད། ལུང་ཤར་ནི་ཡུ་རོབ་ཀྱི་རྒྱལ་ཁབ་ཀྱི་རྒྱལ་ཁབ་ཁ་ཤས་ལ་ཕྱིན་མོད་ཁོ་རང་གིས་ཕྱི་རྒྱལ་བ་འབྲེལ་བ་འཛིན་རྒྱུའི་འབད་བརྩོན་བྱས་པ་དེ་ལ་ “གྲུབ་འབྲས་ཉུང་ངུ་ཞིག་མ་ཐོབ་པ་རེད།” གྷོལ་ཌི་སི་ཐེན་གྱིས་ང་ཚོར་བཤད་དོན་ལ། ལུང་ཤར་གྱི་ཆུང་མ་ལ་བྱིས་པ་འཁོར་རྐྱེན་ལུང་ཤར་གློ་བུར་དུ་བོད་ལ་ལོག་ཡོད་པ་དང་། ལུང་ཤར་གྱིས་གལ་སྲིད་བྱིས་པ་དེ་དབྱིན་ཡུལ་དུ་སྐྱེས་པ་ཡིན་ན་དེ་ལ་མིག་སྔོན་པོ་དང་སྐྲ་སེར་པོ་ཡོང་གི་ཡིན་པའི་ཡིད་ཆེས་བྱས་པ་རེད་ཟེར། བོད་མི་ཚོ་ལ་ནི་རང་གི་ “ཕྱི་རྒྱལ་ཉེས་མེད་པ་”ཚོའི་སྐོར་ལ་སྤྱི་ཚོགས་ནོར་འཁྲུལ་གྱི་བསམ་བློ་དང་ལྟ་སྟངས་ནོར་བའི་སྒྲུང་ཡ་མཚན་པོ་ཧ་ཅང་མང་པོ་ཡོད་པ་རེད། ཡིན་ན་ཡང་འདི་ནི་བོད་མི་གཅིག་གིས་དེ་འདྲའི་གུ་དོག་པོའི་རྣམ་རྟོག་དང་ཁྱད་མཚར་གྱི་སྤྱོད་པ་བསྟན་པའི་དཔེ་མཚོན་ངས་ཤེས་པ་གཅིག་པུ་དེ་ཡིན།
ལུང་ཤར་གྱིས་ནི་དངོས་ཡོད་ལས་བརྒལ་བའི་ཆོས་ལ་ཡིད་ཆེས་བྱེད་པ་དང་ཉམས་ལེན་བྱེད་པ་དེ་ང་ཚོས་ཤེས་ཀྱི་ཡོད། གྷོལ་ཌི་སི་ཐེན་གྱིས་ང་ཚོ་ལ་བཤད་དོན་ལ། ཁོང་ནི་ “མེ་ལོང་ལ་ལྷ་འབབ་པ་དང་ལྟས་དཔྱད་ལ་མཁས་པ་ཞིག་ཡིན་པར་ཆ་འཇོག་བྱེད་པ་རེད།”ཟེར། ཕྲ་རིང་རིན་ཆེན་སྒྲོལ་མས་ང་ཚོ་ལ་བཤད་རྒྱུ་ལ། (ལུ་སི་ཡ་ནོ་ པེ་ཆེ་ཡིས་བསྐྱར་བཤད་བྱས་ ༼༡༢༽) ༡༩༢༨ ལོར་བཀའ་བློན་བསྐོ་གཞག་མ་བྱས་ཙམ་གྱི་གོང་དེར་བཤད་སྒྲ་དཔལ་འབྱོར་བསོད་དབང་གྲོངས་པ་དེ་ལུང་ཤར་གྱིས་མཐུ་བརྒྱབ་པར་ངོས་འཛིན་བྱེད་པ་ཡོང་གྲགས་རེད་ཟེར། དེ་ནས། གྷོལ་ཌི་སི་ཐེན་རང་གིས་བཤད་པ་བཞིན་ལུང་ཤར་རང་གིས་མཐུ་བརྒྱབ་ནས་བཀའ་བློན་ཁྲི་སྨོན་གསོད་རྩིས་བྱས་པ་དེ་ང་ཚོ་ལ་ཡོད་ཡོད་རེད། ཐ་ན་ཆོས་ལུགས་ཅན་གྱི་སྤྱི་ཚོགས་བོད་༼གཅིག་བྱས་ན་དད་སླ་བ་ཞིག་ཡིན་པ་༽ལྟ་བུའི་ནང་ཡང་ལུང་ཤར་གྱིས་མཐུ་ལྟས་ལ་དང་འདོད་བྱེད་པ་ནི་དམིགས་བསལ་བ་ཞིག་རེད། ཧ་ཅང་མི་འདྲ་བ་ཞིག་ལ། དེ་དུས་ཀྱི་དེང་རབས་པ་དང་དམག་ཞབས་ལོ་གཞོན་མང་པོ་ཞིག་གིས་རང་ཉིད་ནི་དངོས་ཡོད་རིང་ལུགས་པ་ཞིག་ཡིན་པར་བསམས་བཞིན་ཡོད། ༼ཐ་ན་རང་ཉིད་ནི་བཅོས་མའི་རྣམ་པ་ཞིག་གི་ནང་ཁོ་ནར་ཡོད་པ་ཡིན་ན་ཡང་།༽ མི་མང་པོ་ཞིག་གིས་ཚ་རོང་ནི་ལྷ་མེད་རིང་ལུགས་པ་ཞིག་ཡིན་པར་བསམས་ཀྱི་ཡོད་པ་རེད་ལ། ཕྲ་རིང་རིན་ཆེན་སྒྲོལ་མས་རང་གི་དེབ་བོད་ཀྱི་བུ་མོ་ཞེས་པའི་ནང་ཚ་རོང་ལ་ཉེས་འགེལ་འདི་བྱས་པ་དེ་འགོག་ཐབས་བྱས་པ་ཡོད་པ་རེད།
དེ་དུས་བོད་མི་གཞན་ཚོས་སྐབས་དེར་དར་བའི་པར་ཆས་དང་དེ་བཞིན་རླུང་འཕྲིན་དང་སྒྲ་སྡུད་འཕྲུལ་འཁོར་ལ་ཉན་པ་སོགས་བྱེད་མོད་ལུང་ཤར་གྱིས་བྱས་མེད་པ་རེད། ད་དུང་དགོན་པའི་རྙིང་ཞེན་པས་ཤུགས་ཆེར་དགག་བྱ་བྱས་པའི་རྒྱང་རྩེའི་དབྱིན་ཡིག་སློབ་གྲྭ་དེ་ལ་ཡར་ཐོན་ཅན་གྱི་སྐུ་དྲག་ཚོས་རང་གི་བྱིས་པ་རྣམས་བཏང་བའི་དཔེ་མཚོན་དེ་ལ་ལུང་ཤར་གྱིས་རྗེས་འབྲངས་བྱས་མེད་པ་རེད། རྒྱང་རྩེའི་སློབ་གྲྭ་སྒོ་བརྒྱབ་པའི་རྗེས་སུ་སྐུ་དྲག་གཞན་དང་ཐ་ན་ཚོང་པ་ཚོས་ཀྱང་རང་གི་བྱིས་པ་རྣམས་ལ་དེང་རབས་སློབ་སྦྱོང་ཐོབ་ཆེད་དུ་རྒྱ་གར་ལ་གཏོང་བ་བཞིན་ལུང་ཤར་གྱིས་བྱས་མེད་པ་རེད།
གཞུང་ཞབས་དང་སྒེར་པ་མང་པོས་འཆར་གཞི་སྣ་ཚོགས་ལག་བསྟར་བྱས་པ་དེས་བོད་འདི་དེང་རབས་ཅན་དུ་བསྒྱུར་བ་ལ་ཕན་ཐོགས་ཡོད་པ་དེ་ང་ཚོས་ཤེས་ཡོད། དཔེར་ན། ཚ་རོང་གིས་ཁྲི་ཟམ་ས་ཆར་ལྕགས་ཀྱི་ཟམ་པ་ཐོག་མ་དེ་རྒྱག་པའི་ལས་འཆར་བཙུགས་པ་དང་། རིན་སྒང་པས་ལྷ་སར་གློག་འཐེན་པའི་ལས་འཆར། ཀུན་འཕེལ་ལགས་ཀྱིས་གྲྭ་བཞི་རུ་བཟོ་གྲྭ་ཞིག་བཙུགས་པ་དང་། དེ་བཞིན་སྨོན་ལམ་ཆེན་མོའི་སྐབས་ཀྱི་དགེ་འདུན་པའི་གསོལ་ཇའི་ཆེད་ཇོ་ཁང་གི་ཐབ་ཚང་དུ་ཆུ་གཙང་མ་ལེན་པའི་སྦུ་གུ་འཐེན་ནས་དེང་རབས་ཀྱི་ཡུར་རྐ་བཙུགས་པ་རེད། ལུང་ཤར་གྱིས་འདི་འདྲ་གང་ཡང་བྱས་ཡོད་ཚོད་མི་འདུག
གྷོལ་ཌི་སི་ཐེན་གྱིས་ལུང་ཤར་ལ་ནི་ནུབ་ཕྱོགས་པའི་རྒྱལ་རབས་དང་ “དམངས་གཙོའི་”ཤེས་རྒྱ་ཡོད་སྐོར་བརྗོད་མོད། ཡིན་ན་ཡང་ཁོའི་བུ་ཡིས་བཤད་པ་མ་གཏོགས་གཞན་གྱི་ཁུངས་སྐྱེལ་ཞིག་མེད་པ་རེད། དེ་འདྲ་ཡིན་ལུགས་ཐད་ལུང་ཤར་གྱི་དེབ་དང་བསྒྲགས་གཏམ། ཐ་ན་ཡིག་ཆུང་ཙམ་ཞིག་ཀྱང་མེད་པ་རེད། དེ་འདྲའི་གནད་དོན་ཐད་ལ་སྐབས་དེའི་མདུན་སྐྱོད་ཀྱི་བསམ་བློ་གཏོང་མཁན་དགེ་འདུན་ཆོས་འཕེལ་དང་དགེ་རྒན་མཐར་ཕྱིན་གྱིས་རྩོམ་ཡིག་སྤེལ་ཡོད་པ་རེད། ཐ་ན་ལོ་བརྒྱ་སྐོར་གྱི་གོང་དུ་ཡང་མཚར་སྣང་ཅན་གྱི་བོད་མིའི་མཁས་པ་ཚོས་འཛམ་གླིང་ཕྱི་ལོགས་ཀྱི་གནས་ཚུལ་འབྲི་ཐབས་བྱས་ཡོད་པའི་དེབ་དཔེར་ན་འཛམ་གླིང་རྒྱས་བཤད་མེ་ལོང་ལྟ་བུ་རེད།
ལུང་ཤར་གྱི་གཞན་དང་མི་འདྲ་བའི་ང་རྒྱལ་༼གྷོལ་ཌི་སི་ཐེན་གྱིས་བཤད་པ་བཞིན་༽དང་། ཐ་ན་ཁོའི་སྐུ་ཟླ་ལུང་ཤར་ལྕམ་གྱིས་བཤད་པ་ཇི་བཞིན་དབང་འཛིན་པ་གཞན་ལ་ཕྲག་དོག་རྒྱུན་དུ་བྱེད་པ་བཅས་ལ་གཞི་འཛིན་བྱས་ན། ལུང་ཤར་གྱིས་ཆབ་སྲིད་ཀྱི་དབང་ཆ་ཆེ་ཤོས་དེ་འཛིན་འདོད་ཀྱི་ཧམ་པ་དེ་ནི་རང་དོན་གཅེས་འཛིན་གྱི་རྒྱུ་མཚན་ལ་བརྟེན་ཡོད་པ་དང་། བོད་འདི་དེང་རབས་ཅན་དུ་བསྒྱུར་བའམ་ཡང་བཅོས་བསྒྱུར་བྱེད་པ་ལ་འབྲེལ་བ་མེད་པའམ་ཡང་ན་ཅུང་ཟད་ཙམ་ལས་ཡོད་པ་མ་རེད་ཅེས་མཇུག་སྡོམ་མི་བྱེད་རྒྱུ་ནི་ཧ་ཅང་དཀའ་བ་ཞིག་རེད། གྷོལ་ཌི་སི་ཐེན་གྱིས་ལུང་ཤར་ནི་དམངས་གཙོ་བ་ཞིག་དང་གསར་བརྗེ་བ། བོད་བཅོས་བསྒྱུར་བྱེད་པའི་རེ་བ་ཉག་གཅིག་དང་། དེ་བཞིན་རྒྱ་དམར་གྱི་བཙན་འཛུལ་སྔོན་འགོག་ཐུབ་ཡོད་པ་ཞེས་སྟོན་སླད་འབད་བརྩོན་བྱས་པ་དེ་ནི་གཞི་རྩ་མེད་པ་ཞིག་རེད། ཕྱོགས་གཞན་ཞིག་ནས་ལུང་ཤར་གྱིས་ནུས་པ་ཐོན་པའི་ཐོག་ནས་དེང་རབས་དམག་མིའི་ནུས་པ་ཉམས་བཅུག་པ་དང་། གྲོང་དྲག་དམག་སྒར་གྱི་ “གོད་ཆག་”དེ་སྣང་མེད་དུ་བཞག་པ། ཧ་ཅང་རྙིང་ཞེན་པའི་དཔུང་ཁག་ལ་གྲུབ་འབྲས་ཐོན་པའི་འགན་ལེན་བྱས་པ་བཅས་ཀྱིས་ ༡༩༥༠ ལོའི་རྒྱ་དམར་གྱི་བཙན་འཛུལ་འདི་ལམ་ལྷོང་ཡོང་བར་རོགས་རམ་རྒྱ་ཆེན་པོ་བྱས་ཡོད་པ་རེད།
མཐའ་མ་དེར། རྒྱུ་རྐྱེན་གཞན་གང་ལས་ཀྱང་ཐལ་ཆེ་བ་ཞིག་ནི་ པཎ་ཆེན་རིན་པོ་ཆེ་རྒྱ་ནག་ཏུ་བྲོས་ཕེབས་དགོས་པ་བཟོས་པ་དེའི་ནང་ལུང་ཤར་ནི་བྱེད་གཏེ་ཞིག་ཡིན་པ་དེ་རེད་ལ། དེས་ “བླ་མའི་རྒྱལ་ཁབ་ཤི་བ་”འདི་གཏན་འཁེལ་བྱས་པ་རེད། ༡༩༢༠ ལོར་ལུང་ཤར་ལ་སྐུ་དྲག་གི་གཞིས་ཀ་ཁག་དང་དེ་བཞིན་བཀྲ་ཤིས་ལྷུན་པོ་དང་བཅས་པའི་གདན་ས་ཆེན་པོ་རྣམས་ལ་དཔྱ་ཁྲལ་སྤར་བའི་འགན་སྤྲད་པ་རེད། བཀྲ་ཤིས་ལྷུན་པོ་ལ་བོད་གཞུང་གི་དམག་མིའི་འགྲོ་གྲོན་གྱི་བཞི་ཆ་གཅིག་ཙམ་སྤྲོད་དགོས་པའི་འགན་ཡོད་པ་ཡིན་ན་ཡང་། རྩིས་ཞིབ་དེ་ལ་ངོ་རྒོལ་བྱས་པ་རེད། དེ་ལ་མཐའ་མཇུག་དེར་ཞི་འགྲིག་ལྟ་བུ་ཞིག་ཡོང་རེ་ཡོད་མོད། གྷོལ་ཌི་སི་ཐེན་གྱིས་ང་ཚོར་བཤད་པ་ལྟར་ན། ལུང་ཤར་གྱིས་ “པཎ་ཆེན་རིན་པོ་ཆེས་ཞལ་བཞེས་མ་གནང་བའི་རྒྱབ་ལོགས་ཀྱི་ཀུན་སློང་ངོ་མ་ནི་༧རྒྱལ་བ་རིན་པོ་ཆེའི་སྐུ་དབང་ལ་བློ་དྭོགས་ཡོད་པ་དེ་རེད་ཅེས་༧རྒྱལ་བ་རིན་པོ་ཆེར་སྙན་གསན་ཞུས་པ་རེད།” ཡ་མཚན་བྱེད་དགོས་དོན་མེད་པ་ཞིག་ལ། གནས་སྟངས་གང་མགྱོགས་ཀྱིས་ཇེ་སྡུག་ཏུ་སོང་ནས་མཐར་ ༡༩༢༣ ལོར་འཇིགས་སྣང་འོག་གི་པཎ་ཆེན་རིན་པོ་ཆེ་རྒྱ་ནག་ཏུ་ཕེབས་དགོས་པའི་ཚད་ལ་བསྐྱལ་བ་རེད། གནས་ཚུལ་ཇེ་སྡུག་ཏུ་གཏོང་བ་ཞིག་ལ། ལུང་ཤར་གྱིས་བོད་དམག་བཏང་བ་དེ་ཚོས་པཎ་ཆེན་རིན་པོ་ཆེ་འཛིན་བཟུང་ཞུ་མ་ཐུབ་པ་རེད། གཞུང་འབྲེལ་གྱི་རྣམ་འགྱུར་འདི་ནི་ཧ་ཅང་ཐལ་ཆེ་བ་ཞིག་ཡིན་པ་དང་པཎ་ཆེན་རིན་པོ་ཆེ་བོད་དུ་བསྐྱར་ཕེབས་གཏན་ནས་མི་གནང་རྒྱུ་དང་ མ་མཐའ་ལ་ཡང་རྒྱ་དམག་གི་ཞབས་ཞུ་མེད་པར་མི་ཕེབས་རྒྱུའི་ཐུགས་ཐག་ཆོད་རྒྱུར་ཉེན་བརྡ་འདང་ངེས་བྱུང་བ་རེད།
གོ་མིན་ཏང་གི་གནམ་གྲུའི་ནང་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་དྲུག་པ།
པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་དྲུག་པ་ནི་བླ་མ་ཆེན་པོ་ཞིག་ཡིན་མོད་ཐུགས་སྣ་རྐྱང་ཞིག་ཡིན་པ་རེད་ལ། བོད་མིས་རང་བཙན་གྱི་རྣམ་པ་སྟོན་པའི་འབད་བརྩོན་འདིའི་ནུས་པ་ཇེ་ཆུང་དུ་གཏོང་སླད་གོ་མིན་ཏང་གཞུང་གིས་ནུས་པ་ཐོན་པའི་བེད་སྤྱོད་བྱས་ཡོད་པ་རེད། ཨ་མི་རི་ཀའི་མཁས་པ་ཝ་རེན་སི་མི་ཐི་༼ Warren Smith ༽ལྟར་ན། རྒྱ་མིས་པཎ་ཆེན་རིན་པོ་ཆེ་ནི་ “བོད་ནི་ཆིག་སྒྲིལ་ཅན་གྱི་གཞུང་ཞིག་མིན་པ་དང་། དེ་ལས་རྒྱ་ནག་ལ་བརྟེན་པའི་བཀས་བཀོད་བརྒྱུད་འཛིན་པའི་ཕྱོགས་ཁག་ཙམ་ཞིག་ཡིན་པའི་ཁུངས་སྐྱེལ་”ལྟ་བུར་བེད་སྤྱོད་བྱས་པ་རེད་ཟེར། སི་མི་ཐི་ཡིས་ད་དུང་། “པཎ་ཆེན་རིན་པོ་ཆེ་ཕེབས་པ་དེས་༧རྒྱལ་བ་རིན་པོ་ཆེས་བོད་ཀྱི་ཆབ་སྲིད་ཆིག་སྒྲིལ་བཟོ་བ་དང་བོད་གཞུང་གི་འཛིན་སྐྱོང་དབུས་འགྱུར་གནང་ཐབས་ཀྱི་འབད་བརྩོན་དེ་ཉམས་དམས་སུ་བཏང་བ་རེད།”ཅེས་བྲིས་འདུག ༼༡༤༽ པཎ་ཆེན་རིན་པོ་ཆེ་ཕེབས་ཐོན་གནང་བ་དེ་ནི་ལྟས་ངན་གྱི་མཚན་མ་ཙམ་ཞིག་མ་ཡིན་པར། གཞུང་དང་དམག་མི། དེང་རབས་ཅན་དུ་བསྒྱུར་བ་བཅས་ཀྱི་འགལ་ཟླའི་ཕྱོགས་འཕེལ་བ་དང་། “རྙིང་ཞེན་པ་དག་གི་ལག་པ་ཇེ་བརྟན་དུ་བཏང་བ་ཞིག་”ཡིན་པར་བརྩིས་པ་རེད།
རྒྱ་ནག་དམར་པོས་བོད་ལ་བཙན་འཛུལ་བྱས་སྐབས། པཎ་ཆེན་རིན་པོ་ཆེའི་སྤྲུལ་སྐུ་གསར་པ་དེ་ཁོ་ཚོའི་ལག་འོག་ན་ཡོད་བརྟེན། ཁམས་དང་ཨ་མདོ་བརྒྱུད་ནས་བོད་དབུས་སུ་འཛུལ་བའི་ལམ་འཕྲང་དེ་ཧ་ཅང་ལས་སླ་བོ་བཟོས་པ་རེད། ངོ་མ་བཤད་ན་ཁོང་ཚོའི་བཙན་འཛུལ་དེ་ཁྲིམས་མཐུན་ཡིན་པའི་རྣམ་པ་ཞིག་ཀྱང་སྤྲད་པ་རེད། བོད་རྒྱལ་ཁབ་ཀྱི་ཁེ་ཕན་ལ་ཕུགས་ཀྱི་ཉེན་ཁའི་སྐོར་ཞིབ་རྩིས་ཤིག་བྱེད་དགོས་ཤར་ཚེ། རྒྱ་མིས་པཎ་ཆེན་རིན་པོ་ཆེ་དབང་འོག་ཏུ་བཅུག་པ་དེས་ནི་རྭ་སྒྲེང་གི་གླེང་རྙོག་ལས་གནོད་ཚབས་ཆེ་བ་བྱུང་ཡོད་པ་རེད་ལ། རྭ་སྒྲེང་གི་གླེང་རྙོག་དེའི་གནོད་སྐྱོན་ནི་དུས་ཚོད་རིམ་སོང་གིས་ཡལ་བར་གྱུར་ཡོད་པ་རེད། གྷོལ་ཌི་སི་ཐེན་གྱིས་བཤད་རྒྱུ་ལ། “བོད་གཞུང་དང་རྭ་སྒྲེང་རིན་པོ་ཆེའི་རྒྱབ་སྐྱོར་བ་ཚོའི་བར་གྱི་འགལ་ཟླ་དེ་ ༡༩༥༠ ལོའི་ལོ་མཇུག་ཏུ་༧རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་བཅུ་བཞི་པས་རྒྱལ་སྲིད་མ་བཞེས་བར་དུ་གནས་ཡོད་པ་དང་། དེ་ནས་བོད་ཀྱི་ལོ་རྒྱུས་ཀྱི་ནང་ལེའུ་གསར་པ་ཞིག་མགོ་བཙུགས་པ་རེད།”ཟེར། ཡིན་ན་ཡང་པཎ་ཆེན་རིན་པོ་ཆེའི་དཀའ་རྙོག་འདི་ལ་ལེའུ་གསར་པ་ཞིག་མི་འདུག འདིས་དངོས་གནས་ད་ལྟའི་གནས་སྐབས་ལ་བོད་ཀྱི་གནད་དོན་འདི་ཉམས་དམས་སུ་གཏོང་བ་ཙམ་ཞིག་མ་ཡིན་པར། མ་འོངས་པར་རྒྱ་མིས་རང་གི་ལག་འོག་ན་ཡོད་པའི་པཎ་ཆེན་རིན་པོ་ཆེ་བེད་སྤྱོད་ཀྱིས་༧རྒྱལ་བ་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་བྱེད་རྒྱུ་ཡིན་མིན་ལ་བློ་དྭོགས་བྲལ་བ་འདི་ཡོང་རྒྱུའི་ལྟས་ངན་པ་དེ་ཤར་བཅུག་པ་རེད། དེས་ན་འདི་ཚོ་ཚང་མའི་ཆེད་དུ་ང་ཚོས་ལུང་ཤར་དང་ཁོའི་རྙིང་ཞེན་པའི་གྲོགས་པོ་དྲུང་ཡིག་ཆེན་མོ་ཨབ་སོ་སྟེ་བཀྲ་ཤིས་ལྷུན་པོའི་ལས་བྱ་ཚོས་དུས་ད་ལྟའང་པཎ་ཆེན་རིན་པོ་ཆེའི་ཐད་༧རྒྱལ་བ་རིན་པོ་ཆེའི་ཐུགས་དཀྲུགས་མཁན་དེ་ཡིན་པར་ཡིད་ཆེས་བྱེད་པ་དེ་གཉིས་ལ་ཐུགས་རྗེ་ཆེ་ཞུ་ཆོག་པ་ཞིག་རེད།
དེས་ན་ཅིའི་ཕྱིར་གྷོལ་ཌི་སི་ཐེན་གྱིས་རང་ཉིད་ཀྱིས་བསྡུ་གསོག་བྱས་པའི་དཔང་རྟགས་ཀྱི་ཕུང་པོ་དེ་དག་དང་འགལ་ཟླ་གསལ་པོ་ཡོད་བཞིན་དུའང་། ཁོའི་ལོ་རྒྱུས་ཀྱི་ནང་ལུང་ཤར་ནི་གསར་བརྗེའི་དཔའ་བོ་ཞིག་ཡིན་པ་འདི་བཞེངས་རྒྱུའི་འབད་བརྩོན་བྱས་པ་རེད། གཅིག་བྱས་ན་ཁོ་རང་གིས་ཉེ་ཆར་མཉམ་རྩོམ་གྱིས་འགྲེམ་སྤེལ་བྱས་པའི་བོད་མི་དམར་ཤོག་པ་གཉིས་ཀྱི་མི་ཚེའི་ལོ་རྒྱུས་ལ་བལྟས་པ་ཡིན་ན་ང་ཚོས་ཁོའི་ཀུན་སློང་གི་ཐད་ལ་གོ་རྟོགས་རྙེད་སྲིད་པ་རེད།
བོད་ཀྱི་དེང་རབས་ཆེད་འཐབ་རྩོད། བཀྲ་ཤིས་ཚེ་རིང་གི་མི་ཚེའི་ལོ་རྒྱུས། ཞེས་པ་ནི་བོད་གཞུང་གི་ལས་བྱ་དམའ་གྲས་ཤིག་གི་སྐོར་རེད་ལ། ལས་བྱ་དེ་ ༡༩༥༠ ལོར་བྲོས་བྱོལ་དུ་སོང་ཞིང་། ༡༩༦༠ ལོར་སློབ་སྦྱོང་གི་ཆེད་དུ་ཨ་རིར་བསྐྱོད་ཐུབ་ཡོད་པ་རེད། བཀྲ་ཤིས་ཀྱིས་བོད་འདི་རྒྱ་ནག་གུང་ཁྲན་ཏང་གི་མངའ་འོག་ཁོ་ནའི་ནང་དེང་རབས་ཅན་དུ་བསྒྱུར་ཐུབ་རྒྱུ་ཡིན་པའི་ཡིད་ཆེས་བྱས་ཤིང་། ཁུ་བྷ་རྒྱལ་ཁབ་བརྒྱུད་ནས་རྒྱ་ནག་ཏུ་ “སླར་ལོག་པ་”རེད། ལྟ་གྲུབ་ཀྱི་ཆ་ནས་བཤད་ན། མ་ཁེ་སི་རིང་ལུགས་པའི་རྗོད་ཚིག་ “ཤོར་མའི་བུ་སླར་ལོག་པ་”ཞེས་པ་དེ་དེབ་འདིའི་ནང་དུ་བཀྲ་ཤིས་ལ་འགྲོ་བའི་དོན་དག་གཅིག་པུ་དེ་མ་རེད། ལྷ་སའི་ནང་གི་གཞས་འཁྲབ་མཁན་གྱི་བུ་ཆུང་ཞིག་ཡིན་པའི་ཆ་ནས་ཁོ་ལ་སྐུ་དྲག་གི་དགེ་འདུན་པ་ཞིག་གིས་གདུག་སྤྱོད་བྱས་ཡོད་ཅིང་། དེ་ནི་ཏག་ཏག་བོད་ནང་དུ་གྲལ་རིམ་གྱི་ཐོག་ནས་སྤྱི་ཚོགས་རིང་ལུགས་ཀྱི་བཅོས་བསྒྱུར་དགོས་པ་དེ་རྩལ་དུ་འདོན་ཆེད་བེད་སྤྱོད་བྱས་ཡོད་པ་རེད། བཀྲ་ཤིས་ཚེ་རིང་གི་སྣ་རྐྱང་༼ naïve ༽གི་དགའ་སྣང་དེ་ཚོ་ནི་བོད་ནང་གི་དམར་པོའི་ལམ་ལུགས་ཐད་ཀྱི་རང་གི་ཉམས་མྱོང་དང་ ༡༩༦༠ རེ་གྲངས་ནང་ནུབ་ཕྱོགས་པས་མའོ་དང་རྒྱ་ནག་དམར་པོ་ལ་བསྟོད་བསྔགས་བྱེད་པ་གཉིས་སྦྲེལ་ནས་བསྐྱེད་པ་ཞིག་རེད་ལ། ༼ཁོང་ནི་ ༦༠ རེ་གྲངས་ཀྱི་སྟོད་དུ་ཨ་རིའི་སི་ཝ་ཊལ་ནང་དུ་གྷོལ་ཌི་སི་ཐེན་གྱི་གྲོགས་པོ་ཡིན་པ་རེད།༽ དེ་ནས་རང་གི་དགའ་སྣང་དེ་ལ་རྒྱ་ཡུལ་དུ་རིང་ལ་རྩུབ་པའི་བཙོན་འཇུག་གི་ལེགས་སྐྱེས་སྤྲད་ཅིང་། ༡༩༨༠ ཙམ་བར་དུ་བོད་ནས་ཕྱིར་འབུད་བྱས་ཡོད་པ་རེད། བཀྲ་ཤིས་ཚེ་རིང་གི་མི་ཚེའི་ལོ་རྒྱུས་བཀླགས་པའི་རྗེས་སུ་འཆར་སྣང་འགོག་ཏུ་མེད་པ་ཞིག་ཡོང་བ་ནི་ཧ་ཅང་སྣ་རྐྱང་ཡིན་པ་དེ་རེད། དེ་བཞིན་གྷོལ་ཌི་སི་ཐེན་གྱིས་བཀྲ་ཤིས་ཚེ་རིང་དེབ་ཀྱི་བརྗོད་གཞིར་འདམས་པ་ཡང་གྷོལ་ཌི་སི་ཐེན་རང་ཡང་དངོས་ཡོད་དང་མི་མཐུན་པའི་སྣ་རྐྱང་ཡིན་པ་དང་དགའ་ཕྱོགས་ལ་གཞོལ་མཁན་ཞིག་ཡིན་པ་སྟོན་པ་ནི་མི་སུ་ཡིན་ཡང་འགོག་ཏུ་མེད་པར་མཇུག་སྡོམ་རྒྱག་གི་རེད།
དེབ་གཞན་དེ་ནི། བོད་མི་གསར་བརྗེ་བ་ཞིག འབའ་བ་ཕུན་ཚོགས་དབང་རྒྱལ་གྱི་ཆབ་སྲིད་མི་ཚེ་དང་དུས་སྐབས། ཟེར་བ་དེ་རེད་ལ། དེ་ནི་ ༡༩༥༠ ནང་བོད་ཤར་ཕྱོགས་ཁུལ་དུ་འགྲུལ་བཞུད་དང་ཅ་དངོས་གོ་སྒྲིག་བྱས་ཏེ་རྒྱ་མིའི་བཙན་འཛུལ་དམག་དཔུང་ལ་རིན་ཐང་གཞལ་དུ་མེད་པའི་རོགས་རམ་བྱེད་མཁན་གྱི་བོད་མི་དམར་ཤོག་པ་ཞིག་སྟེ། ཕྱིས་སུ་༧རྒྱལ་བ་རིན་པོ་ཆེ་ལ་མར་ཁེ་སི་དང་ལེ་ཉིན་རིང་ལུགས་སློབ་པའི་དགེ་རྒན་དུ་གྱུར་པ་དེའི་ལོ་རྒྱུས་རེད། ངས་ཆེད་རྩོམ་གཞན་ཞིག་གི་ནང་དུ་དེབ་འདི་ལ་བསྐྱར་ཞིབ་རིང་པོ་ཞིག་བྲིས་ཡོད། དེས་ན་འདིར་ཡང་བསྐྱར་ཟབ་བཤད་བྱེད་རྒྱུ་མིན། རང་གིས་རྒྱ་ནག་དང་གུང་ཁྲན་ཏང་ལ་ཞབས་འདེགས་སྒྲུབ་པའི་ཡོན་དུ་ཁོང་ལ་ལོ་ངོ་བཅུ་ཕྲག་གཉིས་རིང་ཁེར་འདུག་གི་བཙོན་འཇུག་ལེགས་སྐྱེས་སྤྲད་པ་དེའི་མཇུག་ཏུ་ཁོས་ངོ་མ་བཤད་ན་སྐད་ཆ་ཇི་ལྟར་བཤད་ཚུལ་ཡང་བརྗེད་པ་རེད། རང་གི་ “བློ་མཐུན་” དག་གིས་འཐབ་རྩོད་བྱས་པའི་རྗེས་དེར་ཁོའི་ཆུང་མས་རང་སྲོག་བཅད་པ་རེད་ལ། ཁོང་གཉིས་ཀྱི་བུ་གུ་རྣམས་ཁྱི་བཞིན་རང་ཁ་རང་གསོ་བྱེད་དགོས་བྱུང་བ་རེད། ཁོའི་མི་ཚེའི་ལོ་རྒྱུས་ཀྱི་ནང་། རང་གི་ཁྲིམས་ཆད་དེ་ཚོ་ལ་མ་ལྟོས་པར་ཕུན་ཚོགས་དབང་རྒྱལ་གྱིས་དུས་ད་ལྟའི་བར་དུ་མའོ་ཙེ་ཏུང་དང་ཀྲུའུ་ཨེན་ལ་ཡིད་ཆེས་བརླག་མེད་པ་དེ་གསལ་པོ་བཟོས་འདུག ཡང་ཐ་ན་སི་ཏཱ་ལེན་རང་ཉིད་ཀྱིས་ཀྱང་མི་རིགས་རང་སྐྱོང་གི་སྲིད་བྱུས་ནི་གྲངས་ཉུང་མི་རིགས་རྣམས་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ནང་ཞུགས་རྒྱུའི་ཆེད་དུ་དམིགས་པ་ཡིན་ཞེས་བཤད་ཟིན་པ་དང་། ཐ་ན་བོད་ནི་ད་ལྟའི་ཆར་རྒྱ་ནག་གི་ས་ཆ་གཞན་དང་བསྡུར་ན་པེ་ཅིན་གྱིས་ཐད་ཀར་དབང་བསྒྱུར་དང་གཉའ་གནོན་མང་བ་བྱེད་ན་ཡང་། ད་དུང་ཁོ་ནི་མཱ་ཁེ་སི་རིང་ལུགས་ཀྱི་མི་རིགས་རང་སྐྱོང་གི་སྲིད་བྱུས་ལ་ཡང་ཡིད་ཆེས་བརླག་མི་འདུག ཕུན་ཚོགས་དབང་རྒྱལ་གྱི་སྣ་རྐྱང་གི་རང་བཞིན་དེ་ནི་རང་ཚོད་མ་ཟིན་པ་ཙམ་ཞིག་ཡིན་ནམ། ཡང་ན་དེབ་ཀྱི་དཔེ་མཚོན་འགའ་ཞིག་གི་ནང་གསལ་བ་བཞིན་ཆེད་མངགས་དང་ང་རྒྱལ་མཐོ་བ་གཉིས་ཀྱི་གྲུབ་འབྲས་ཤིག་རེད་བཤད་དཀའ་བ་འདུག ལོ་ངོ་འགའི་སྔོན་ལ་ཁོས་དེབ་མཐུག་པོ་ཞིག་བྲིས་པ་༼པེ་ཅིན་ནས་གཞུང་འབྲེལ་གྱིས་པར་བཏབ་ཅིང་ཨ་རིའི་ནང་ རྒྱལ་སྤྱིའི་བོད་དོན་སྐད་འབོད་ལས་ཁུངས་ཀྱིས་འགྲེམས་སྤེལ་བྱས།༽དེའི་ནང་ཁོས་ མཱར་ཁེ་སི་རིང་ལུགས་པའི་མཚན་ཉིད་རིག་པའི་ཐབས་ལམ་ཁོ་ན་སྤྱད་ནས་རྩོད་གླེང་བྲལ་བའི་དཔང་རྟགས་རྙེད་སོན་བྱུང་བ་དེས་ཟླ་བའི་སྟེང་གཤེར་ཁུའི་ཆུ་ཡོད་པར་བརྗོད་པ་རེད། གྷོལ་ཌི་སི་ཐེན་གྱིས་ཕུན་ཚོགས་དབང་རྒྱལ་ལ་སྤུན་ཉེ་ལྟ་བུའི་བསམ་ཚུལ་ཞིག་བཟུང་ཡོད་པ་རེད། དེབ་ཀྱི་མགོ་སྔ་གང་སར་ཁོང་ལ་གཅེས་མིང་ཕུན་དབང་ཞེས་བྲིས་ཡོད་པ་རེད།
གྷོལ་ཌི་སི་ཐེན་གྱིས་མི་འདི་གཉིས་ནི་བསྔགས་འོས་ཤིག་ཏུ་མཐོང་ཡོད་པ་ནི་གསལ་པོ་རེད། དེབ་གཉིས་ཀའི་རྗོད་པའི་གདངས་དེ་ཚོ་ནི་རྟོགས་པ་བརྗོད་པ་ཞིག་མིན་པའི་དབང་དུ་བཏང་ཡང་བསྟོད་བསྔགས་བྱེད་པ་ཞིག་རེད་འདུག བོད་མི་འདི་གཉིས་ཀྱི་ཁྱད་དུ་འཕགས་པའི་ཁྱད་ཆོས་དང་། ཕལ་ཆེར་གྷོལ་ཌི་སི་ཐེན་གྱིས་ཁོང་ཚོའི་ལོ་རྒྱུས་འདི་དག་ནུབ་ཕྱོགས་སུ་ཐོག་མར་པར་འདེབས་པ་ལས་ཀ་བྱེད་པའི་རྒྱུ་མཚན་ནི་ཁོང་ཚོས་རྒྱ་དམར་གྱིས་བོད་བཙན་འཛུལ་བྱས་པའི་རྩ་དོན་འདི་ལ་ཞབས་འདེགས་ཞུས་པ་དེ་རེད། ཕུན་ཚོགས་དབང་རྒྱལ་གྱི་ཞབས་འདེགས་ལ་མཚོན་ན་རང་མོས་ཤིག་རེད་ལ་རྒྱ་ནག་གུང་ཁྲན་ལ་ཚད་ལས་འདས་པའི་ཕན་ཐོགས་བྱུང་ཡོད་པ་ཞིག་རེད། བཀྲ་ཤིས་ཚེ་རིང་གིས་དྲིལ་བསྒྲགས་ལས་མང་ཙམ་གྱི་ཞབས་འདེགས་ཤིག་སྤྲད་པ་རེད། ཡིན་ན་ཡང་། དེ་ནི་ཡིད་སྐྱོ་བའི་རང་མགོ་རང་གིས་རང་བསླུ་བྱས་པ་ཞིག་དང་ལྷག་བསམ་རྣམ་དག་གསལ་པོ་ཞིག་རེད།
ལུང་ཤར་གྱིས་བོད་འདི་རྒྱ་ནག་གིས་ཕམ་རྒྱུའི་རོགས་རམ་ལ་དམིགས་ནས་གང་ཡང་བྱས་མེད་མོད། བོད་ཀྱི་དེང་རབས་དམག་དཔུང་བཅོམ་རྒྱུའི་ཆེད་དུ་ཧ་ཅང་རྙིང་ཞེན་པའི་དབང་ཆའི་ཕྱོགས་ཁག་ལྷན་དུ་ལས་ཀ་བྱས་ཡོད་བརྟེན། མི་གཞན་སུ་དང་ཡང་མི་འདྲ་བར་ཏག་ཏག་དེ་བྱས་ཡོད་པ་རེད། ངའི་བསམ་ཚུལ་ལ་དེ་ནི་རྒྱ་དམར་གྱི་རྒྱལ་ཁ་ལ་ཕན་ཐོགས་བྱས་པ་དེ་རེད་ལ། འདི་ནི་གྷོལ་ཌི་སི་ཐེན་གྱིས་མ་བཤད་ཀྱང་གསལ་པོ་ཡིན་པའི་རྒྱུ་མཚན་ཏེ། ཅིའི་ཕྱིར་ལུང་ཤར་ནི་རང་གི་རྒྱལ་རབས་ཀྱི་མི་སྣ་གཙོ་བོ་ཆགས་པ་དེ་རེད། གྷོལ་ཌི་སི་ཐེན་གྱིས་ རྒྱལ་ཁབ་སྟོབས་ཆེན་ཞིག་གིས་སྟོབས་ཆུང་ཞིག་ལ་བཙན་འཛུལ་བྱས་པའི་གོ་དོན་གྱི་ནང་ནས་བོད་ལ་རྒྱ་མིས་དབང་བསྒྱུར་བྱས་པ་དེ་འགྲིག་པ་དང་ཕལ་ཆེར་འགྲིག་པ་རེད་ཅེས་མི་བརྗོད་ན་ཡང་། དེ་ནི་རྒྱལ་སྤྱིའི་སྤྱི་ཚོགས་རིང་ལུགས་ཀྱི་རྩ་དོན་སླད་དུ་རྒྱལ་ཁ་ཞིག་ཡིན་པའི་ཚུལ་གྱིས་ ལྟ་གྲུབ་ཀྱི་རྨང་གཞི་ཆེ་ཙམ་གྱི་ཐོག་ནས་དེ་ལྟར་བརྗོད་པ་རེད།
ལུང་ཤར་ནི་དམར་ཤོག་པ་ཞིག་མ་རེད། ཡིན་ན་ཡང་ཁོང་ནི་བོད་གཞུང་གིས་བྷོལ་ཤེ་ཝིག་ ༼Bolshevik༽གི་རྗེས་འབྲངས་པ་ཞིག་ཡིན་པའི་ཉེས་འགེལ་བྱས་པའི་བོད་མི་གཅིག་པུ་དེ་རེད་ལ། དེ་ལ་བསྙད་ནས་ཉེས་ཆད་བཅད་པ་རེད། འདི་དང་དེ་བཞིན་ཁོས་རང་གི་ཉེད་ཆད་དུ་སྡུག་བསྔལ་འཇིགས་ཡེར་བ་མྱངས་པ་དེ་ནི་ཕལ་ཆེར་བོད་མི་གཡོན་ཕྱོགས་པའི་མི་མང་པོའི་མིག་ཏུ་ཁོང་ནི་དཔའ་བོ་ཞིག་ཏུ་བསྒྱུར་བ་གང་ཡིན་པ་དེ་རེད། རྒྱལ་སྤྱིའི་ཁོར་ཡུག་ཏུ་དེ་ལས་ཀྱང་མང་བའི་ཐོག་ནས་ལུང་ཤར་ནི་དམར་ཤོག་གི་དཔའ་བོ་ཞིག་ཡིན་པའི་རྣམ་པ་དེ་ཡང་ཡང་ཕྱིར་ཐོན་ཡོང་གི་ཡོད་རེད། དཔེར་ན། དྲ་རྒྱའི་ཐོག་གི་དྲ་ཤོག་ RevolutionaryLeft.com ཟེར་བ་སྟེ་འཛམ་གླིང་སྟེང་གི་རླབས་ཆེ་བའི་གཡོན་ཕྱོགས་ཀྱི་གླེང་སྟེགས་ཆེ་ཤོས་དེ་ཡིན་ཟེར་བའི་མའོ་རིང་ལུགས་པའི་གླེང་སྟེགས་དེར། ངས་ལུང་ཤར་གྱི་སྐོར་ལ་སྐད་ཆ་བཤད་རེས་བྱས་པ་མཐོང་ནས་ཡ་མཚན་སྐྱེས་བྱུང་ལ། དེ་འདིར་ངས་བཅོས་སྒྲིག་མ་བྱས་པར་བསྐྱར་འགོད་བྱས་པ་འདི་ལྟར།
“སྐུ་དྲག་གི་བྲན་གཡོག་རྣམས་ལ་ནི་རང་གི་བདག་པོ་སྟེ་སྐུ་དྲག་དང་དགོན་པ་དག་གིས་ཉེས་ཆད་གཏོང་གི་རེད། མིང་ལ་ལུང་ཤར་ཟེར་བའི་གཞུང་གི་ལས་བྱེད་ཅིག་སྟེ། བཅོས་སྒྱུར་བ་དཀྱུས་མ་ཞིག་ལ་ ༡༩༣༠ སོ་གྲངས་ནང་དམར་ཤོག་གི་གསར་བརྗེའི་མགོ་འཁྲིད་བྱེད་ཐབས་བྱས་པའི་ནག་ཉེས་བཀལ་ཏེ་ ངས་ཏག་ཏག་ཅིག་དྲན་གི་ཡོད་ན། … ཁོའི་མགོ་ལ་མདུད་པ་བརྒྱབ་པའི་ཐག་པས་བཙིར་ནས་མིག་བཏོན་པ་རེད། ཕྱིས་སུ་ཁོ་བཙོན་ནས་ཤི་བ་རེད།
Spartafc: མའོ་ཡི་ཆེད་དུ་གནམ་ལ་ཐུགས་རྗེ་ཆེ་ཞུ། བོད་དུ་མུ་མཐུད་ནས་བཙན་འཛུལ་བྱས་པ་དེའི་ཆེད་དུ་གནམ་ལ་ཐུགས་རྗེ་ཆེ་ཞུ།”
རྒྱལ་རབས་པའི་ཀུན་སློང་།
ཌཱ་ཆི་ཡུལ་གྱི་རྒྱལ་རབས་པ་པཱེ་ཊཱར་ གཱ་ཡེལ་༼ Pieter Geyl ༽གྱིས་ཁོའི་དེབ་གྲགས་ཅན་ ནཱེ་པོ་ལི་ཨོན་འཐད་དང་མི་འཐད།༼ Napoleon For and Against ༽ཞེས་པའི་ནང་། རྒྱལ་རབས་པ་རྣམས་ཀྱིས་ཐ་ན་འདས་པའི་ལོ་རྒྱུས་འབྲི་གི་ཡོད་ན་ཡང་ད་ལྟའི་གནས་སྟངས་ཀྱིས་ཤུགས་རྐྱེན་ཐེབས་ཚུལ་གྱི་རྣམ་པ་ཧ་ལས་པ་ཞིག་བསྟན་ཡོང་གི་འདུག གཱ་ཡེལ་གྱིས། ནཱེ་པོ་ལི་ཨོན་གྱི་ཐད་ནས་དུས་རབས་བཅུ་དགུ་བའི་ཧྥ་རཱན་སིའི་རྒྱལ་རབས་པ་རྣམས་ཀྱི་རྗེས་བྱུང་གི་དབྱེ་ཞིབ་དེ་ཚོའི་ཐོག་ཇི་ལྟར་བརྒྱ་ཕྲག་དེའི་དུས་ཡུན་རིང་ཧྥ་རཱན་སིའི་ཆབ་སྲིད་ཀྱི་མི་ཚེ་དང་བསམ་བློའི་འགལ་ཟླ་དང་འགྱུར་འགྲོས་ཀྱི་རིམ་པ་ཞིག་མངོན་ཡོང་བ་དེ་བཤད་ཡོད། “མི་གཞན་དང་འདྲ་བར་རྒྱལ་རབས་པ་ཚོའི་བསམ་བློ་ནི་དུས་ཚོད་དང་ས་ཆའི་ཁོར་ཡུག་གིས་བཟོ་དབྱིབས་བཏོན་ཡོད།” ཅེས་བྲིས་འདུག
ངའི་བསམ་ཚུལ་ལ། “ད་ལྟའི་གནས་སྟངས་”ཀྱིས་བོད་ཀྱི་རྒྱལ་རབས་ཀྱི་སྒྲོམ་གཞི་བཟོ་བའི་ནང་གྷོལ་ཌི་སི་ཐེན་ལ་ཤུགས་རྐྱེན་ཐེབས་པ་དེ་རིམ་པ་གཉིས་ཀྱི་ནང་ནས་མཐོང་ཆོག་པ་ཞིག་རེད། དང་པོ་ནི་ཏན་ཏན་མའོ་དང་རིག་གནས་གསར་བརྗེའི་དུས་སྐབས་འདི་ཡིན་ཏེ། སྐབས་དེར་གྷོལ་ཌི་སི་ཐེན་གྱིས་བོད་རིག་པའི་ཐོག་ལས་ཀ་བྱེད་མགོ་བཙུགས་ཡོད། དུས་དེར་བོད་ནང་དུ་བོད་ཀྱི་རིག་གཞུང་དང་སྐད་ཡིག་གི་བེད་སྤྱོད་ཡོངས་སུ་རྫོགས་པ་རྩ་མེད་བྱས་ཡོད་ལ། གྷོལ་ཌི་སི་ཐེན་གྱིས་ ༡༩༧༣ ལོར་པར་སྐྲུན་བྱས་པའི་སྐད་ཡིག་གི་དེབ་ཅིག་གི་གླེང་བརྗོད་དུ་འདི་ལྟར། “ཉེ་ཆར་གྱི་བོད་ནང་གི་ཆབ་སྲིད་གནད་དོན་དག་གིས་བོད་ཀྱི་སྐད་ཡིག་ནང་གསར་བརྗེ་ངོ་མ་ཞིག་ཐོན་པར་བྱས་ཡོད།”ཅེས་བྲིས་འདུག “ཉེ་ཆར་གྱི་ཆབ་སྲིད་གནད་དོན་དག་”ཟེར་བ་དེ་ནི་དགེ་རྒན་གྷོལ་ཌི་སི་ཐེན་གྱིས་ཧ་ལམ་རིག་གནས་གསར་བརྗེའི་སྐོར་བརྗོད་ཀྱིན་ཡོད་ལ། དེ་ནི་ ༡༩༦༦ ལོར་མགོ་བཙུགས་ནས་ ༡༩༧༦ ལོར་གཞུང་འབྲེལ་ཐོག་ནས་མཇུག་སྒྲིལ་བ་རེད།
རིམ་པ་གཉིས་པ་དེ་ནི་ཏིན་ཞའོ་ཕིན་གྱིས་མགོ་བཙུགས་པའི་གུ་ཡངས་ཀྱི་མཇུག་གི་དུས་སྐབས་དེ་ཡིན་ལ། སྐབས་དེར་གྷོལ་ཌི་སི་ཐེན་ནི་རང་གི་ཞིབ་འཇུག་སྣ་ཚོགས་པ་དེ་བྱེད་ཆེད་བོད་ལ་ཡོང་བཅུག་པ་རེད་ལ། ཐ་ན་དམར་པོའི་གཞུང་འཛིན་པ་དང་ལྷན་དུ་གཉིས་ཕན་གཉིས་མོས་ཀྱི་གྲོས་མཐུན་ལ་མོས་མཐུན་ཀྱང་བྱས་ཡོད་པ་རེད། ངོ་མ་བཤད་ན། གྷོལ་ཌི་སི་ཐེན་ནི་རྒྱ་ནག་དམར་ཤོག་མ་རྩ་རིང་ལུགས་པ་གསར་པའི་བློ་སྤོབས་ཀྱིས་ཡིད་བཀུག་ཡོད་ཅིང་། བོད་ཀྱི་གནད་དོན་ཐད་ཀྱི་གཞི་རྒྱ་ཆེ་བའི་ཆབ་སྲིད་ཀྱི་སྙན་ཐོ་ཞིག་ཏུ། ཁོ་རང་གིས་བོད་ཀྱི་གནད་དོན་ཆེད་དུ་རང་གི་ཐབས་ལམ་མཐའ་མ་དེ་བཏོན་པའི་ནང་། རྒྱ་ནག་གིས་བོད་ཀྱི་ཐོག་ཆབ་སྲིད་དང་དམག་དོན། དཔལ་འབྱོར་གྱི་དབང་བསྒྱུར་འཛིན་རྒྱུ་ཡིན་མོད། བོད་མི་ཚོ་ནི་ “རིག་གཞུང་སྲུང་སྐྱོབ་”ཀྱི་ནང་ཚུད་གནས་ཆོག་རྒྱུ་ཡིན་སྐོར་བརྗོད་ཡོད་པ་རེད། ༼༡༥༽
གྷོལ་ཌི་སི་ཐེན་གྱིས་ རང་གི་བོད་ཀྱི་དེང་རབས་ལོ་རྒྱུས་དེ་མཐའ་གཅིག་ཏུ་ཕྱོགས་ལྷུང་མེད་པ་ཞིག་ཡིན་པར་བརྗོད་ཡོད། གཤམ་གསལ་འདི་ནི་ཁོས་དེབ་དེའི་གླེང་བརྗོད་དུ་བྲིས་པ་དེ་རེད། “ད་ཡོད་ཀྱི་མིང་ཚིག་འདི་དག་གི་གོ་དོན་གང་ཡིན་གཞིར་བཟུང་གིས། དེབ་འདི་ནི་བོད་ཀྱི་ཕྱོགས་མིན་ལ་རྒྱ་ནག་གི་ཕྱོགས་ཀྱང་མིན། འདི་ནི་བཙན་བྱོལ་བོད་གཞུང་གི་༧རྒྱལ་བ་རིན་པོ་ཆེ་ལ་རོགས་པ་བྱེད་རྒྱུར་དམིགས་པ་ཞིག་མིན་ལ། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་རོགས་པ་བྱེད་རྒྱུར་དམིགས་པ་ཞིག་ཀྱང་མིན།” ཞེས་བྲིས་ཡོད། རྒྱ་ནག་གི་སྒྱུ་རྩལ་མཁས་པ་སཱེ་མོན་ ལེ་ཡེ་སི་(Simon Leys)ཡིས་ རོ་སེ་ ཊེ་རེལ་དང་རྒྱ་ནག་ལ་མཁས་པ་གཞན་གྱི་སྐོར་ལ་ཞིབ་འཇུག་བྱས་པའི་ནང་ཁོང་ཚོས་ཡང་ཡང་བསྒྲགས་པའི་ཕྱོགས་ལྷུང་མེད་པའི་སྐོར་ལ་འདི་ལྟར་བརྗོད་འདུག “མཁས་པ་ནི་ཚོར་བའི་འོག་ལྷུང་བ་ཞིག་མ་རེད། ཁོས་དུས་རྒྱུན་ནས་དངུལ་སྐར་ལ་ངོས་གཉིས་ཡོད་པ་དེ་དྲན་གྱི་ཡོད། ངའི་བསམ་ཚུལ་ལ། དཔེར་ན། གལ་སྲིད་ཁྱེད་རང་གིས་མཁས་པ་ཁོང་ལ་ཨ་ཤུ་ཝི་ཛི་༼ Auschwitz འདི་ནི་ནཱ་ཛི་འཇར་མན་པས་སྤྱད་པའི་བཙོན་རྭ་ཆེ་ཤོས་དེའི་ཞིག་མིང་ཡིན་པ་དང་ད་ལྟའི་པཱོ་ལཱན་རྒྱལ་ཁབ་ཀྱང་ཁོངས་སུ་ཡོད་སྐད། སྒྱུར་མཁན་གྱིས།༽ཞེས་པའི་བཙོན་ཁང་དུ་གདོང་ལེན་བྱེད་དགོས་བྱུང་ན་ཡང་། ཁོང་གིས་ད་དུང་ གལ་སྲིད་མི་གཅིག་གིས་རང་གི་ནཱ་ཛིའི་ཕྱོགས་གཏོགས་ཀྱི་ཚད་འཇལ་བྱད་དེ་སྤྱད་ནས་མི་གཞན་ལ་ཚད་འཇལ་བྱེད་པའི་ང་རྒྱལ་འཛིན་རྒྱུ་ཡོད་མ་རེད་ཅེས་བཤད་ཐུབ་དགོས་པ་རེད། འདི་ནི་མདོ་དོན་གཞན་དང་མི་འདྲ་བ་ཞིག་ཏན་ཏན་རེད།”༼༡༦༽ ཅེས་བྲིས་འདུག
ཧྥེ་སིའི་རིང་ལུགས་པ་ཨི་ཊ་ལི་ཡིས་ ཨི་ཐོ་པི་ཡ་ལ་བཙན་འཛུལ་བྱས་སྐབས་སུ་དབྱིན་ཇི་དང་ཧྥ་རན་སིའི་ཕྱི་སྲིད་བློན་ཆེན་ཚོར་འདི་འདྲའི་ཏག་ཏག་ཕྱོགས་རིས་བྲལ་བའི་བསམ་ཚུལ་བཟུང་བའི་དཔེ་མཚོན་ཞིག་ངས་སྔོན་ལ་བཤད་ཟིན་པ་ཡིན། ང་ཚོས་ང་ཚོ་རང་ཉིད་དམག་དོན་དང་བཙན་འཛུལ་ནི་དེ་ལས་ཀྱང་ཆེ་བའི་དགོས་དོན་ཞིག་གི་ཆེད་དུ་བྱུང་བ་ཞིག་ཡིན་པར་ཡིད་ཆེད་བྱེད་དུ་འགྲོ་སྐབས་དེ་འདྲའི་ “ཕྱོགས་ལྷུང་མེད་པའི་”བསམ་བློ་གཏོང་སྟངས་འཛིན་རྒྱུ་ལ་ཕན་ཐོགས་འདུག ༡༩༣༧ ལོར་ཉི་ཧོང་གིས་རྒྱ་ནག་ལ་ཕར་རྒོལ་བྱས་སྐབས། རྒྱ་ནག་ལ་ཤ་ཞེན་རྩ་ནས་མེད་པ་དེ་འདྲ་མིན་ན་ཡང་། ནུབ་ཕྱོགས་ཀྱི་མང་པོ་ཞིག་གིས་ཉི་ཧོང་ལ་དགའ་ཕྱོགས་ཀྱི་ལྟ་ཚུལ་བཟུང་བ་རེད། གཤམ་གསལ་འདི་ནི་ལཱོན་ཌོན་གྱི་དུས་བབ་ཏུ་འཁོད་པའི་ཧྲང་ཧེའི་ནང་སྡེབ་གསོད་བྱས་པའི་སྐོར་གྱི་རྩོམ་སྒྲིག་པའི་གཏམ་ཞིག་ནས་དྲངས་པ་ཡིན།
“རྒྱ་མིའི་མི་སེར་གྱི་ཁྲོད་ནས་དེ་འདྲའི་ཚེ་སྲོག་ཤོར་བ་བྱུང་ཡོད་པ་༼དེ་ཚོའི་མང་པོ་ཞིག་ནི་དམག་མི་ཆས་རྫུས་བྱས་པ་རྣམས་རེད།༽ནི་འགོག་ཏུ་མེད་པ་ཞིག་དང་ཡང་ན་འཕྲལ་རྐྱེན་གྱི་གནད་དོན་ཡིན་པ་རེད་ལ། ང་ཚོར་ངེས་ཤེས་ཐོབ་པ་ནི། འདི་ལ་ཉི་ཧོང་པ་རྣམས་ལས་ལྷག་པའི་འགྱོད་གདུང་བྱེད་མཁན་ཞིག་མི་འདུག” ཞེས་འཁོད་འདུག
སྐབས་དེ་ནི་མང་པོ་ཞིག་གིས་ཉི་ཧོང་གིས་ལྐོག་ཟ་རུལ་སུངས་དང་རྗེས་ལུས་ཅན་གྱི་རྒྱ་ནག་དེ་ཡར་ཐོན་དང་གོང་འཕེལ་དུ་འདེད་ཆེད་དམག་འཁྲུག་རྒྱག་གི་ཡོད་པར་བསམས་པ་རེད། ཧྥ་རཱན་སིས་ ཨ་ཇི་རི་ཡ་དང་རྒྱ་དཀར་ནག་གི་རང་གི་ཉམས་མྱོང་ཐོག་དྲངས་ནས་དམག་འཐབ་དེ་ལ་ ཡར་ཐོན་བྱེད་པའི་ལས་དོན་ ཞེས་འབོད་ཐུབ་པ་ཞིག་རེད།
གཅིག་བྱས་ན་གྷོལ་ཌི་སི་ཐེན་གྱིས་རང་གི་ཕྱོགས་ལྷུང་མེད་སྐོར་ཧ་ཅང་གསལ་པོར་བརྗོད་ཟིན་པའི་རྗེས་དེར། རང་ཉིད་ཀྱིས་རང་ཉིད་ལ་སྐྱོན་བརྗོད་ཡོང་བ་ཞིག་བཟོ་གི་འདུག་བསམས་ནས། གླེང་བརྗོད་ནང་ཐིག་ཤར་ཁ་ཤས་ཀྱི་མཇུག་ཏུ་དོན་ཅུང་ཟད་བསྒྱུར་བའི་ཚིག་འདི་དག་སྣོན་པ་བརྒྱབ་ཡོད་པ་རེད། འདིའི་ཚིག་ཉུང་ངུ་དང་གཟབ་ནན་གྱིས་བཤད་པའི་ཕྱོགས་ལྷུང་མེད་པ་དེ་ལ་མ་ལྟོས་པར། འདི་ནི་གཅིག་བྱས་ན་གཞན་སར་རང་འཇོག་གི་ཤ་ཞེན་གྱི་བསམ་ཚུལ་ཞིག་ཏུ་ངོས་འཛིན་བྱས་ཆོག་པ་རེད། “དེང་རབས་ཀྱི་དུས་ཚོད་ནང་བོད་མི་དང་རྒྱ་མི་གཉིས་ཀའི་ཐོག་ནས་དཀའ་སྡུག་མྱངས་པ་དེ་ལ་གདུང་སེམས་མཉམ་བསྐྱེད་མི་བྱེད་རྒྱུ་ནི་དཀའ་ལས་ཁག་པོ་ཞིག་རེད།”ཅེས་བྲིས་འདུག
ནཱ་ཛི་འོག་ནས་འཇར་མན་པ་ས་ཡ་མང་པོས་སྡུག་བསྔལ་མྱངས་ཡོད་པ་རེད་ལ། མང་པོ་ཞིག་ནི་ལྟ་རྟོག་ཁང་དག་ཏུ་ཤི་སྐྱོན་བྱུང་ཡོད་པ་རེད། ཡིན་ན་ཡང་ང་ཚོས་འཇིའུ་མི་རིགས་བསད་པའི་སྡེབ་གསོད་ཆེན་མོ་དང་ཡུ་རོབ་ཀྱི་འཇིའུ་མི་རིགས་ཀྱི་གོད་ཆག་ཆེན་མོ་དེ་གླེང་སྐབས། ང་ཚོས་ཕྱོགས་ལྷུང་མེད་པ་དེ་ཇི་བཞིན་སྟོན་ཆེད་དུ་འཇར་མཱན་པས་ཀྱང་སྡུག་བསྔལ་མྱངས་སྐོར་བརྗོད་པའི་ཆ་སྙོམ་གྱི་སྐད་ཆ་ཞིག་བཤད་དགོས་པ་ཡོད་མ་རེད། ཌེ་ནེ་ཡེལ་ ཇོ་ནཱ་ གྷོལ་ཌཱ་གེན་༼ Daniel Jonah Goldhagen༽གྱི་རྩོད་གླེང་བྱུང་མོད་རྒྱུགས་ཆེ་བ་བྱུང་བའི་དེབ་ ཧི་ཊི་ལཱར་གྱི་བསམ་བཞིན་དམར་གསོད་བྱེད་མཁན་དག་ ཅེས་པ་དེས་འཇར་མན་མི་དམངས་ལ་ནི་རང་གི་མ་རུངས་གདུག་རྩུབ་ཀྱི་དབང་བསྒྱུར་མཁན་ཏེ་ཇིའུ་མི་རིགས་ལ་ཡ་ང་མེད་པའི་ནག་ཉེས་བྱེད་མཁན་དེས་དབང་བསྒྱུར་བྱས་པའི་ལས་ངན་པ་བྱུང་སྟབས། ཁོང་ཚོ་ནི་བསྙོན་འཛུགས་བྱེད་མི་འོས་པའི་ཉེས་པ་ཕོག་མཁན་ཏུ་གྱུར་ཡོད་ཅེས་པའི་ལྟ་ཚུལ་དེ་ནི་རྫུན་མ་ཞིག་ཡིན་པར་བསྟན་ཡོད་པ་རེད། གྷོལ་ཌི་སི་ཐེན་གྱིས་ སྤྱི་ཚོགས་གང་ཞིག་གི་ནང་གི་སྤྱི་ཚོགས་དང་མི་སྒེར་པ་ཚོས་ཇིའུ་མི་རིགས་ཀྱི་ཐོག་ལ་མི་རབས་མང་པོའི་རིང་དེ་འདྲའི་དགག་ཕྱོགས་ཀྱི་མ་རུངས་སེམས་ངན་གྱི་རྣམ་འགྱུར་སྐྱེད་སྲིང་བྱས་ཡོད་པ་དེས་ མི་གསོད་ཁྲག་སྦྱོར་ཆེན་མོ་དེ་ནི་ བཙན་དཔོན་ཞིག་གམ་ཆབ་སྲིད་ཚོགས་པ་ཞིག་གིས་རྐང་བཙུགས་ནས་བྱས་པའི་ངན་སྤྱོད་ཅིག་ལས་ བྱ་བ་དེ་འདྲའི་འཕེལ་རིམ་གྱི་མཐའ་མ་ཞིག་ཡིན་པའི་གནས་སྟངས་བསྟན་ཡོད། བོད་མི་རྣམས་ནི་རྗེས་ལུས་ཀླ་ཀློ་དང་བྲན་གཡོག་གི་བདག་པོ་ཞིག་ཡིན་པའི་རྒྱ་མིའི་ལྟ་སྟངས་ནོར་བ་དེ་ཚོ་ནི་ཧ་ཅང་མི་འདྲ་བ་ཞིག་ཏན་ཏན་ཡིན་པ་རེད། ཡིན་ན་ཡང་། ཧ་ལམ་འཇར་མན་རྒྱལ་ཁབ་ཏུ་འཇིའུ་མི་རིགས་ལ་ལྟ་སྟངས་སྡུག་ཇག་ཡོད་པ་དེ་ཙམ་ཞིག་རྒྱ་ནག་གི་སྤྱི་ཚོགས་སུ་ཡང་ཁྱབ་ཡོད་པ་རེད། མི་རིགས་དབྱེ་འབྱེད་ཀྱི་འགྲེལ་བརྗོད་དག་ནི་ད་ལྟའི་ཆ་ལ་ཡང་རྒྱ་ནག་གཞུང་དང་མཁས་པ། སློབ་མ་༼མཐའ་ན་ཕྱི་རྒྱལ་དུ་ཡང་༽ཚོས་འོས་ཤིང་འཚམས་པའི་རྒྱུ་མཚན་གཙོ་བོ་རུ་བཟུང་ནས། རྒྱུན་ལྡན་རྒྱ་མིས་འཐུས་ཤོར་མེད་པའི་ཐོག་ནས་བོད་ཀྱི་དབང་བསྒྱུར་དེ་ཁྲིམས་མཐུན་ཡིན་པའི་སྒྲུབ་བྱེད་དུ་སྤྱོད་པ་དང་བོད་མི་ཚོ་ཕམ་པའི་གནད་དོན་དེ་རེད།
དབྱིན་ཇིའི་རྒྱལ་རབས་པ་མའེ་ཀེལ་ སི་ཏན་ཧྥོར་ཌི་༼ Michael Stanford ༽ཡིས་ རྒྱལ་རབས་ཤེས་བྱའི་རང་བཞིན་ ཞེས་པའི་དེབ་ཏུ། གལ་སྲིད་རྒྱལ་རབས་པ་ཚོས་ཡ་རབས་ཀྱི་བརྗོད་གཞི་རྣམས་གཡུགས་ནས་ “ཕྱོགས་རིས་མེད་པ་”འམ་ཡ་རབས་ལ་ལྟོས་མེད་ཀྱི་རྒྱལ་རབས་ཤིག་བྲིས་ཚེ། “རྒྱལ་རབས་པའི་ཀུན་སློང་ཡག་ཤོས་དེའི་མཇུག་འབྲས་སུ་ཁོང་ཚོས་འདོད་བབས་མི་བྱེད་པའི་དོན་དག་སྟེ། མིང་ནས་བོས་ན། རྒྱལ་རབས་པའི་ཁྲོད་ཀྱི་ཡ་རབས་ལ་མི་ལྟ་བའི་རྣམ་འགྱུར་ནས་རང་གི་ཀློག་མཁན་ཚོའི་ཁྲོད་ཀྱི་རྣམ་འགྱུར་སྟེ་ ཐོག་མར་ཡ་རབས་དང་། དེ་ནས་ ཕལ་ཆེར་མ་རབས་བར་དུ་ཟགས་རྒྱུ་ཡིན་པ་དེ་རེད་”ཅེས་ཉེན་བརྡ་བཏང་འདུག ༼༡༧༽
ཡིན་ན་ཡང་། སི་ཏན་ཧྥོར་ཌི་ཡིས་བྲིས་པའི་ཡ་རབས་མེད་པའི་ལངས་ཕྱོགས་དེ་ཚོའི་ནང་དུ་ཐག་གཅོད་ཀྱི་ཞན་ཆའམ་ཡང་ན་བསམ་བཞིན་མིན་པའི་ “མར་འགྲིབ་”ཅིག་ལས་བརྒལ་ཏེ། ད་ལྟའི་རྒྱ་ནག་༼དང་བོད་༽ཀྱི་ཐོག་བྲིས་པའི་ “ཕྱོགས་ལྷུང་མེད་པའི་”རྩོམ་ཡིག་དེ་ཚོའི་མང་ཆེ་བའི་ནང་སྒེར་དོན་སྒྲུབ་པ་དང་བསམ་བཞིན་དུ་བྱས་པའི་དོན་དངོས་ཡོད་སྲིད་པ་རེད། གནད་དོན་འདིའི་ཐད་ལ་རྒྱ་ནག་གི་རྩོམ་རིག་སྐོར་ལ་ཨ་རིའི་མཁས་པ་གྲགས་ཅན་ཧོང་ཀོང་སློབ་གྲྭ་ཆེན་མོའི་པཱེ་རེ་ ལིན་ཁི་༼༡༨༽ དང་། ཁཱར་སེ་ཏེན་ ཨེ་ ཧོལ་ཛི་ ༼༡༩༽ཡིས་བྲིས་པའི་རྩོམ་ཡིག་རྣམས་ངས་ལན་གཅིག་མིན་པར་ཡང་ཡང་བཤད་ཡོད། ཉེ་ཆར་ཡང་ང་ཚོ་ཇི་ལྟར་པེ་ཅིན་གྱིས་ནུབ་ཕྱོགས་པའི་མཁས་པ་ཚོས་རང་རང་སོ་སོ་ལ་སོ་རྟོག་བྱེད་འཇུག་རྒྱུར་ནུས་པ་ཐོན་པའི་ཐོག་ནས་བཀོད་སྒྲིག་བྱས་པའི་སྐོར་གྱི་ པཱའུལ་ མོའོ་ནེ་ཡི་སྙན་ཐོ་༼༢༠༽དེ་བྱུང་བ་རེད།
རྒྱ་ནག་གིས་གྷོལ་ཌི་སི་ཐེན་ནི་རང་གི་ཕྱོགས་ཀྱི་བོད་རིག་པའི་མཁས་པ་གཙོ་བོ་དེ་ཡིན་པར་བརྩི་བཞིན་ཡོད་ཚོད་འདུག གལ་སྲིད་མི་གཅིག་གིས་བོད་ཀྱི་སྐོར་ལ་བཏོན་པའི་རྒྱ་ནག་གཞུང་གི་རྒྱབ་ཤ་དཀར་པོའི་དེབ་དེ་བཙལ་ནས། “བོད་དེང་རབས་ཅན་དུ་བསྒྱུར་བའི་འགོག་མེད་ཀྱི་ལོ་རྒྱུས།” ཞེས་པ་ལ་བལྟས་པ་ཡིན་ན། ཁོང་ཚོས་བགྲངས་པའི་ཁུངས་ཐོག་མ་དང་ལྟེ་བ་དེ་ནི་གྷོལ་ཌི་སི་ཐེན་གྱི་རྒྱལ་རབས་རེད།༼༢༠༽ གྷོལ་ཌི་སི་ཐེན་ནི་ ཧཱན་ སུ་ཡཱིན་དང་ ཨི་སི་རེལ་ ཨེབ་སི་ཏེན། ཊཱོམ་ གི་རེན་ཕིལ་ཌི་ལྟ་བུའི་རྒྱ་ནག་གི་དྲིལ་བསྒྲགས་པ་དཀྱུས་མ་ཞིག་མ་རེད། ཁོའི་དམིགས་ཡུལ་ནི། རྒྱ་ནག་གི་དྲིལ་བསྒྲགས་རྣམས་མ་བཅོས་བསྐྱར་བཟླས་བྱ་རྒྱུ་མ་ཡིན་པར། བོད་ཀྱི་ལོ་རྒྱུས་དང་ད་ལྟའི་གནད་དོན་ནང་གི་གསལ་ཁ་མེད་པ་རྣམས་རིག་རྩལ་ལྡན་པའི་ཐོག་ནས་ཇེ་ཆེར་གཏོང་བ་དང་ཟུར་འཇོག་བྱས་ནས། གསལ་ཆ་རྣམས་རབ་རིབ་ཏུ་གཏོང་རྒྱུ་དེ་རེད། དེ་ཡང་དཀར་པོ་ནག་པོ་དང་བདེན་པ་རྫུན་མར་བསྒྱུར་ཅིང་། ཧཱ་རོལ་ཌི་ མེག་མཱི་ལན་གྱི་བཤད་སྲོལ་བྱས་ན། ཉེས་པ་ཕོག་མཁན་རྣམས་གསོད་མཁན་དུ་བསྒྱུར་རྒྱུ་དེ་རེད།
དེ་ནི་གཅིག་བྱས་ན་སྲིད་འཛིན་ཁི་ལིན་ཊོན་གྱིས་རྒྱ་ནག་གི་ཚོང་འབྲེལ་དང་འགྲོ་བ་མིའི་ཐོབ་ཐང་གཉིས་འབྲེལ་མེད་བཟོས་ནས་རྒྱ་ནག་འདི་འཛམ་གླིང་ཚོང་དོན་སྒྲིག་འཛུགས་ནང་ངོ་སྤྲོད་བྱས་པའི་སྐབས་དེར་ གྷོལ་ཌི་སི་ཐེན་ནི་ཝ་ཤིང་ཊོན་ཌི་སི་ཁུལ་དུ་གྲོས་ཚོགས་ཀྱི་ཉན་ཞིབ་སོགས་ཀྱི་ཆེད་དུ་ཧ་ཅང་དགོས་མཁོ་བྱུང་བའི་རྒྱུ་མཚན་དེ་རེད། ཊེལ་ལུ་རི་ཌེ་རི་བོའི་གློག་བརྙན་དུས་སྟོན་སྐབས་ཀྱི་བོད་དང་འབྲེལ་བའི་བགྲོ་གླེང་ཞིག་གི་སྟེང་དུ། མཉམ་འབྲེལ་རྒྱལ་ཚོགས་སུ་བཏང་བའི་ཁི་ལིན་ཊོན་གྱི་སྐུ་ཚབ་རཱི་ཆར་ཌི་ ཧོལ་བི་རོག་གཱི་༼ Richard Holbrooke ༽ ཞེས་པས་གྷོལ་ཌི་སི་ཏེན་ལ་བསྟོད་བསྔགས་ཆེན་པོ་བཏང་བ་དེ་ངས་གོ་བྱུང་། ཧོལ་བི་རོག་གཱི་ནི་གྷོལ་ཌི་སི་ཐེན་དང་ལྷན་དུ་བོད་ལ་བསྐྱོད་ཡོད་པ་དང་། ཁོའི་སྐད་ཆ་རྣམས་བོད་ཀྱི་ཐོག་ལ་མཐར་ཐུག་པའི་སྐད་ཆ་དེར་བརྩི་བ་ནི་གསལ་པོ་རེད།
གོ་བ་དེ་ལྟར་བླངས་པ་ཡིན་ན། གྷོལ་ཌི་སི་ཐེན་དང་ཁོའི་ཤེས་རིག་གི་ལས་ཀ་དེ་ཚོ་ནི་༼ཁོང་གིས་ཆེད་མངགས་བྱེད་བསམས་ཡོད་མེད་ལ་མ་ལྟོས་པར་༽ རྒྱ་ནག་དང་ཚོང་འབྲེལ་རང་དབང་ཡོང་རྒྱུ་ལ་བཟང་སྤྱོད་ཀྱི་ཆ་ནས་དང་། དེ་བཞིན་ཆབ་སྲིད་དང་ཤེས་རིག་གི་ཆ་ནས་དགག་བྱ་བྱེད་པ་དེ་ནུས་ཆུང་དུ་གཏོང་སླད་འདས་པའི་ལོ་ངོ་བཅུ་ཕྲག་འགའ་ཞིག་གི་རིང་ལ་འཛམ་གླིང་རང་བཞིན་གྱི་འབད་བརྩོན་ཆེན་པོ་ཞིག་བྱས་དེའི་ཆ་ཤས་སུ་མཐོང་སྲིད་པ་ཞིག་རེད། ཨེ་ཤ་ཡའི་རྒྱལ་རབས་ལ་བསྐྱར་ལྟ་བྱེད་པ་ནི་རིགས་ལམ་འདིའི་ནང་གི་གལ་ཆེའི་ཁྱད་ཆོས་ཤིག་སྟེ། རྒྱ་ནག་དང་ཨེ་ཤ་ཡ་དེ་གནའ་བོའི་དཔལ་ཡོན་དར་བའི་ཁུལ་ཡིན་པ་དེར་སྤྱི་ཚོགས་ཀྱི་མཐོ་དམའི་རིམ་པ་དང་གོ་རིམ། གོམས་གཤིས་དག་ལ་རིན་ཐང་ཡོད་ཅིང་། དེར་ནུབ་ཕྱོགས་པ་ཚོས་ནུབ་ཕྱོགས་པའི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ། རང་དབང་གི་རིན་ཐང་དེ་འཛིན་དགོས་པའི་ཨུ་ཚུགས་རྒྱག་རྒྱུ་ཡོད་མ་རེད་ཅེས་པའི་ནན་བཤད་བྱས་ཡོད།
ནོ་བྷེལ་གཟེངས་རྟགས་ཐོབ་མཁན་གྱི་དཔལ་འབྱོར་རིག་པ་བ་ ཨ་མྲི་ཏ་ཡ་ སིན་༼ Amartya Sen༽ གྱིས་ ཨེ་ཤ་ཡའི་རྒྱལ་རབས་དེ་ “བཙན་པོའི་དབང་ཤེད་ཅན་གྱི་རིན་ཐང་གི་དབྱེ་ཞིབ་ཆུང་གྲས་ཀྱི་རྣམ་གཞག་ཅིག་ཏུ་” སྟོན་ཐབས་བྱེད་པ་ནི་ “ཨེ་ཤ་ཡའི་རིག་པ་སྨྲ་བའི་སྲོལ་རྒྱུན་གྱི་བསམ་བློ་ཕྱུག་ཅིང་སྣ་ཚོགས་པ་དེ་དང་མཐུན་པོ་ཉུང་ཙམ་ལས་མེད་”ཅེས་ངོ་རྒོལ་ཤུགས་ཆེར་བྱས་འདུག ཁོང་གི་ ཡར་རྒྱས་ཇི་བཞིན་གྱི་རང་དབང་། ཞེས་པའི་ནང་། ཁོང་གིས་དེ་འདྲའི་ཞི་འགྲིག་རིང་ལུགས་པ་ནི་ཁྲེལ་དགོད་ཀྱི་ཉམས་དང་བཅས་ཟུར་དུ་གཡུགས་ཡོད་པ་རེད་ལ། འདི་ནི་ གྷོལ་ཌི་སི་ཐེན་གྱི་ བླ་མའི་རྒྱལ་ཁབ་ཤི་བ་ཞེས་པའི་དེབ་འདིའི་བསམ་བློ་གཞི་རྩ་དེར་མཇུག་སྡོམ་རྒྱག་རྒྱུ་ལ་འོས་ཤིང་འཚམ་པར་མཐོང་སྟེ།
“དྭོགས་པ་ཅན་གྱི་རྒྱལ་རབས་ཀྱིས་དྭོགས་པ་ཅན་གྱི་ཆབ་སྲིད་ལ་ཁུངས་སྐྱེལ་གང་ཡང་མི་བྱེད་པ་རེད།”ཅེས་བྲིས་པ་ལྟར་རེད།
མཆན་དང་ཁུངས།
[1] I am related to Rabga’s wife and have visited their home in Kalimpong on a number of occasions.
[2] Lin, Hsiao-Ting, Tibet and Nationalist China’s Frontier, Intrigues and Ethnopolitics 1928-49, UBC Press. Vancouver, 2006.
[3] Dawa Norbu, Red Star Over Tibet, Collins, London. 1974
[4] Thomas Laird, The Story of Tibet, Conversations with the Dalai Lama, Grove Press, New York, 2006.
[5] Ram Rahul, The Government and Politics of Tibet, Vikas Publications, New Delhi, 1969.
[6] D.N.Tsarong, In the Service of His Country, Snow Lion Publications, Ithaca NY, 2000
[7] F.M. Bailey, No Passport to Tibet, The Travel Book Club, London, 1957
[8] Mishra, Tirtha Prasad, The Taming of Tibet: A Historical Account of Compromise and Confrontation in Nepal-Tibet Relations (1900-1830), Nirala Publications, New Delhi,1991
[9] Lhalu, Tsewang Dorje “Recollections of My Father Dorje Tsegye Lungshar,” by Cultural and Historical Materials Office, Bod rang skyongs ljongs chab gros rig gnas lo sgyus rgyu cha zhib jug u yon lhan khang.
[10] This is the series Bod-kyi lo-rgyus rig-gnas dpyad-gzhi’i rgyu-cha bdams-bsgrigs, better rendered as Research materials for Tibetan History and Culture, or in some volumes as Cultural History. The series is not really comprised of interviews, but of memoirs written by members of the former upper classes. In addition, the series also has original historical documents that are useful for research in recent history. There was a small pamphlet published in Dharamsala in the 1980s in which one of the authors recounts the process by which his own memoir was put together. It clearly had a lot of government input.
[11] K. Dhondup, The Water-Bird and Other Years, A History of the 13th Dalai Lama and after, Rangwang Publishers, New Delhi, 1986.
[12] Luciano Petech, Government and Aristocracy of Tibet, Is.M.E.O, Roma, 1973.
[13] Rinchen Dolma Taring, Daughter of Tibet, John Murray, London, 1970.
[14] Warren Smith, Tibetan Nation, Westview Press, Boulder, Colorado, 1996,
[15] Goldstein, Melvin, “The Dragon and the Snowlion: The Tibetan Question in the 20th Century” (In CHINA BRIEFING, 1990, New York, the Asia Society, 1990. Reprinted in TIBETAN REVIEW, March 1991.
[16] Simon Leys, The Burning Forest, Paladin, U.K., 1988.
[17] Stanford Michael. The Nature of Historical Knowledge. Oxford: Basil Blackwell, 1986.
[18] Perry Link, “The Anaconda in the Chandelier”, The New York Review of Books, April 11, 2002.
[19] Carsten A. Holz, “Have China Scholars All Been Bought?” April 2007 Far Eastern Economic Review.
[20] Paul Mooney “Want access? Go easy on China” June 21, 2008, The National.
[21] http://www.china.org.cn/e-white/20011108/4.htm. Government White Papers. The Historical Inevitability of Tibet’s Modernization.
༼བསྒྱུར་མཁན་མཆན། དེང་རབས་བོད་ཀྱི་ལོ་རྒྱུས་འདི་གསལ་པོར་བཤད་རྒྱུ་དང་ཤེས་རྒྱུ་ནི་ཧ་ཅང་གལ་གནད་ཆེ་བ་སྨྲོས་མེད་ཐོག ཕྱི་རྒྱལ་མཁས་པས་བརྩམས་པའི་བོད་ཀྱི་ལོ་རྒྱུས་དག་ལ་བོད་ཀྱི་མཁས་པས་བསྐྱར་ཞིབ་དང་དཔྱད་ཞིབ་ཀྱིས་དག་སེལ་བྱེད་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཞིག་ཡིན་པ་ནི་སྨྲོས་མ་དགོས། འདིར་ཕྲན་གྱིས་མ་བསྐུལ་དྭང་བླངས་ཀྱིས་རྩོམ་པ་པོ་གྲགས་ཅན་འཇམ་དབྱངས་ནོར་བུ་ལགས་ཀྱི་དཔྱད་རྩོམ་འདི་བོད་ཡིག་ཏུ་ཕབ་བསྒྱུར་བྱས་པ་ཡིན་ལ། དེའི་དམིགས་ཡུལ་ཡང་རང་དང་སྐལ་མཉམ་ཚོས་འདི་དག་ལ་ཤེས་རྟོགས་ཐུབ་པའི་ཆེད་ཁོ་ན་ཡིན། རྩོམ་ཡིག་འདི་བསྒྱུར་སྐབས། དབྱིན་ཡིག་ཚིག་རྩལ་དང་དམིགས་བསལ་རྒྱལ་རབས་སོགས་ཆེད་ལས་ཀྱི་མིང་ཚིག་མང་བ་དེ་རིགས་ཕྲན་གྱིས་དབྱིན་ཡིག་ཚིག་མཛོད་ཁག་ལ་བསྟུན་ནས་འཕྲལ་བསྒྱུར་བྱས་ཡོད་ལ། གོ་དཀའ་བའི་རྗོད་པ་རྣམས་ལ་རྟགས་བཏབ་ནས། ཨིན་ཌི་ཡཱ་ན་མཐོ་སློབ་ཀྱི་དགེ་རྒན་ཆེན་མོ་ཨི་ལིའོ་ཊི་སྤེར་ལིང་ལགས་ལ་བཅར་གཏུགས་ཀྱིས་བཅོས་ཡོད། ད་དུང་གལ་ཆེའི་ཚིག་དོན་རྣམས་ཐད་ཀར་བསྒྱུར་མ་ཐུབ་པའམ། ཡང་ན་འགྱུར་ནོར་བ། དེ་བཞིན་ལོག་པར་བསྒྱུར་བ་སོགས་སྐྱོན་གྱི་རིགས་ཅི་མཆིས་རྣམས་མཁྱེན་ལྡན་ཀློག་པ་པོ་ཚོས་ཡོ་བསྲངས་ཡོང་བ་ཞུ་ཞིང་། དྭོགས་པ་མཆིས་རིགས་རྣམས་མ་ཡིག་དབྱིན་ཡིག་མ་ལ་བསྟུན་རོགས་ཞེས་ཞུ་བ་ཡིན། དགེ་འདུན་རབ་གསལ་གྱིས། ༢༠༠༨ ལོའི་ཟླ་ ༡༡ ཚེས་ ༡༨ ཉིན།༽
དགེ་འདུན་རབ་གསལ་ལགས།
ཁྱེད་རང་ནས་འདི་ལྟར་གལ་ཆེའི་ཡིག་ཆ་བོད་བསྒྱུར་གནང་བར་ཐུགས་རྗེ་ཆེ། ད་ལྟ་ངས་ཁྱེད་རང་གིས་བསྒྱུར་གནངས་པའི་༼སངས་རྒྱས་ཀྱི་དཔའ་རྟུལ་ཚོ༽ཀློག་གིན་ཡོད། དེར་ནི་ཐུགས་རྗེ་ཆེ་ཞུ་བ་ཙམ་གྱིས་ག་ལ་འགྲིག དེའི་ཡན་གྱི་ཚིག་ཅིག་ཡོད་ན་དེ་ཞུ་དགོས་པའི་ཚོད་དུ་འདུག དེ་རིང་འདིར་ངས་རེ་བ་ཞུ་རྒྱུ་ནི། དེབ་ཐེར་ནག་པོའི་སྐོར་ཚན་གཉིས་པ་འདིའི་མཇུག་ཀློག་འདོད་པ་དེ་ཡིན། མཚམས་འདི་བསྒྱུར་མཚམས་ཡིན་ནམ། ཡང་ན། ཁྱེད་རང་ནས་དྲ་ཤོག་ཏུ་འགོད་སྟངས་ཐད་ནས་ཅིག་མ་འགྲིག་པ་གང་ཡིན་ཆ་མི་འཚལ་ཀྱང༌། སྐོམ་པས་ཆུ་ལ་བཞིན་རེ་བ་བྱས་ནས་བསྡད་ཡོད།
ཨ་རོ་མྱི་ལྡང་། ཉིད་ཀྱིས་སངས་རྒྱས་ཀྱི་དཔའ་རྟུལ་ཚོ་ཞེས་པའི་དེབ་དེའི་དཀར་ཆག་ཅིག་འདིར་འགོད་མི་ཐུབ་བམ། ང་ནི་འདི་ག་ས་མཐའ་མགོ་གནམ་ལ་མི་རེག་རྐང་བ་ས་ལ་མི་ཐུག་ས་ཞིག་ཏུ་ལུས་སོང་བས། དེབ་དེ་ལག་པར་རེག་རྒྱུར་ཉུང་མཐའ་བྱས་ན་ལོ་གསུམ་དགོས་ཀྱི་འདུག་ལ། དེ་དུས་ལོ་ལོན་ནས་ཡིག་ངོ་ཆོད་མིན་ཡང་བཤད་དཀའ།
ྐླུ་སྨྱོན། དེབ་དེ་དབྱིན་ཡིག་གི་སྟེང་དུ་འདུག་
ཀླུ་སྨྱོན་ལགས།
དེབ་དེའི་ཁ་བྱང་ནི༼སངས་རྒྱས་ཀྱི་དཔའ་རྟུལ་ཚོ༽ཞེས་ད་ནངས་ཞུས་པ་དེ་རེད། དེ་ནི་ཨ་རིའི་གསང་བའི་ལས་ཁུངས་ཀྱིས་རྒྱབ་རྩ་བྱས་པའི་བོད་རང་བཙན་འཐབ་རྩོད་པ་རྣམས་དང༌། རྒྱ་ནག་གི་བཙན་འཛུལ། མཐར་བོད་ཤོར་བ་བཅས་ཀྱི་ལོ་རྒྱུས་ཤིག་རེད།
རྩོམ་པ་པོ་ནི་མའེ་ཀེལ་ཌཱ་ནཱམ་དང༌། དེབ་འདི་ཐོག་མར་དབྱིན་ཡིག་ནང་དཔར་འགྲེམས་ཀྱི་ལོ་ནི་ཕྱི་ལོ་ ༢༠༠༥ ལོ་རེད། ད་ལམ་ཕྱི་ལོ་ ༢༠༠༨ ལ་བོད་ཀྱི་སྐད་དུ་བསྒྱུར་གནང་མཁན་ནི་དགེ་འདུན་རབ་གསལ་ལགས་རེད། དགེ་རབ་ལགས་ཀྱིས་ཟ྄་ངོ་དྲུག་གི་རིང་དཀའ་སྤྱད་འབད་བརྩོན་གནང་བའི་གྲུབ་འབྲས་འདིས། ང་ཚོ་ལ་ཉེ་རབས་བོད་ཀྱི་ལོ་རྒྱུས་དང་གནས་སྟངས་མང་པོ་ཞིག་མི་བུབ་པའི་རྡོ་རིང་ལྟ་བུར་བསླངས། མ་གཞི་བྱས་ན། འདི་ནི་ཕྱི་གླིང་བ་ཞིག་གིས་དབྱིན་ཡིག་གིས་བྲིས་པའི་རྡོ་རིང་ཞིག་ཡིན་ནའང༌། བོད་ཀྱི་རྡོ་རིང་ཞིག་ཡིན་པ་དང༌། ད་ལམ་བོད་ཡིག་གི་རྡོ་རིང་ཞིག་ཏུ་བསླངས་ནས་འདུག་སྟབས། ད་ནི་བོད་མི་རེ་རེའི་སེམས་ནང་རྡོ་རིང་འདི་འཕོས་ནས་སྔོན་གྱི་དཔའ་རྟུལ་ཚོར་དྲན་གསོ་བྱེད་པར་ཡང་ཤིན་ཏུ་ནས་ཕན་ཆེ་བ་དང༌། ཡང་སྒོས། ད་ལྟ་ང་ཚོས་བོད་ཀྱི་གནས་སྟངས་ལ་གཞི་རྩའི་འགྱུར་བ་གཏོང་བའི་དུས་སྐབས་དའི་འདྲ་ཞིག་ལ་བོད་ཀྱི་སྐད་དུ་འགྱུར་བའི་ལོ་རྒྱུས་འདིས། ལོ་རྒྱུས་དང་གནས་སྟངས་ཀྱི་ཕྱོགས་ལ་གསལ་ཁ་མང་པོ་ཞིག་ཐོན་པར་འདུག་སྙམ་ན་དཔར་སྐྲུན་གྱི་དུས་ཚིགས་འདི་ཡང་དམིགས་བསལ་ཀྱི་དུས་ཚིགས་ཤིག་ཡིན་པར་བདག་འདོད།
ད་ནི་ཁྱེད་རང་ནས་ཤེས་འདོད་པའི་དེབ་འདིའི་དཀར་ཆག་གི་རིམ་པ་དཀྱུས་སུ་བཀོད་ན་འདི་ལྟར།
༡ གཟིག་ཕྲུག་རྣམས།
༢ ར་ཧུ་ལས་གཞུ་བཀང་བ།
༣ བཙན་ཤེད་ཀྱིས་གཉེན་སྡེབ་པ།
༤ ཉེན་ཁ་ཅན་གྱི་གཙང་པོ།
༥ ཁྲག་གི་ཁྲུས་དང་བྱང་ཆུབ་ཤིང༌།
༦ མགོན་པོ་བཀྲ་ཤིས་དང་ཨ་རིའི་གསང་བའི་ལས་ཁུངས།
༧ ནམ་མཁའ་ནས་བོད་མི་ཚོ།
༨ དུག་ཟ་མཁན་ཚོ།
༩ རེ་བ་གསར་པ་དང་འཇིགས་དངངས་གསར་པ།
༡༠ གྱེན་ལངས་མཐའ་མ།
༡༡ བོད་གང་དུ་ཡོད།
བཅས་རེད། འདི་ལྟར་དཀར་ཆག་ངོ་སྤྲོད་ཙམ་གྱིས་སྤྱི་ཁོག་སེམས་ངོར་འཆར་དཀའ་བ་སྟེ། དཔེར་ན། དམག་ཆེན་གཉིས་པའི་སྔོན་ལ། ཨ་རིའི་ཕྱི་སྲིད་ལས་ཁུངས་ནང་བོད་ལས་ཀྱང་དོ་སྣང་ཉུང་བའི་ལུང་པ་ཁ་ཤས་ཡོད། ཅེས་པའི་ཚིག་འདི་དང༌། ལྟ་ཚུལ་དེ་པིརླ་ཧར་བཱོར་གྱི་དམག་འཁྲུག་གིས་བརྗེས་པ་རེད། ཅེས་དང༌། ང་བོད་པ་ཡིན། ཁྱེད་ཚོ་བོད་པ་མ་རེད། ང་ཚོའི་ས་ཐོག་ལ་མ་ཡོང༌། ཅེས་པའི་ཚིག་དུམ་འདི་དག་ནི་ལེུའུ་དང་པོའི་ནང་གི་གནད་འགག་ཅན་གྱི་ཚིག་དུམ་གྱི་དཔེ་མཚོན་ཙམ་རེད། གཞན་ཡང༌། བོད་ཀྱི་སྔོན་མའི་གཟི་བརྗིད་དེ་ཚོ་བརྗོད་རྒྱུ་ནི་རྒྱ་ནག་གིས་གླེང་འདོད་མེད་ལ། དེ་དག་ནི་རྒྱ་ནག་གིས་འདོད་པའི་ལོ་རྒྱུས་དང་མི་མཐུན་ལ་ཀློག་དེབ་ཚང་མའི་ནང་ནས་ཕྱིར་འཐེན་བྱས་ཡོད་པ་རེད། ཅེས་དང༌། མི་སུ་ཡིན་ཡང་དོན་འདི་ལ་དགའ་རུང་མ་དགའ་རུང༌། ད་ནི་སྤྱན་རས་གཟིགས་ཀྱི་ཡང་སྤྲུལ་གྱི་དཔྲལ་བར་སྐར་མ་དམར་པོ་ཞིག་བཏགས་ཡོད་པ་རེད། ཅེས་པ་སོགས་ཀྱི་ཚིག་དག་གིས། བོད་ཀྱི་སྔོན་མའི་གནས་བབ་དང༌། རྒྱ་ནག་གིས་བཙན་འཛུལ་བྱས་པ་ལ་འགོག་རྒོལ་བྱས་རིམ་དང༌། རྒྱལ་ཕམ་རེས་མོས་སུ་བྱུང་སྟངས། བོད་ཀྱི་དྲག་པོའི་དམག་གི་སྐབས་དེའི་སྟོབས་རྩལ་དང་བཅས་པ་ཞིབ་རྒྱས་སུ་བཀོད་ནས་འདུག་པ་ནི་དེབ་འདིའི་རིན་ཐང་གི་ངོས་རེད། ཡང་གཅིག་བཤད་ན། དེབ་འདིའི་ནང༌། བོད་ཀྱི་གནའ་དེང་ལོ་རྒྱུས་དང་འབྲེལ་བ་ཡོད་པའི་དེབ་དང་ཡིག་ཆ་མང་པོ་ཞིག་གི་ཁུངས་སྣེ་གསལ་སྟོན་གནང་འདུག་སྟབས། བོད་ཀྱི་ལོ་རྒྱུས་ལ་ཉམས་ཞིབ་གནང་མཁན་དང་དོ་སྣང་གནང་མཁན་ཚོར་མཚོན་ན། དེ་ཙམ་ཡང་རིན་ཐང་ཆེ་བར་འདུག
དེ་ནས་བསྒྱུར་མཁན་གྱི་ཆ་ནས་བཤད་ན། ད་ལྟ་ང་ཚོས་བཙན་བྱོལ་སྤྱི་ཚོགས་ནང་གཞོན་སྐྱེས་མཁས་པར་བགྲངས་བཞིན་པ་བཅུ་ཕྲག་གཉིས་མ་ལོངས་ཙམ་ཡོད་པའི་གྲས་དགེ་འདུན་རབ་གསལ་ལགས་རེད། ཁོང་གིས་དེབ་འདིའི་ནང་རང་ཉིད་དང་དེབ་འདིའི་འགྱུར་གྱི་བར་དེ་ཤོག་ངོས་བཞི་བྲིས་འདུག་པའི་ནང༌། ཐོག་མའི་ཐོག་མར་འགྱུར་ཀྱི་སྐད་ལ་ཚད་གཞི་ལྟ་བུ་ཞིག་བཟུང་སྐོར་བཀོད་ཡོད་པ་དེ་ནང་བཞིན་རེད། གོ་བདེ་བ་དང་ཕལ་སྐད་ཀྱི་ངོ་བོར་དམིགས་པ་གཏད་ནས་མང་མང་གིས་གོ་བདེ་བའི་ལུགས་སུ་བསྒྱུར་ནས་འདུག་པ་ནི། དེ་རིང་ཁ་སང་གི་རྩོམ་པ་པོར་རློམ་པ་ཁག་ཅིག་གིས་ཀློག་མཁན་གྱི་ཁོར་ཡུག་ལ་བཙམ་བློ་ཡེ་མ་བཏང་ནས་ཚིག་ཁ་མཐོ་དམན་སྣ་ཚོགས་སུ་བྱེད་པ་དག་དང་བསྡུར་ཐབས་མེད་པར་འདུག་སྙམ་པའང་ཡང་ཡང་སེམས་ལ་འཆར་འོང་བ་ཞིག་འདུག
ངེད་རང་ནས་དེབ་འདི་མགོ་ནས་མཇུག་བར་ཞིབ་མོའི་ལུགས་ཀྱིས་ཚར་གཅིག་བཀླགས་པ་ཡིན། ངོ་མ་ད་ནངས་ཞུས་པ་དེ་ག་རང་ཡིན། ཐུགས་རྗེ་ཆེ་ཞེས་པའི་ཐ་སྙད་འདིའི་སྒང་ན་བེད་སྤྱོད་པའི་ཐ་སྙད་ཅིག་ཡོད་ན་ནི། དེ་དགེ་འདུན་རབ་གསལ་ལགས་སུ་ལྷད་མེད་ལྷག་བསམ་གྱིས་འབུལ་བར་སྤྲོའོ།
ཨོ་ཀླུ་སྨྱོན་ལགས། ད་ནི་ཅི་བྱ། ངའི་དེབ་དེ་ད་སོ་མར་རོགས་པ་ཞིག་གིས་གཡར་ཕྱིན་སོང༌། ས་འདི་ན་དེབ་ཉོ་མཁན་དཀོན་པོ་རེད་དེ། ཀློག་མཁན་མང་ཙམ་འདུག
འོ་ངས་ད་གིན་བཤད་རྒྱུ་ཞིག་བརྗེད་སོང་བ་འདིར་མཐུད་དེ་བྲིས་ན། འཇིགས་མེད་གླིང་པའི་གཏམ་ཚོགས་ལས་ཨ་རྱ་པ་ལོའི་གཏམ་སོགས་ཀྱི་རྩོམ་རྩལ་དང་ཡང་ཆ་འདྲ་སེར་བསྒྱུར་ནས་འདུག་པ་འདི་འདྲ་ནི། ལོ་རྒྱུས་འདི་བོད་བསྒྱུར་ཙམ་མ་རེད། བོད་ཀྱི་རྩོམ་རིག་ཡར་སྤེལ་གྱི་ལས་ལའང་མཚོན་ནའང་གཞོགས་འདེགས་ཤིག་ཏུ་གྱུར་ནས་འདུག ང་རྙིང་མ་ཞིག་ཡིན་པ་ཙམ་གྱིས་རྙིང་མའི་མཁས་པའི་རྩོམ་རྩལ་ལ་ཆ་འཇོག་ཁུངས་སྐྱེལ་བྱས་པ་མིན། འདི་ནི་ད་སྐབས་ལས་དོན་ཞིག་གི་རྐྱེན་པས་འཇིགས་མེད་གླིང་པའི་གསུང་འབུམ་ལས་གཏམ་ཚོགས་ཀྱི་སྐོར་ལ་ཞིབ་ཀྱིས་མཇལ་མུས་ཀྱི་སེམས་ཚོར་ཙམ་ཡིན།
མྱི་ལྡང་། གཏམ་ཚོགས་དེའི་ནང་གི་རི་དྭགས་ཀྱི་གཏམ་ངེས་འབྱུང་གི་ཕོ་ཉ་དེ་དངོས་གནས་སྙན་པོ་འདུག དེ་བཞིན་གང་ཡིན་མི་དྲན་ཡང་། འཇིག་རྟེན་འདི་ན་ནོར་བུའི་རིན་ཐང་ཙམ། །རྙེད་པ་མིན་པས་ཞོ་འཐུང་རུས་པའི་རྡུལ། །ཚངས་དང་དབང་པོའི་རྣ་རྒྱན་ལ་དཔྱངས་ཀྱང་། །མང་དུ་ཐོས་པའི་རྒྱན་ལ་སྒྲུན་མི་བུས། །ལྟ་བུའི་སྙན་མོ་རེ་ཡང་ཡོད་པ་བློ་ངོར་འདུག
དྲ་གྲོགས་ཚོས་ཐུགས་སྣང་གནང་བར་ཐུགས་རྗེ་ཆེ་ཞུ། སྐབས་བབ་ཀྱི་འགྱུར་འདིའི་ཐད་ངེད་ཀྱིས་དྲ་ཐོག་ཏུ་ལེགས་པར་བཀོད་མོད། ད་ནངས་ལྟ་དུས་མགོ་ཙམ་ལས་དྲ་ཐོག་ན་མེད་པ་ཤེས། ཡ་མཚན། ད་ནངས་ཡང་བསྐྱར་ཆ་ཚང་བ་དེ་བཀོད་ཡོད། ད་འདི་མུ་མཐུད་ནས་གནས་པར་སྨོན། ཐུགས་རྗེ་ཆེ།
དགེ་འདུན་རབ་གསལ་གྱིས།
རབ་གསལ་ལགས། ངས་དེབ་ནག་གི་ཆ་དང་པོ་བོད་ནང་གི་མཁས་པ་ཁ་ཤས་ལ་བསྐུར་བ་ཡིན། ཁོ་ཚོས་ཧ་ཅང་དགའ་བོ་བྱེད་ཀིན་འདུག ཆ་གཉིས་བ་ཡང་བསྐུར་ངེས་ཡིན། གཅིག་བྱས་ན་ཁོ་ཚོས་ཁྲོམ་ར་ནག་པོ་ནས་པར་བསྐྲུན་བྱེད་སྲིད་པ་ཞིག་རེད། འདི་ནི་པར་སྐྲུན་བྱེད་མི་ཉན་ནི་་ཟིག་ཡིན་རྒྱུ་ཨེ་རེད།
མི་ལགས།
དེབ་ནག་གི་ཆ་སྟོད་སྨད་གཉིས་བོད་ནང་དུ་བསྐུར་བ་ལ་ནི་བཀའ་དྲིན་ཆེ་ཞུ། དེ་ནི་རྩོམ་པ་པོས་ཀྱང་འདོད་བཞིན་པ་དེ་ཡིན་ཤག་རེད། དཔར་སྐྲུན་ཐད་ང་ལ་ཞུ་རྒྱུ་མེད། རབ་བྱུང་ན་རྩོམ་པ་པོ་ལ་ཞུ་ཐུབ་ཚེ་བཟང་སྙམ། འོན་ཀྱང་། འདི་ནི་ཤེས་ཡོན་གྱི་ཆེད་ཡིན་པས་དེ་ཙམ་ཨེ་སྐྱོན་སྙམ། ཞུ་རྒྱུ་ཞིག་ལ། ངས་བསྒྱུར་བ་རྣམས་ལས་བྲེལ་གྱི་ཞོར་དུ་བྱས་པ་ཞིག་ཡིན་པས། ད་དུང་འགྱུར་བཅོས་དགོས་ངེས་ཡོད་པ་དེ་ཚོ་དགོངས་འཇགས་ཡོང་བ་ཞུ།
ད་སོ་མ་ཀློག་གྲུབ ཐུགས་རྗེ་ཆེ་དགེ་འདུན་རབ་གསལ་ལགས། གོ་བདེ་བོ་ཞིག་བསྒྱུར་འདུག
འཇམ་དབྱངས་ལགས་ཀྱིས་ལུང་ཤར་གྱི་སྐོར་མང་པོ་ཞིག་བྲིས་འདུག དེ་ཡང་རྒྱུ་མཚན་མེད་པ་དེ་འདྲ་མ་རེད། ངས་ད་བར་ལུང་ཤར་བ་དེ་ཡར་ཐོན་གྱི་བསམ་བློ་ཅན་ཞིག་ཡིན་པར་ངོས་བཟུང་པ་ཡིན། ད་བར་གྱི་ལུང་ཤར་སྐོར་གྱི་ལོ་རྒྱུས་ཕལ་ཆེ་བ་གཅིག་མཚུངས་ལྟ་བུར་བཅོས་བསྒྱུར་མཁན་དང་གསར་བརྗེ་བ་ཞིག་ཡིན་པར་བརྗོད་འདུག
དེ་ལ་ལྡོག་ཕྱོགས་ནས་རྒྱུ་མཚན་མང་པོ་བགྲང་ཡོང་མཁན་ང་ལ་མཚོན་ན་འཇམ་དབྱངས་ལགས་ཐེངས་དང་པོ་ཡིན། ཁོས་དངོས་ཡོད་ཀྱི་རྒྱུ་མཚན་མང་པོ་བགྲངས་འདུག
ང་དཔེ་ཁང་ཁག་ནང་ཡང་སེ་འགྲོ་གི་ཡོད་ཀྱང་སངས་རྒྱས་ཀྱི་དཔའ་ཐུལ་ཚོ་ཟེར་བའི་དེབ་དེ་ད་སྔ་མཐོང་མ་སོང་ན། དེ་གང་ནས་རེག་གི་ཡོད་མེད་ལན་ཞིག་གནང་བར་ཞུ། ཐུགས་རྗེ་ཆེ།
མགོན་པོ་ལགས། ཐུགས་རྗེ་ཆེ། ཁྱེད་ཀྱི་དྲི་བའི་ཐད། དེབ་དེ་བོད་ཀྱི་དུས་བབ་ཀྱིས་དཔར་དུ་བཏབ་པ་རེད། ཟླ་བ་འདིའི་ཚེས་ ༡༥ ཉིན་དབུ་འབྱེད་བྱས་འདུག དེབ་དེ་ཉོ་ས་ཡང་དུས་བབ་ལ་འབྲེལ་བ་གནང་རོགས། དེ་བཞིན་དེབ་ཀྱི་ཞུ་དག་དང་ཇུས་འགོད། དཔར་སྐྲུན་བཅས་ཀྱི་ཐད་དུས་བབ་ཀྱིས་རྩལ་དང་ནུས་པ་བཏོན་པ་རེད། དེབ་དེའི་མ་ཡིག་ནི་ Buddha’s Warriors: The Story of the CIA-Backed Tibetan Freedom Fighters, the Chinese Communist Invasion, and the Ultimate Fall of Tibet by Mikel Dunham (Author),དེ་རེད། དེབ་ཚོང་ཁང་མང་པོ་ན་ཡོད་ཤག་རེད། ཐུགས་རྗེ་ཆེ་ཞུ།
དགེ་འདུན་རབ་གསལ་ལགས་ཀྱིས་ངེད་ཅག་བོད་ཡིག་ཀློག་མཁན་ཚོར་མིག་གི་དགའ་སྟོན་རྒྱུན་བསྲིངས་ནས་བཤམས་པ་ལ་གཟེངས་བསྟོད་བྱེད་པ་དང་ཆབས་ཅིག་ང་ཚོས་ཁོང་གི་མཛད་རྗེས་ལ་མིག་དཔེར་བལྟ་འོས་པ་ཞིག་རེད། བཀྲ་ཤིས་བདེ་ལེགས། དཔེ་དེབ་དེ་གང་མགྱོགས་ཀློག་ཐུབ་པའི་རེ་བ་ཡོད།
དབྱིན་ཡིག་གི་དེབ་དེ་རྡི་ལི་ནས་དཔེ་ཚོང་ཁང་ཞིག་གི་ནང་དུ་མཐོང་ཙམ་བྱུང་། མིང་ཁྱད་མཚར་ཞིག་བཏགས་འདུག་སྙམ་པ་ལས་བྐླགས་ཐུབ་མ་སོང་། ད་བོད་ཡིག་གི་སྟེང་དུ་བསྒྱུར་བ་དེ་ཡག་པོ་བྱུང་འདུག ངེས་པར་དུ་ྐློག་ངེས་ཡིན།
ལུང་ཤར་འདིས་གོ་མཛོད་ཀྱི་འགན་འཁུར་སྐབས་རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་བཅུ་གསུམ་པ་ཐུགས་མཉེས་པོ་མ་བྱུང་བ་རེད། ཡིན་ན་ཡང་སྐྱིད་ཕྱོགས་ཀུན་མཐུན་གྱི་གཞི་རྩའི་དམིགས་ཡུལ་སོགས་གསལ་པོ་ཞིག་ཤེས་མཁན་མེད་པ་རེད། གཅིག་བྱས་ན་དམངས་གཙོར་བསྒྱུར་རྒྱུ་མིན་ནམ་ཞེས་པ་དང་ཡང་ན་དེ་ག་ཙམ་དུ་ནང་ཁུལ་གྱི་དབང་ཆ་འཕྲོག་རྩོད་ཀྱི་ལས་འགུལ་ཞིག་ཡིན་མིན་གླེང་བའི་ཁུངས་སྐྱེལ་བྱེད་ཁག་པོ་འདུག ལུང་ཤར་གྱིས་སྤེལ་བའི་ལས་འགུལ་དེ་ལ་འཆར་གཞི་ཞིབ་ཕྲ་སོགས་མེད་པ་འདྲ།
དགེ་འདུན་རབ་གསལ་ལགས།
དེབ་ནག་གི་འགྱུར་དང་པོ་ཐོན་དུས་བོད་བསྒྱུར་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད་ལ། རེ་སྒུག་བྱས་བ་ཇི་བཞིན་དེབ་ནག་གི་ཆ་གཉིས་པ་ཁ་བརྡ་རུ་བཀོད་པ་མཐོང་བས་དགའ་ཚོར་བྱུང་། བོད་བསྒྱུར་གནང་བར་བཀའ་དྲིན་ཤིན་ཏུ་ཆེ། ཁྱེད་ཀྱིས་རང་སྐད་ཡིག་ལ་བཅིང་བའི་བརྩེ་སེམས་དང་། བོད་གནས་ལ་ཐུགས་བསམ་ཟབ་བཞེས་གནང་བ་ནི་ཆེས་བླ་ལྷག་ཏུ་མཐོ་པའི་བསྔགས་འོས་སུ་མཆིས།
ད་དུང་ སངས་རྒྱས་ཀྱི་དཔའ་རྟུལ་ཚོ་ ཞེས་བའི་དེབ་ཅིག་བོད་བསྒྱུར་བྱས་བ་གོ་བས་མཐོང་འདོད་ཤིན་ཏུ་ཆེ།
ཐུགས་རྗེ་ཆེ་ཞུའོ།
དྲ་གྲོགས་ཚང་མ་ཁ་ཡག་རྐྱང་རྐྱང་རེད། ཁ་ཡག་པ་ནང་བཞིན་ཁོག་ཀྱང་ཡག་པའི་རེ་བ་ཆེ།
ངས་དམིགས་བསལ་གྱི་ཁ་ཡག་དང་ངོ་བསྟོད་ཅང་བྱེད་མི་ཤེས། ཡག་པོ་འདུག ཐུགས་རྗེ་ཆེ་ཚང་མས་བཤད་འདུག ང་ཡང་དེ་བཞིན་ཡིན། ང་རང་སློབ་ཕྲུག་ཞིག་གི་ངོས་ནས། རབ་གསལ་ལགས་དངོས་ནས་དུས་རབས་དང་མཐུན་པའི་བོད་མི་རྣམ་དཔྱོད་དང་ཤེས་ཡོན་ཉིས་ལྡན་ཞིག་ལ་ངོས་འཛིན་ཡོད། མ་ཟད་ཁོས་ཁ་ནས་བཤད་པ་དང་ལག་ནས་ལས་པ་གཉིས་ཐོ་ཐུག་གི འདི་ཡང་ཁོང་གི་གཞན་དང་མི་འདྲ་བའི་མིག་དཔེར་འོས་པའི་ཆ་གཅིག་རེད། ངས་མཆན་བུ་འདི་བཀོད་དོན་ནི་རབ་གསལ་ལགས་ལ་བོད་བསྒྱུར་གྱི་བརྗོད་གཞི་གཞན་ཞིག་ངོ་སྤྲོད་འདོད་པ་ཡིན། སྤྱི་ལོ་༡༩༥༩ལོར་བོད་ས་ཤོར་རྗེས་ཕལ་ཆེར་༡༩༦༠ལོར་ཡིན་པ་ཡོད། དེ་དུས་ཤིག་ལ་རྒྱལ་སྤྱིའི་ཁྲིམས་ལུགས་མཁས་དབང་མང་པོ་མ་སུ་རུ་ལ་འཛོམས་ནས་བོད་འདི་རང་བཙན་གཙང་མའི་ཁྲིམས་མཐུན་རྒྱལ་ཁབ་ཞིག་ཡིན་པར་བཀོད་པའི་དབྱིན་ཡིག་གི་དཔེ་དེབ་ཞིག་ཡོད་པ་དེ་བོད་བསྒྱུར་ཐུབ་ན་དེ་ལ་བལྟ་རྒྱུ་ཡོད་ཀྱི་རེད་བསམ་གི། དྲ་གྲོགས་རྣམ་པ་མོས་མཐུན་ཡོད་ན། རྒྱབ་སྐྱོར་བྱེད་རོགས།
བཀུར་འོས་དགེ་རབ་ལགས། རྩོམ་ཡིག་བསྒྱུར་གནང་པར་ཐུགས་རྗེ་ཆེ་ཞུ། པཎ་ཆེན་སྐུ་ཕྲེང་དགུ་པའི་འདྲ་པར་འོག་གི་ཡི་གེ་དེ་སྐུ་ཕྲེང་དགུ་བ་ཞེས་བཅོས་དགོས་ཀྱི་འདུག
དགེ་འདུན་རབ་གསལ་ལགས། རྗེས་སུ་ཡི་རང་ཡོད། མུ་འཐུད་འབད་པ་གནང་རོགས།