དོལ་སྨྱོན།
སྐར་ཚོགས་འོག་གི་མཚན་ལྗོངས་ན་ཡོད།
དགུན་རླུང་གྲང་མོའི་རྣོ་ཁ་ན་ཡོད།
དྲན་གདུང་མོད་པའི་སོ་མཚམས་ན་ཡོད།
ད་སྐབས་ངའི་ལུས་པོ་ཁེར་རྐྱང་ཡིན་ལ།
ད་སྐབས་ངའི་སེམས་པའང་ཁེར་རྐྱང་ཡིན།
ཁེར་རྐྱང་ནི་རང་དབང་འདོམ་པ་གང་ཡིན་ཟེར་ཆོག་ལ།
ཡང་ན་ཁེར་རྐྱང་ནི་རི་རྩེའི་དར་ལྕོག་ཟད་པོ་དེ་ཡིན་ཟེར་ནའང་འགྲིག
དོ་ནུབ། ང་དྲན་གདུང་གི་སྣེ་ན་ཡོད།
ནམ་མཁའི་སྐར་ཚོགས་ལ་སེམས་པ་གཡེངས་ཡོད།
དགུན་རླུང་བསིལ་མོ་ལ་བྲང་གཞུང་གཟེད་ཡོད།
སྤྲིན་གསེབ་ཀྱི་དུང་ཟླ་གོར་གོར་དེ།
སུ་ཞིག་གི་ཞལ་རས་གོར་གོར་ལ་འཁྲུལ་འགྲོ།
མཚན་ལྗོངས་ཀྱི་རླུང་པོའི་སིར་སྒྲ་དེ།
སུ་ཞིག་གི་སྐད་ངག་འཇམ་པོ་ལ་འཁྲུལ་འགྲོ།
དོ་ནུབ། ང་དྲན་གདུང་གི་སྣེ་ན་ཡོད།
རྒྱང་རིང་གི་རྒྱང་རིང་ལ་སེམས་པ་གཏད་ཡོད།
རྒྱང་རིང་གི་རྒྱང་རིང་ལ་རྣ་བ་བླགས་ཡོད།
རྒྱང་རིང་དེ་དྲན་ཞིང་དྲན་དུས།
ངས་བཞུད་ཟིན་པའི་མ་ཡུམ་དྲན་འོངས།
དྲན་མི་ཐུབ་པའི་མ་ཡུམ་གྱི་ཞལ་རས་དྲན་འོངས།
མ་ཡུམ་གྱི་ཕྱག་ཟུང་དང་མ་ཡུམ་གྱི་བྱམས་བརྩེ་དྲན་འོངས།
༠༦།༠༣།༢༠༡༥། མཚན་མོར་སྦྱར།