འཇམ་གཅེས།
གནའ་བོའི་སྲོལ་རྒྱུན་ཟེར་ན་འདྲ། ལམ་ལུགས་ཟེར་ན་ཆོག འཛམ་གླིང་ཁྱོན་ཡོངས་ཀྱི་འགྲོ་བ་མིའི་སྤྱི་ཚོགས་དང་མཚུངས་པའི་བོད་མི་རིགས་སམ་རྒྱལ་ཁབ་ལ་མཚོན་ན། ལོ་གསར་ཟེར་དུས་གལ་ཆེ་བའི་དུས་ཚིགས་ཞིག་ལ་ངོས་འཛིན་ཐོག ལྷ་ཆོས་མི་ཆོས་ཀྱི་བྱེད་སྒོ་མང་དག་ཞིག་སྤེལ་བའི་དུས་ཚིགས་ཞིག་རེད་ལ། དེ་ཡང་ས་ཁུལ་དང་ཡུལ་ལུང་སོ་སོའི་རྒྱུ་མཚན་འདྲ་མིན་ལས་ལོ་གསར་སྲུང་བརྩི་ཞུ་སྲོལ་ཡང་གཅིག་འགྱུར་མིན་པ་དང་། དུས་ཚིགས་མི་འདྲ་བ་ཁ་ཤས་ཡོད་པ་ལས་གྲགས་ཆེ་བ་ནི་བོད་ཟླ་བཅུ་པའི་ཚེས་གཅིག་ཉིན་ཀོང་པོའི་ལོ་གསར་དང་། བོད་ཟླ་བཅུ་གཅིག་པའི་ཚེས་གཅིག་ཉིན་སྟོད་མངའ་རིས་པི་ཧྲེང་ས་ཁུལ་གྱི་ལོ་གསར་དང་། བོད་ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན་དབུས་གཙང་གཉིས་ལས་གཙང་ཕྱོགས་ཀྱི་ལོ་གསར། དེ་བཞིན་མདོ་དབུས་ཁམས་གསུམ་ལ་ཁྱབ་ཆེ་བའི་ལོ་གསར་ནི་བོད་ཟླ་དང་པོའི་ཚེས་གཅིག་ཉིན་ཡིན།
ལོ་གསར་དེ་དག་གི་སྐབས་སུ་ཤེས་དགོས་པ་དང་། དོ་སྣང་དགོས་པ། ཡིད་གཟབ་དགོས་པ། འཛེམ་ཟོན་དགོས་པ་སོགས་ཀྱི་གནད་དོན་ཁག་གཅིག་ཡོད་པ་ལས། བག་མེད་ལོངས་སྤྱོད་ཀྱི་བྱ་སྤྱོད་ཚད་ལས་རྒལ་བ་དང་། ཤོ་བག་དང་། མ་ཅང་། ཆང་རག་ཚོད་མེད་སྤྱོད་པ། བཟའ་བཏུང་རིགས་མདུན་ལྕོག་སྒང་དུ་ཚོད་མེད་སྤུངས་བའི་ལམ་ལུགས། དགོས་མེད་རྒྱས་སྤྲོས་ཀྱི་ལམ་ནས་བཟའ་བཏུང་རིགས་འཕྲོ་འརླག་ཏུ་གཏོང་བ། རྫས་སྦྱོར་ལྡན་པའི་མངར་ཆུ་ཚོད་མེད་བཏུང་བ། ཤོག་སྦག་ཚོད་མེད་སྦར་བ། མདོར་ན་མིའི་མིག་ལམ་དུ་གཟན་པ་དང་། རང་གི་གཟུགས་པོའི་བདེ་ཐང་ངམ་འཕྲོད་བསྟེན་ལ་གནོད་པའི་ཟས་སྤྱོད། དཔལ་འབྱོར་རམ་དངུལ་དངོས་ཕོན་ཆེར་ལོ་གསར་སྐབས་སུ་བེད་སྤྱོད་ལོག་པ་གཏང་བ་སོགས་ནི་གཏན་ནས་མི་འོས་པའི་ཆེས་རྗེས་ལུས་ཀྱི་རྣམ་པ་ཡིན་པ་ལས་གཟི་བརྗིད་ནམ་ཡང་མིན།
དེ་མིན་ལོ་གསར་གཅིག་གྱུར་དགོས་ཚུལ་གྱི་བསམ་ཚུལ་འདོན་མཁན་མི་ཉུང་བ་རེ་འདུག་མོད། ངོས་ནས་བསམ་ན་ལོ་གསར་གཅིག་གྱུར་མ་བྱུང་རུང་བོད་མིའི་ཡུལ་སྲོལ་གོམས་གཤིས་དང་། ཆོས་དང་རིག་གནས་སོགས་ལ་གནོད་སྐྱོན་ཡོང་བར་ངོས་འཛིན་ནམ་ཡང་མི་ཞུ་ལ། དེ་བཞིན་ལོ་གསར་གཅིག་གྱུར་ཡོང་བའི་དབང་དུ་བྱས་ཀྱང་སྔར་མེད་པའི་དགེ་མཚན་གསར་པ་ཞིག་ཡོང་བའི་རེ་བ་དམིགས་བསལ་ཅན་གང་ཡང་མེད། དེ་སྔར་ད་བར་དུ་གཅིག་གྱུར་གྱི་ལོ་གསར་མེད་པའི་དབང་གིས་ཆབ་དཔལ་རིག་གསུམ་གང་གི་ཐད་ནས་མཐུས་ཤོར་སོང་བ་འདི་ཡིན་ཞེས་ངོས་འཛིན་ཧ་ཅང་ཁག་པོ་ཡིན།
དེ་ལས་ཆེས་དོ་སྣང་དང་། འགན་འཁུར། ཡིད་གཟབ་དགོས་པ་ནི་གོང་དུ་ཞུས་མ་ཐག་པའི་གནད་དོན་ཁག་དང་། དེ་དག་གི་ནང་དུ་མ་ཚུད་པའི་ལས་དོན་དང་། སློབ་གཉེར། སྤྱོད་ལམ། དུས་ཚོད་སོགས་གང་གི་ཐད་ནས་ལོ་གསར་གྱི་སྐབས་འདིར་མཐུར་ཤོར་འགྲོ་མིན་ཐད་དོ་སྣང་དང་། ངོས་འཛིན་གསལ་པོ་ཐུབ་པའི་སྒོ་ནས་གནད་ཡོད་མི་སྣས་བསླབ་བྱ་ལམ་བསྟོན་དང་། སྐྱེ་བོ་སོ་སོའི་ངོས་ནས་ཀྱང་བག་ཡོད་གནང་དགོས་པ་ནི་གནད་ཀྱི་དོན་པོ་ངོ་མ་དེ་ཡིན་ནོ།། །།
ལེགས་སོ་ལེགས་སོ་།
ཁྱེད་ཀྱི་གསུང་པ་ལ་མངོན་པར་སྟོད་དོ་།
ཀོང་པོའི་ལོ་གསར་དང་།
སྟོད་མངའ་རི་སྤུ་རེང་ལོ་གསར་།
དབུས་གཙང་ལོ་གསར་།
སོགས་གསལ་བ་ལས་ཉག་རོང་གི་བཅུ་གསུམ་ལོ་གསར་སྐོར་གསལ་མི་འདུག་།
ཧ་ཧ་ལོ་གསར་གཏོང་།
སྐྱིད་པོ་གཏོང་།