བུད་མེད་རྩོམ་པ་པོ་གཟུངས་ཕྱུག་སྐྱིད། རྡ་ས།
དོ་ནུབ། ནམ་མཁའ་ནམ་མཁར་མི་མཐོང་བའི་དོ་ནུབ
ས་ཆེན་གྱི་དུངས་པ་གཉིད་བཞིན་པའི་དོ་ནུབ
གྲང་རླུང་ངུ་ངག་གིས་བཞུར་བཞིན་པའི་དོ་ནུབ
ངའི་མཐོང་སྣང་གི་སྐར་ཕྲན་རེ་རེ་སུ་ཞིག་གི་མིག་ཆུའི་ཕྲེང་རྒྱུན་ཡིན་ནམ
རླུང་བུ་ཤུར་ཤུར་དུ་ལྡང་ཞིང།
ཆུ་མོ་ངུ་ངག་གིས་བཞུར་བའི་དོ་ནུབ
མུན་པ སུ་ཞིག་གིས་ཆེད་དུ་ང་ཚོར་འཐེན་པའི་ཡོལ་རས་ཡིན
བསམ་གཞིགས་ཀྱིས་རུས་རྐང་མེ་རུ་སྦར་བཞིན་པའི་དོ་ནུབ
མྱ་ངན་གྱི་སྟོན་ལོ་རླུང་གིས་འཁུར་བཞིན་པའི་དོ་ནུབ
ང་ཚོ།
སུ་ཞིག་གི་སྡུག་རྩུབ་ཀྱིས་རྨེག་མེད་བཟོ་བཞིན་པའི་དབུགས་རྒྱུན་ལྷག་མ་དེ་མིན་ནམ
མུན་ནག་གི་གཏིང་རིམ་ནས་ཁྲག་མདོག་གིས་བཞུར་བའི་ཚེ་སྲོག་རེ་རེ
སའི་གོ་ལའི་སྤྱི་གཙུག་ནས་འོད་དུ་འཚེར་དུས
ང་ཚོས་ཀྱང་དུས་རབས་ཀྱི་འཕུར་བསྐྱོད་ཁྲོད་ནས
མུན་ནག་གི་རུལ་སུངས་རྔུབ་ནས་ཅི་ཞིག་བྱེད
ད་ནི་རང་གི་བླ་སྲོག་ལ་རང་ཉིད་ཀྱིས་བྱི་དོར་བྱེད་དགོས
ད་ནི་རང་གི་རྣམ་ཤེས་ལ་རང་ཉིད་ཀྱིས་སྲོག་དབུགས་སྩོལ་དགོས
དོ་ནུབ་ང་ཚོས། ནག་འཐོམ་མེར་གནས་པའི་མུན་པ་འདི་ཧར་གྱིས་བཀོག་ཐུབ་ན
ད་དུང་སུ་ཞིག་གི་དྭངས་གཙང་གིས་སྦར་བའི་མར་མེ་རྐང་བུ་གང
རྒྱང་ཐག་རིང་བའི་ཨ་མ་དང་མིང་སྲིང་ཚོའི་ཆེད་མཐོ་རུ་འདེགས་ཐུབ་ན
དེ་ནི་སུ་ཞིག་གི་སྐྱ་ཧྲུལ་ཧྲུལ་གྱི་གདོང་རིས་ལ་མཁོ་བའི་ལྗང་མདོག་གི་ལྷན་པ་ཡིན་སྲིད
དོ་ནུབ། མུན་པ་ནག་པོ་གཡོ་ཟོལ་གྱིས་བཞུར་བའི་དོ་ནུབ
དབྱངས་རྟ་རེ་རེ་མྱ་ངན་གྱིས་སྦག་པའི་དོ་ནུབ
ང་ཚོ་རང་ཉིད་ཀྱི་ཉག་ཕྲ་བའི་དུར་ས་ནས་མཐོ་རུ་འགྲེང་ཡོད
དཀར་གཙང་གཙང་གི་རྒྱབ་རི་དེའི་ཆེད་དུ
དྲོད་ལམ་ལམ་གྱི་མར་མེ་དེའི་ཆེད་དུ
ང་ཚོ་ད་དུང་རང་ཉིད་ཀྱི་མངའ་ཐང་ལ་ཁེན་ནས་ཐག་རིང་དུ་བཞུད་ཆོག
༢༠༠༩ ༣ ༢༣ཉིན་རྡ་རམ་ས་ལ་ནས་བྲིས།
བུད་མེད་གཅིག་གིས་བུད་ཤིང་ལྟ་བུའི་རྩོམ།
མེ་ལྕེ་འདྲ་བའི་མེ་ཏོག་དམར་བཞིན།
བྱ་རྒོད་འདྲ་བའི་བྱ་རྒྱལ་ང་ཡི་དྲུང་།
སྙིང་གཟུགས་འདྲ་བའི་དགའ་བའི་ཡི་གེ་འདྲ།
བོད་མིའི་ཁྲོད་ན་བུད་མེད་རྩོམ་པ་པོ་གཟུངས་ཕྱུག་སྐྱིད་ཀྱིས་བྲིས་གནང་བའི་རང་མོས་སྙན་ངག་དོ་ནུབ་ཀྱི་མུན་པ་ཞེས་པ་དེ། སྙན་ཞིང་འཇེབས་ལ་སྒྱུ་རྩལ་གྱིས་ཕྱུག་པ། དོན་དུ་གོ་རྒྱུ་ཡོད་པ། དངོས་གནས་བུད་ཀྱི་ཁྲོད་དུ་ཤེས་བྱའི་སྤྱན་ཡངས་པ་དེ་འདྲ་མཐོང་དུས། ངའི་ཡིད་ཀྱི་ལྗོན་ཤིང་སྨན་པའི་ལྷ་ཆབ་སིལ་མ་ཞིང་དང་གཉིས་སུ་མ་མཆིས། ད་དུང་ངས་ཁྱེད་ཀྱིས་བྲིས་པའི་རྩོམ་རིགས་གང་མང་ཀློག་འདོད་ཡོད།
སྙན་ངག་འདི་སྤེལ་དུས། མ་བལྟས་པ་འདྲ། གཟུངས་ཕྱུག་སྐྱིད་ཀྱིས་སྙན་ངག་དང་བཅད་ལྷུག་སྤེལ་མའི་རྩོམ་འགྲོས་གང་ཞིག་སྤྱད་ནའང་། ཧ་ལས་པ་དེ་འདྲ་འབྲི་གི་འདུག བོད་ཕྱི་ནང་ཀུན་ཏུ་གཟུངས་ཕྱུག་སྐྱིད་འདྲ་བའི་རྩོམ་པ་པོ་དང་སྙན་ངག་པ་ཞིག་ཡོད་པ་ངས་མ་མཐོང་། བོད་ཀྱི་བུད་མེད་རྩོམ་པ་པོ་སྡེ་ལ་མཚོན་ན། གཟུངས་ཕྱུག་སྐྱིད་ནི་ཤིང་ནགས་གསེབ་ཀྱི་ཙན་དན་དང་རྡོ་རིགས་གསེང་གི་ཕ་ལམ་ལྟ་བུ་རེད་སྙམ།