སྒྲོལ་མ་ཉེར་གཅིག
༸གོང་ས་མཆོག་ལ་བསྟན་བཤིག་ཟེར་མཁན་ཞིག་ཡོད་ན། དེ་ལ་རྒོལ་བ་སྤེལ་རྒྱུ་ནི་འཛིན་སྐྱོང་བཀའ་ཤག་གི་འགན་རེད། ད་ལན་སྲིད་སྐྱོང་བཀའ་ཤག་གིས་གསར་འགོད་གསལ་བསྒྲགས་ཤིག་མ་སྤེལ་ཐབས་མེད་ཡིན་རྒྱུ་རེད། གལ་སྲིད་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལེའུ་དང་པོའི་དོན་ཚན་གཉིས་པའི་ནང་དུ་ “བཅའ་ཁྲིམས་འདིས་བོད་མིའི་སྒྲིག་འཛུགས་ཀྱི་མངའ་ཁོངས་སུ་གཏོགས་པའི་བོད་མི་ཡོངས་ལ་ཁྱབ་པ་ཡིན།” ཞེས་བཀོད་ཡོད་པ་ལྟར་ལག་བསྟར་གནང་གི་ཡོད་ན། ཧ་ཅང་ནག་ཉེས་ཆེན་པོ་རེད། རྒྱུ་མཚན་གང་ཡིན་ཞེ་ན། “བོད་ཀྱི་ལྷ་སྐལ་སྤྱན་རས་གཟིགས་དབང་མིའི་གཟུགས་སུ་བྱོན་པའི་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ྋགོང་ས་ྋསྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ནི་འཇིག་རྟེན་ཞི་བདེའི་དེད་དཔོན་དང༌། ས་སྟེང་ྋརྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག བོད་མི་ཡོངས་ཀྱི་མགོན་སྐྱབས། བླ་ན་མེད་པའི་དབུ་འཁྲིད། བླང་དོར་ལམ་སྟོན་པ། བོད་མིའི་ངོ་བོ་དང༌། དེའི་ཆིག་སྒྲིལ་གྱི་མཚོན་རྟགས། བོད་མི་ཡོངས་ཀྱི་རང་དབང་ལྡན་པའི་མགྲིན་ཚབ་པ་བཅས་ཡིན།” ཞེས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལེའུ་དང་པོའི་དོན་ཚན་དང་པོའི་ནང་དུ་འདི་ལྟར་གསལ་ཡོད་སྟབས། “བོད་དང་བོད་མིའི་མགོན་སྐྱབས་དང་མཚོན་རྟགས”ལ་གཞི་མེད་བསྐུར་འདེབས་བྱས་ན། གཞུང་མང་གཉིས་ཀའི་ངོས་ནས་རང་དགར་བཟོད་ཐབས་ཡེ་ནས་མེད།
མདང་དགོང་ཐུབ་བསྟན་ཐོགས་མེད་ལགས་ཀྱི་བརྙན་ཐུང་ཞིག་ལ་ཉན་པ་ཡིན། དེ་རིང་ཞོགས་པ་ཆོས་རིག་བཀའ་བློན་གྱི་མིང་ཐོག་ནས་སྤེལ་བཞིན་པའི་ཡི་གེ་ཤོག་ལྷེ་གཅིག་ཅན་ཞིག་མཐོང་སོང་། ལས་ཤོག་དང་མཚན་རྟགས་ངོ་མ་ཡིན་མིན་མི་ཤེས་མོད། དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་ངོས་སུ་ སྤྱི་ལོ་༢༠༢༠/༥/༢༦ ཉིན་ཆོས་རིག་བཀའ་བློན་གྱིས་སྤེལ་བའི་གནས་ཚུལ་དེ་འདྲ་ཞིག་མཐོང་རྒྱུ་མི་འདུག ཡིག་ཐོག་གི་གསར་འགྱུར་བརྒྱུད་ལམ་ཁག་ནས་གནས་ཚུལ་དེ་འདྲ་ཞིག་མཐོང་ལམ་དུ་མ་གྱུར། གསལ་བསྒྲགས་དང་གསལ་བཤད་གང་ཡིན་ཙམ་ཡང་མ་ཤེས་པས། ཕལ་ཆེར་ཡིག་འཁྱར་ཞིག་ཡིན་རྒྱུ་རེད་བསམ་སོང་། ཡིན་ན་ཡང་། རྗེས་སུ་ཤེས་རྟོགས་བྱུང་བ་ལྟར་ན། དེ་ནི་ཆོས་རིག་ལས་ཁུངས་ཀྱི་ངོ་དེབ་ཐོག་ལ་སྤེལ་བའི་གནས་ཚུལ་ཞིག་ཡིན་འདུག་ལ། “དཔལ་ལྡན་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་གནད་དོན་ཁག་ཅིག་ཐོག་གནས་ལུགས་གསལ་བཤད་གནང་བ་གཤམ་གསལ།” ཞེས་བཀོད་ཡོད་པ་ངོ་དེབ་དེའི་ཐོག་མཐོང་རྒྱུ་འདུག ཡང་ཡ་མཚན་པ་ཞིག་ལ་གནས་ཚུལ་དེ་སྤེལ་ནས་ཆུ་ཚོད་དྲུག་ཙམ་གྱི་རྗེས་སུ། “དཔལ་ལྡན་ཆོས་རིག་བཀའ་བློན་མཆོག་ནས་གསལ་བཤད་འཕར་མ།” ཞེས་པ་ཞིག་སྤེལ་ནས་ཐོག་མའི་གསལ་བཤད་དེ་ཡང་བཀའ་ཤག་གི་གསལ་བཤད་མིན་ཚུལ་བཤད་འདུག མི་མང་མང་ཚོགས་ནས་གཞི་འཛིན་ས་གང་ཡིན་མི་རྙེད་པ་ལྟ་བུའི་ཆེད་ཡིན་ནམ། ཡང་ན། ད་ལན་ཆོས་རིག་བཀའ་བློན་གྱིས་བྱ་སྤུ་གནོན་གྱི་སྒྲིག་འཛུགས་ཟེར་བ་ཞིག་ཡོད་པ་བརྗེད་སོང་བ་ནི་ཨེ་ཡིན། དོན་ངོ་མའི་ཆ་ནས་། ཆོས་རིག་བཀའ་བློན་གྱིས་ཏཱ་ལའི་བླ་མ་བསྟན་བཤིག་ཡིན་པ་ངོས་ལེན་བྱས་འདུག དེ་ཡང་སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་གྱི་གནོན་ཤུགས་ལ་སྐྲག་ནས་ཡིན་པ་གསལ་པོ་རེད། སྤྱིར་བཏང་ཆོས་རིག་ལས་ཁུངས་ནི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བློན་ཆེན་ལས་ཁུངས་གཙོ་གྲས་ཤིག་པས། ཆོས་རིག་བཀའ་བློན་གྱི་བཀའ་ཁྱབ་གང་གནང་བ་རྣམས་བཀའ་ཤག་གི་ཐག་ཆོད་ཡིན་པར་གོ་དགོས་པ་རེད། གཡུ་ཐོགས་ཀརྨ་དགེ་ལེགས་སྒེར་གྱི་གསལ་བཤད་ཡིན་ཟེར་བའི་ཚབ་ཏུ་ཆོས་རིག་བཀའ་བློན་སྒེར་གྱི་གསལ་བཤད་ཡིན་ཚུལ་བཤད་པ་ནི། ཤེས་བཞིན་དུ་ཧམ་བཤད་དང་བསམ་གཟས་ནས་སྤྱི་ཚོགས་དཀྲུག་ན་འདོད་པ་ཙམ་རེད། ཀུན་སློང་མ་དག་པའི་སྐྱོན་དང་འགན་མ་ཁུར་བའི་ནོར་འཁྲུལ་ཡང་རེད།
ད་ནི་གཡུ་ཐོགས་ཀརྨ་དགེ་ལེགས་ཟེར་བའི་གྲྭ་རྒན་དེས་མངོན་སུམ་འཛེམ་མེད་དུ་ཁྲིམས་མེད་ལུགས་ཀྱི་བྱ་སྤྱོད་སྤེལ་བ་མང་དྲགས་སོང་། གྲྭ་རྒན་འདིས་བཀའ་བློན་གྱི་མིང་གི་རྒྱབ་ཏུ་ཡིབ་ནས་རང་དོན་བསྒྲུབས་པ་མང་དྲགས་སོང་། ད་ལོ་ཡང་མི་མང་གི་མདུན་ལ་ཡོང་ནས་ཧམ་པ་བཤད་ཡོང་གི་འདུག སྤྱི་ནོར་གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། འཛམ་བུ་གླིང་གི་དད་ལྡན་མང་ཚོགས་ཀྱི་རེ་འདོད་བསྐོང་ཆེད། བརྙན་འཕྲིན་བརྒྱུད་ལམ་ལ་བརྟེན་ནས་ཐུགས་རྗེ་ཆེན་པོའི་དབང་ཆེན་གནང་རྒྱུ་ཡིན་པ་དེ། བསྟན་པ་བཤིག་བྱེད་ཀྱི་སྟ་རེ་ཡིན་ཚུལ་བཤད་མཁན་མདོ་སྟོད་སྤྱི་ཟུར་ཨོ་རྒྱན་སྟོབས་རྒྱལ་ལ་སྤྲུལ་སྐུ་དང་རིན་པོ་ཆེ་ཞེས་གང་ཡག་ཡག་དང་གང་སྙན་སྙན་འདྲ་ཞིག་བཤད་འདུག ཨོ་རྒྱན་སྟོབས་རྒྱལ་ཟེར་བའི་མི་དེས་རང་གི་སེམས་ལ་གང་དྲན་དྲན་ཙམ་ཞིག་ཁ་ནས་ཤོར་བ་ཡིན་ཚུལ་བཤད་པ་ནི་བདེན་པ་རེད། ཡིན་ན་ཡང་། བོད་མིའི་འདི་ཕྱི་གཉིས་ཀའི་སྐྱབས་མགོན། འཛམ་གླིང་ཞི་བདེའི་དེད་དཔོན། སྤྱི་ནོར་གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བསྟན་པའི་དགྲ་བོ་རེད་ཟེར་མཁན་ལ་དམིགས་ཡུལ་ངན་པ་མེད་པར་ཡིད་ཆེས་ཡོད་ན། དེས་ན་དམིགས་ཡུལ་ངན་པ་ཡོད་མཁན་གྱི་མི་དེ་སུ་རེད། དམིགས་ཡུལ་ངན་པ་སུ་ལ་ཡོད་དམ། ད་དུང་ཨོ་རྒྱན་སྟོབས་རྒྱལ་ཟེར་བའི་མི་དེས། ཏཱ་ལའི་བླ་མ་ཞེས་ཐད་ཀར་གོང་ས་མཆོག་གི་མཚན་སྨོས་ནས་གཞི་མེད་བསྐུར་འདེབས་བྱས་ཡོད་པ་ལ་མང་ཚོགས་ནས་བསམ་འཆར་དང་ཐུགས་ཁུར་གནང་དགོས་ངེས་ཡིན་པ་དེ་ལ། དོན་མེད་བློ་ཕམ་ཞེས་ཁྱད་གསོད་མ་རུང་བའི་ཚིག་ཚིག་གིས་བསམ་བཞིན་དུ་མི་མང་ལ་ཕོག་ཐུག་གཏོང་དགོས་དོན་ཅི་ཡིན་ངས་མི་ཤེས། ཕལ་ཆེར་ཡང་བསྐྱར་འབངས་གྱེན་ལོག་གི་སྒོ་མོ་རྡུང་རྩིས་ཡིན་སྲིད།
དེང་སང་གོང་ས་མཆོག་ལ་སྐྱོན་བརྗོད་བྱེད་པ་ནི། སྲིད་སྐྱོང་བློ་སེང་གི་རྒྱབ་སྐྱོར་བ་རྣམ་པའི་རང་ཆས་སུ་མངའ་བའི་ཐོབ་ཐང་ཞིག་ཡིན་པའི་བཟོ་འདྲ་བོ་ཆགས་ཡོང་གི་འདུག མདོར་ན། ད་ལན་སེང་གེའི་བཀའ་ཤག་གིས་གར་འཁྲབ་ཚུལ་ལ་ལྟ་བཞིན་ལྟ་བཞིན་འབངས་གྱེན་ལོག་གི་རྔ་རྡུང་སྟངས་ནོར་མི་ཉན།