གླུ་སྙན་མོ་ལ་ཁའི་ལུག་རྫིས་ཀྱང་ལེན། གཏམ་སྙན་མོ་གོ་ཁའི་རྒད་མོས་ཀྱང་བཤད།
༡ ས་པཎ་སོག་པོར་མ་ཕེབས་ཀྱང་སོག་པོས་བོད་དབང་དུ་བསྒྱུར་ཡོད་པ་རེད། ཀྲུང་གོས་གཞི་འཛིན་ས་མེད་ནའང་གསར་པ་བཟོ་གི་རེད། ས་པཎ་སོག་པོར་ཕེབས་པ་དེས་ཕན་ག་རེ་ཐོགས་པ་རེད་ཟེར་ན། རྒྱལ་ཁབ་གཞན་པ་ཚོར་བསྡུར་ན་བོད་ནང་ཅུང་ཟད་དྲག་ག་བྱུང་ཡོད་པ་མ་ཟད་བོད་ཀྱི་ནང་ཆོས་དེ་སོག་པོ་ལ་དར་ཁྱབ་ཕྱིན། ཐ་ན་ད་ལྟའི་ཨི་རན་ནང་དུའང་དེ་སྐབས་བོད་བརྒྱུད་ནང་ཆོས་ཀྱི་དགོན་པ་བཞེངས་མྱོང་པ་རེད། དེར་མ་ཟད། རྒྱའི་མི་ཡུར་ཆེན་པོ་མཚམས་འཇོག་བཅུག་ཐུབ་སྟེ་སྐྱེ་བོ་གྲངས་ཀྱིས་མི་ལང་བ་ཚེ་སྲོག་གི་འཇིགས་པ་ལས་བསྐྱབས་ཐུབ་ཡོད་པ་དེ་ནི་བསམ་གྱིས་མི་ཁྱབ་པའི་མཛད་པ་མ་རེད་དམ། མ་གཞི་ག་རེ་བཤད་ན་མ་བཤད་ན་བོད་ལ་གཞན་ལ་མེད་པའི་མཚོན་ཆའམ་ལག་ཆ་ཡང་ན་སྟོབས་ཤུགས་ཤིག་ཡོད་པ་ནི་ནང་ཆོས་ཡིན་པ་རེད། དོན་དངོས་སུ་ང་ཚོའི་སྟོབས་ཤུགས་དེས་སོག་པོ་ཕར་དབང་དུ་བསྒྱུར་ཡོད། རྒྱ་ནག་གོང་མ་རིམ་བྱོན་ཡང་དབང་དུ་བསྒྱུར་ཡོད་ཅེས་བཤད་ན་མ་འགྲིགས་པ་ཆེར་མེད་སྙམ།
༢ བོད་ཀྱི་བླ་ཆེན་སུ་ཞིག་ཡིན་ན་ཡང་རྒྱ་སོག་གི་རྒྱལ་པོ། ཡང་ན་བོད་ཀྱི་རྒྱལ་པོ། ཡང་ན་ནེ་པ་ལིའི་རྒྱལ་པོ་སུའུ་ལག་འོག་ཏུའང་ལས་ཀ་བྱས་ཀྱང་དེ་ནི་ཁོ་ཚོའི་རང་དབང་རེད། ང་ཚོས་ཁོང་ཚོར་རྗེས་སུ་ཡི་རང་བྱ་འོས་པ་ཞིག་ཡོད་པ་ནི་ཁོང་ཚོར་ཆབ་སྲིད་ཀྱི་རྣམ་རྟོག་མང་པོ་མེད་པ་མ་ཟད་རྒྱལ་ཁབ་དང་མི་རིགས་ཀྱི་དབྱེ་འབྱེད་ཀྱི་བསམ་བློ་ཡང་ཉུང་བར་མཐོང་བ་དེ་རེད། ཁྱེད་རང་ནས་གུང་ཁྲན་གྱི་འཁྱོག་བརྗོད་དང་སྲིད་ཇུས་མ་རུང་བ་དེ་ཚོར་ཁག་དཀྲི་སའི་བདེན་པའི་རྒྱབ་རྩ་ཞིག་འདས་ཟིན་པ་ནས་འཚོལ་ཡོང་གི་འདུག བདེན་པ་ལྟར་སྣང་བ་རེ་འགའ་རྙེད་དུ་ཆུག་ཀྱང་དེ་དག་གཙོ་བོ་གུང་ཁྲན་ཏང་དང་། མཐར་གཏུགས་ན་གུང་ཁྲན་ཏང་གི་ཏང་གཤིས་ལས་གཞན་ཁག་འཇོག་ས་མང་དུ་མ་མཆིས་སོ།
༣ མང་པོ་བཤད་རྒྱུ་ཅང་མེད། ཚིག་ཟློས་ལྟ་བུར་ཡང་འགྲོ་གི་འདུག མདོར་བསྡུས་ན། སྔོན་མའི་དུས་སུ་ཕྱིའི་སྟོབས་ཤུགས་ཤིག་ལ་རྒྱབ་རྟེན་མ་བཅོལ་བར་བོད་གཅིག་པུར་གནས་ཐུབ་བམ། དྲི་བ་གཙོ་བོ་དེ་རེད། རྒྱལ་དབང་བཅུ་གསུམ་པའི་སྐབས་ཀྱང་རྒྱབ་རྟེནབཅོལ་ས་བཙལ་རེད་དེ་བརྟན་པོ་ཞིག་མ་རྙེད་པ་རེད།
༤ རྒྱལ་པོ་ལྷ་བཟང་དང་སྡེ་སྲིད་ཀྱི་རྙོག་དྲ་དེ་ཁ་སང་ངས་བཤད་འདོད་བྱུང་ཡང་མང་དོགས་ནས་མ་བྲིས། དེ་གུ་ཤྲི་དང་རྗེས་འབྲེལ་གྱི་རྙོག་དྲ་ཞིག་ཡིན་པ་བདེན་པ་རེད། དེ་ཡང་གུ་ཤྲི་ལ་རྒྱལ་པོའི་མཚན་ཡོད་པ་དེ་དང་འབྲེལ་བ་ཡོད་རྒྱུ་རེད། མ་གཞི་དེའི་སྐབས་ཆོལ་ཁ་དང་གྲུབ་མཐའ་ཚུད་པའི་ཕྱོགས་རིས་འཐེན་འཁྱེར་མང་པོ་ཞིག་རུ་འཛིངས་བསྡད་ཡོད་པ་རེད་སྙམ། རྒྱལ་དབང་ལྔ་བ་གྲོངས་པའི་གསང་གནས། ལོ་མང་ཞིག་རྗེས་ཚངས་དབྱངས་རྒྱ་མཚོ་རྒྱལ་བའི་ཁྲི་ཁར་བཀོད་པ། འཇམ་དབྱངས་བཞད་པས་པད་དཀར་འཆང་བ་ཡེ་ཤེས་རྒྱ་མཚོ་རྒྱལ་བའི་ཡང་སྲིད་དུ་ངོས་འཛིན་གནང་བ་བཅས་རྐྱེན་མང་པོ་ཚོགས་ཡོང་ཡོད་པ་རེད་སྙམ། ག་རེ་ཡིན་ན་མིན་ན་གུ་ཤྲི་དང་ལྷ་བཟང་གཉིས་རྒྱལ་བ་རིན་པོ་ཆེའི་དགོངས་ཚུལ་ལྟར་ན་བོད་ཀྱི་མི་སེར་རེད། དེས་ན་དེ་ནང་ཁུལ་གྱི་རྙོག་དྲ་ཞིག་རེད། འདས་པའི་དུས་གང་ལྟར་ཡང་རྗེས་སུ་སྐུ་ཕྲེང་བཅུ་གསུམ་པའི་སྐབས་སུ་རྒྱལ་ཁབ་ཀྱི་ངོ་བོ་ཚང་བསྡད་ཡོད། ཡིན་ན་ཡང་ར་སྟག་གཉིས་ཀྱི་དོན་རྐྱེན་བྱུང་རེད། དེ་ལ་ཁྱེད་ནས་འགྲེལ་བཤད་ཇི་ལྟར་རྒྱག རྒྱལ་ཁབ་ཀྱི་ངོ་བོ་ཚང་བསྡད་ཡོད་པའི་དགའ་འོས་པའི་དུས་ཚོད་དེར་ཨ་མདོ་དང་ཁམས་ཀྱི་ས་ཁོངས་མང་པོ་ཞིག་བོད་གཞུང་འོག་ཚུད་མེད།
༥ གསེར་བུམ་དང་ཡང་སྲིད་སྐོར་མི་འདྲ་ས་ཁ་ཤས་བརྗོད་ན། ཀ སྔོན་མ་གསེར་བུམ་གནང་མཁན་དེ་གོང་མ་འཇམ་འཐམ་པའིདབྱངས་ཡིན། ད་ལྟ་ཡང་སྲིད་ལ་ཁྲིམས་གཞི་བཟོ་མཁན་དེ་ཆོས་ལ་དད་པ་མེད་པའི་གུང་ཁྲན་ཏང་ཡིན་པ་རེད། གཅིག་ཆོས་ལ་དད་པ་ཡོད་པ་མ་ཟད་འཇམ་པའི་དབྱངས་རེད། གཅིག་ཆོས་ལ་དད་པ་མེད་པ་མ་ཟད་ཆོས་དུག་ལ་བརྩི། དེ་མི་འདྲ་བ་ཞིག་ཏུ་མི་མཐོང་ངམ།
ཁ གསེར་བུམ་གནང་དགོས་པའི་རྒྱུ་མཚན་ནི། སྐབས་དེའི་བོད་ནང་གི་སྤྲུལ་སྐུ་ངོས་འཛིན་བྱེད་ཕྱོགས་རུལ་བསུང་ཅན་དུ་གྱུར་ཏེ་བླ་མ་གྲགས་ཅན་མང་ཆེ་བ་བླ་ཆེན་གཅིག་གི་འཁོར་དུ་སྐྱེས་པས་དེ་དག་མེད་པ་བཟོ་བའི་ཕྱིར་ཡིན་པས་ཀུན་སློང་ཡང་དག་ཡིན་པ་རེད། གུང་ཁྲན་གྱིས་ཡང་སྲིད་སྐོར་ཁྲིམས་གཞི་བཟོས་པའི་རྒྱུ་མཚན་ནི། ཁོང་ཚོའི་དབང་སྒྱུར་སྲ་བརྟན་དང་སྟབས་བདེ་ཡོང་བའི་ཆེད་ཁོ་ན་ལས་ཆོས་དད་རང་དབང་ལ་རྡོག་རོལ་གཏོང་གི་ཡོད་པས་མ་འདྲ་བ་རེད།
ག གསེར་བུམ་གནང་མཁན་གོང་མ་ཡིན་ན་ཡང་གསེར་བུམ་དཀྲུགས་འདོན་བོད་མི་རྣམས་ཀྱིས་རང་དབང་ངང་བྱས་འདུག མཚམས་རེར་དཀྲུགས་པ་དང་མཚམས་རེར་མ་དཀྲུགས་པའང་བྱུང་འདུག རང་ལ་རང་དབང་ཡོ་པ་རེད། གུང་ཁྲན་གྱི་སྒྲིག་གཞི་དེ་ཚོ་མི་མང་ལ་འདོད་མོས་མེད་བཞིན་དུ་བཙན་པོའི་དབང་ཡོད་གཏོང་གིཡོད་པས་རང་དབང་མེད་པ་རེད། གཅིག་ལ་རང་དབང་ཡོད་པ་དང་གཅིག་ལ་རང་དབང་མེད་པས་མ་འདྲ་བ་རེད།
ང་། གཅིག་གི་མགོ་ཐོག་ན་བཙན་པོ་དབང་ཡོད་བྱེད་མཁན་ཞིག་ཡོད་པ་དང་གཅིག་གི་མགོ་ཐོག་ན་དེ་མེད་པ་དེའང་མ་འདྲ་ས་ཞིག་རེད།
༦ ང་ལུམ་སྦྱར་གསུམ་དམར་གསོད་གཏོང་སྟངས་དེ་རྒྱ་ནག་གོང་མ་ལ་སྦྱར་དུ་ཡོད་ན་ལུང་ཤར་གྱི་མིག་འབྲས་བཏོན་པའི་མཚོན་སྡེ་བ་གཞུང་གི་ཁྲིམས་གཅོད་ངན་པ་དེ་ཚོ་རྒྱལ་བ་རིན་པོ་ཆེར་སྦྱར་ཆོག་པ་རེད།
༧ སིལ་བུར་འཐོར་བའི་རྒྱལ་ཁབ་དེ་རང་ཉིད་ཀྱིས་ནང་ནས་རྒྱལ་ཁབ་འཛུགས་ཐུབ་ན་ཡག་པོ་རེད་དེ་མ་ཐུབ་པ་རེད། དེ་བས་གཞན་ལ་རྒྱབ་རྟེན་བཅོལ་བ་རེད། ཁ་སང་བཤད་པ་བཞིན་སོག་པོས་ཐེངས་གཅིག་མིན་དུ་བོད་ཆོལ་ཁ་གསུམ་གཅིག་གྱུར་བཟོས་ནས་བྱིན་ཡང་ཡང་སྐྱར་ཁ་འཐོར་ཕྱིན། སྤྱིར་བཏང་ཁོ་ཚོ་རྒྱལ་ཁོངས་དཔོན་ཁོངས་སོ་སོ་བྱས་ཁ་ཐོར་ངང་བསྡད་ན་སྐྱིད་པོ་དང་རང་དབང་ཡང་ཆེ། མ་གཞི་གཅིག་གྱུར་ཟེར་བ་དེ་རྗེས་ཀྱི་སྐད་ཆ་ཞིག་རེད། གཞན་ཞིག་གིས་བཙན་འཛུལ་བྱུང་བའི་སྐབས་གཞི་ནས་གཅིག་གྱུར་གྱི་བསམ་བློ་ཞིག་འཁོར་གྱི་ཡོད།
༨ སྔོན་མའི་སྐབས་བྱུང་བའི་དོན་དག་དེ་ཚོ་ཐག་གཅོད་པར་དེའི་སྐབས་ཀྱི་མི་དེ་ཚོ་མཁས་ཤོས་ཡིན་པ་རེད། ང་ཚོས་ད་ལྟ་ཕྱིར་བལྟས་སློག་ནས་འདི་འགྲིགས་ཤག་འདི་འགྲིགས་མི་འདུག་ཟེར་རྒྱུ་དེ་ལས་སླ་པོ་ཡིན་ཡང་། དེའི་སྐབས་ཀྱི་གནས་སྟངས་དེ་ཁག་པོ་ཞིག་ནང་ཚུད་བསྡད་ཡོད་པ་དང་། དེའི་སྐབས་ཀྱི་མིའི་བསམ་བློ་གཏོང་སྟངས་དང་ད་ལྟའི་མིའི་བསམ་བློ་གཏོང་སྟངས་གཉིས་རྦད་དེ་ལོགས་སུ་ཡོད་པ་རེད། དུས་ཚོད་དང་། ཆབ་སྲིད། ཁོར་ཡུག མི་རིགས་དང་རྒྱལ་ཁབ་དབྱེ་འབྱེད་མང་པོ་ཞིག་གིས་འབག་བཙོག་ཏུ་གྱུར་པའི་ང་ཚོའི་ད་ལྟའི་བསམ་བློ་གཞིར་བཟུང་ནས་སྔོན་གྱི་དོན་ཞིག་ལ་ཁ་ཚོན་མང་པོ་གཅོད་རྒྱུ་དེ་ཁག་པོར་མཐོང་། དེའི་སྐབས་ཀྱི་མིའི་བསམ་བློ་གཏོང་སྟངས་ཤེས་དགོས་རྒྱུ་དེ་གལ་ཆེན་པོར་མཐོང་།
གསལ་བཤད།
ང་རང་ལོ་རྒྱུས་པ་དེ་འདྲ་གང་ཡང་མིན། ཡིན་ན་ཡང་། སྐབས་རེར་ལོ་རྒྱུས་མཁན་དུ་རློམ་པ་དེ་འདྲས་སྤོབས་པ་ཆེན་པོས་གང་བྱུང་མང་བྱུང་ཞིག་མ་བརྟག་མ་དཔྱད་པར་ཡིན་མདོག་ཁ་པོའི་ངང་བཤད་ཡོང་དུས་ངས་ཡིན་གཅིག་མིན་གཅིག་ལྡོག་ཕྱོགས་ནས་ལན་སློག་དགོས་ཀྱི་འདུག དེ་ངའི་གཤིས་ཀ་རེད། དེ་མ་མ་གཏོགས་ངས་འདི་ཚོ་བདེན་པ་ཡིན་བསམ་ནས་བྲིས་མེད། ང་ཚོར་དོན་སྙིང་ལྡན་པའི་སྐད་ཆ་ཞིག་བརྗོད་རྒྱུར་ཁག་པོ་ཡོད་པ་ནང་བཞིན་དོན་མེད་ཀྱི་སྐད་ཆ་ཞིག་འགོག་རྒྱུར་ཡང་ཁག་པོ་མི་འདུག་གམ།
ལོ་རྒྱུས་འབྲི་བར་ཞིབ་ཚགས་དགོས། །
སྙན་ངག་འབྲི་བར་བག་ཡངས་དགོས།།
དཔྱད་པ་འབྲི་བར་རྣམ་དཔྱོད་དགོས།།
གང་བྱུང་འབྲི་བར་སྤོབས་པ་དགོས།།
ལོ་རྒྱུས་འབྲི་ན་ཕྱོགས་རིས་སྤོངས།།
སྙན་ངག་འབྲི་ན་གུ་དོག་སྤོངས།།
དཔྱད་པ་འབྲི་ན་ཡིད་ཚོད་སྤོངས།།
གང་བྱུང་འབྲི་ན་གང་དགར་མཛོད།།
ཅི་འབྲི་རང་གི་རང་དབང་རེད།།
སྐེ་ཐིའི་དཔོན་པོ་མགོ་ཐི་རེད།།