ཆང་སྐྱེས།
དུང་གི་ཟླ་བ་མཁའ་རུ་འཛུམ་དང་ལྷན།།
སེམས་ཀྱི་རྟ་ཕོ་ཕ་ཡུལ་ཕྱོགས་སུ་ཤོར།།
དྲན་འཛིན་མེ་ལོང་ཡུལ་གྱི་དྲིན་ཆེན་མ།།
དོ་ནུབ་དྲན་པའི་གདུང་བ་ཧ་ཅང་ལྕི།།
བསླུ་བྲིད་རླུང་བུ་རྒོད་པའི་གྲོང་ཚོ་ན།།
ལས་འབྲས་རྒྱ་མ་འཁྱོག་པའི་ཚོང་ར་རུ།།
གཡོ་སྒྱུ་སྡེབ་འཚོང་བྱེད་པའི་རིག་རྒོད་ཚོས།།
རང་རིགས་རང་གིས་བཙོང་བ་ཉུང་ཉུང་མིན།།
ཁོར་ཡུག་ཁ་དབུགས་རུལ་བའི་ཁུགས་སོ་རུ།།
སྲེད་པའི་མེ་ལྕེ་འབར་བའི་གདན་སྟེང་ན།།
གཞན་ནོར་བདག་ཏུ་འཛིན་པའི་དབང་ཅན་ཚོས།།
ཉམ་ཆུང་ནུས་མེད་ཚོགས་ཀྱི་སྒྱགས་ཕྱེ་འགམས།།
ཤེས་རིག་བང་རྩལ་འགྲན་པའི་དོ་ར་ན།།
ཚན་རིག་བག་ལ་བསུ་བའི་འདུ་འཛི་ཁྲོད།།
མེ་ཕུང་སྒོར་བྲོ་འཁྲབ་པའི་མཐོ་སྒང་བ།།
བོང་རྒན་སྐྱ་ལི་རྒྱབ་ན་འདའ་མ་འདུར།།
གནམ་ཟླ་ཤིན་ཏུ་འཁྱག་པའི་དུས་ཚིགས་ལ།།
བསམ་པ་བདུད་ཀྱིས་བསྒྱུར་བའི་བློ་ཅན་ཚོས།།
ཕྲག་དོག་དུག་གི་མཚོན་ཁ་ནང་དུ་བསྐོར།།
མཐུན་སྒྲིལ་གསེར་གྱི་ལག་རྡང་བཙན་གྱིས་གཏོར།།
བདེན་ཁུངས་ཡོད་ཚད་རང་གི་ཕྱོགས་སུ་གཏུགས།།
རྫུན་གཞི་ཐ་དག་གཞན་གྱི་མགོ་ལ་བསྐོན།།
དཀར་ནག་གོ་རིམ་ལྡོག་པའི་སུམ་མདོ་ན།།
བདེན་པའི་བུ་ཆུང་གཞན་གྱི་བརྙས་བཅོས་ཡུལ།།
ཁོར་ཡུག་ཁ་དོག་མཛེས་བའི་གནས་ཚང་རུ།།
ཡབ་མེས་སྲོལ་བཟང་དོར་བའི་སྨྱོ་རྟགས་དང་།།
ཀ་ཁའི་དབྱངས་རྟ་བོར་བའི་གླེན་རྟགས་ཀྱིས།།
སེམས་ཀྱི་རི་ལུང་སྐྱོ་གདུང་ཆར་ཆུས་བརླན།།