ཨེ་མ་ཧོ།
ན་མོ་གུ་རུ་པདྨ་བཛྲ་ཡེ།།
བདག་མེད་དོན་རྟོགས་ཀྱི་ཉན་རང་བྱང་སེམས།
སྙིང་བརྩེ་བཟང་སྤྱོད་ཀྱི་སྔགས་འཆང་ཡབ་ཡུམ།།
ཕྱག་རྫོགས་དབུ་མ་ཡི་རྣལ་འབྱོར་རྣམ་པར།།
སྒོ་གསུམ་མི་ཕྱེད་པས་དད་གུས་ཕྱག་འཚལ།།
ད་ནི་དབེན་རི་ལ་རུ་ཤན་ཆས་ཏེ།།
མི་དགོས་རྣམ་དགུ་ཡི་དོ་ཧ་བླངས་ཚེ།།
འཇིག་རྟེན་བན་བོན་ཚོས་ཐུགས་བསམ་བཞེས་དང་།།
འཁྲུལ་བ་ཟིང་ཟིངས་ལ་སྙིང་པོ་མི་འདུག།
བན་དེ་ཁ་ཁྱེར་གྱི་གཏི་མུག་མི་དགོས།།
བོན་པོ་ཡིན་འདོགས་ཀྱི་ཆགས་སྡང་མི་དགོས།།
འཇིག་རྟེན་སྡིག་སྤྱོད་ཀྱི་ཀླ་ཀློ་མི་དགོས།།
ཡང་དག་ཆོས་གྲོགས་ལ་སྙིང་ནས་དུང་ཡོད།།
མ་རིག་གདོན་གཟུགས་ཀྱི་ལ་ཕྱོགས་རིས་མི་དགོས།།
རིས་མེད་ཁ་ཁྱེར་གྱིས་ནང་དཀྲུག་མི་དགོས།།
བདེན་རྫུན་དོ་མཉམ་ལ་ཕྲག་དོག་མི་དགོས།།
རྣམ་དག་སྤྱོད་པ་ཉིད་ཕྱི་གསལ་ནང་གསལ།།
ཆེ་འདོད་བླ་དཔོན་ལ་སྤྲེལ་ལད་མི་དགོས།།
ཉམས་ཆུང་སྤྲང་པོ་ལ་དམན་ལྟ་མི་དགོས།།
དགེ་མེད་དོན་མེད་ལ་དོན་གཉེར་མི་དགོས།།
ཀ་དག་རྣལ་འབྱོར་ང་འདི་བདེ་ཕྱི་སྐྱིད།།
ངེས་འབྱུང་རྣམ་དག་གི་རབ་བྱུང་དགོས་ངེས།།
བྱང་སེམས་ཡང་དག་གི་རྒྱལ་སྲས་མཛོད་དང་།།
སྣང་སྲིད་ཀ་དག་གི་རྫོགས་ཆེན་རྟོགས་ནས།།
དག་རྫོགས་སྨིན་གསུམ་གྱི་ཐུགས་དམ་གོང་འཕེལ།།
ཞེས་པ་འདི་ཡང་རབ་གནས་མེ་བྱའི་སུམ་འཛོམས་ཟླ་བའི་དབང་ཕྱོགས་མཁའ་འགྲོ་འདུ་བའི་དུས་ཆེན་ལ་མཁའ་འགྲོ་རིག་འཛིན་དབྱངས་ཅན་ལྷ་མོ་མཆོག་གིས་རིན་པོ་ཆེ་ཉིད་ལ་གང་དགོས་ཞབས་ཏོག་སྒྲུབ་ཅི་ཞིག་དགོས་དང་མི་དགོས་གསུངས་པའི་ལན་དུ་གང་ཤར་དུ་དབྱིན་ཡུལ་ཛྙཱ་ན་གུ་རུའི་ལྷ་ཁང་ནས་ཤྲཱིས་བླངས་པར་དགེའོ། །