རབ་འབྱོར་གྱིས།
ཉེ་ཆར་ངས་བོད་ཀྱི་སྐད་ཡིག་གི་དྲ་རྒྱའི་ཡིག་གཟུགས་ཀྱི་ལེ་ཚན་ལ་ལྟད་སྐོར་ཞིག་བྱས་པར། དཔེ་སྐྲུན་གྱི་ཡིག་གཟུགས་ཀྱི་བྲི་གཞི་ཞིག་ངག་གི་དབང་པོ་འདས་པོ་དོན་གྲུབ་རྒྱལ་མཆོག་གི་གསུང་ཚིག་ཅིག་ཡིན་པ་འདི་ལྟར། ” ལ་རྒྱ་ནི་རང་རེའི་བླ་སྲོག་ཡིན། ང་རྒྱལ་ནི་རང་གི་གཟི་བརྗིད་ཡིན། ཕ་མས་སྤྲད་པའི་མགོ་བོ་མཐོན་པོ་དེ། གཞན་གྱི་རྐང་འོག་ཏུ་མི་འཇོག་པ་དང་། ཁ་བ་ཅན་གྱི་ལ་རྒྱའི་དཔུང་བ་དེ། གཞན་གྱི་མགོ་ཐོག་ཏུ་འགྲེང་ནུས་ན། རང་རིགས་ཀྱི་གཟི་བརྗིད་དང་། མེས་རྒྱལ་གྱི་ལ་རྒྱ་ཡང་རེད། “།
སྤྱིར་བཏང་མཁས་པ་སུ་ཞིག་གི་གསུང་ངག་ཅིག་ཡིག་གཟུགས་ཀྱི་བྲི་གཞིར་གྱུར་སྐབས། མི་མང་པོའམ་ཡང་ན་མི་སྐོར་ཞིག་གིས་གསུང་ངག་དེ་ལ་ཚིག་དོན་གྱི་ཆ་གང་རུང་ནས་བརྩི་མཐོང་ཆེ་བའི་རྟགས་ཡིན། དེས་ན་འདས་པོ་དོན་གྲུབ་རྒྱལ་མཆོག་གི་གོང་འཁོད་གསུང་ཚིག་དེ་ཡིག་གཟུགས་ཀྱི་བྲི་གཞིར་གྱུར་ཡོད་པ་ཡང་མི་སྐོར་ཞིག་གིས་དེ་གསུང་ངག་རྩ་ཆེན་ཞིག་ཏུ་བརྩི་བའི་མངོན་རྟགས་ལོས་ཡིན།
འདས་པོ་དོན་གྲུབ་རྒྱལ་མཆོག་ནས་ད་དུང་། མི་ལ་ང་རྒྱལ་དགོས། མི་སྒེར་པའི་ང་རྒྱལ་བསགས་ནས་མི་རིགས་ཤིག་གི་ང་རྒྱལ་གྲུབ་པ་ལྟ་བུ་ཞིག་ཀྱང་གསུངས་ཡོད་སྐད་ལ། དེ་ནི་དེང་སང་གི་གཞོན་སྐྱེས་ཤེས་ཡོན་ཅན་རྣམས་ཀྱིས་ལེགས་བཤད་དུ་ལོས་བརྩི། ཁོང་ཚོས་གུས་མཐོང་ཆེ་བའི་དགུང་བབ་ཅུང་མཐོ་བའི་མཁས་པ་འགའ་རེས་ཀྱང་ལེགས་བཤད་དུ་བརྩིས་ཡོད་པ་རེད་ཅེས་ཀྱང་ཐོས་མྱོང་།
ང་ཚོ་གོ་ལོབས་སུ་སོང་ཡོད་པའི་གོ་དོན་གང་ཞིག་ནོར་འཁྲུལ་དུ་བརྩིས་ནས་“ང་རྒྱལ་“ཞེས་པའི་ཐ་སྙད་འདི་ལ་དཀར་འདོན་ཞིག་བྱེད་རྒྱུ་མིན་ན་ཆོས་དང་འཇིག་རྟེན་གཉིས་ཕྱོགས་ནས་དེ་“གཟི་བརྗིད་“འགྲོ་ཐབས་གཏན་ནས་མེད། དེ་ནི་སུ་ཞིག་གིས་རང་ལ་ཡོན་ཏན་གང་མཚམས་ཤིག་ཡོད་པ་དེ་ལ་མཐོང་འཇོག་ཚད་ལས་བརྒལ་བ་བྱེད་ཅིང་། གཞན་གྱི་ཡོན་ཏན་ལ་མཐོང་འཇོག་མི་བྱེད་པ་དང་། ཐ་ན་ཁྱད་གསོད་བྱེད་པའི་བསམ་སྤྱོད་ཅིག་ཡིན་ལ། དེ་ནི་ང་ཚོ་བོད་ཙམ་མ་ཡིན་པར་འགྲོ་བ་མིའི་སེམས་རྒྱུད་ཀྱི་སྤང་བྱ་ཞིག་ཡིན།
སྤྱིར་བཏང་དུས་རབས་ཀྱི་སྣོལ་མཚམས་དང་། དུས་ཟིང་། རིག་གཞུང་དང་གོམས་སྲོལ་ཕར་འདྲེས་ཚུར་འདྲེས་བཅས་ཀྱི་སྐབས་ལ་མི་རིགས་ཤིག་གི་བླང་དོར་རམ་ལེགས་ཉེས་ཀྱི་རྣམ་དབྱེ་(བོད་ནང་གི་ཤེས་ཡོན་ཅན་མང་པོས་འདི་ལ་རིན་ཐང་གི་ལྟ་བ་ཟེར།)ཅུང་ཙམ་རེ་འཁྲུག་པ་ནི་ཡོང་སྲིད་པ་ཞིག་རེད། ཡིན་ན་ཡང་འགྲོ་བ་མིའི་སེམས་རྒྱུད་ཀྱི་རྩ་བའི་བླང་དོར་གྱི་རྣམ་དབྱེ་འཁྲུག་པ་སྟེ། ང་རྒྱལ་ནི་གཟི་བརྗིད་དུ་བརྗོད་པ་ལྟ་བུའི་ལེགས་ཉེས་གོ་ལྡོག་ནི་ཉུང་མཐའ་ཡང་ང་ཚོ་བོད་ཀྱི་ལོ་རྒྱུས་ཐོག་ལ་བྱུང་རབས་མེད། ང་ཚོ་བོད་ལ་མཚོན་ན། རིག་གནས་གསར་བརྗེ་ནི་བླང་དོར་གྱི་རྣམ་དབྱེ་འཁྲུག་ཚབས་ཆེ་བའི་དུས་ཟིང་ཞིག་ཡིན། དུས་ཟིང་དེའི་ནང་ལ། མི་མང་པོ་ཞིག་གི་ཤེས་པ་རྣལ་དུ་མ་གནས་ཏེ་སྨྱོ་ཧམ་དུ་གྱུར་ནས། བུས་ཕ་ལ་རྒོལ་བ་དང་སློབ་མས་དགེ་རྒན་ལ་རྒོལ་བ་ལྟ་བུའང་བྱུང་ཡོད། གནས་སྟངས་དེ་ལྟ་བུའི་འོག་ལ་ཡང་། མི་རྣམས་ཀྱིས་མའོ་ཀྲུའུ་ཞིའི་གསུང་བཏུས་ཀྱི་ནང་ན་“…ཁེངས་སྐྱུང་བྱས་ན་ཡར་ཐོན་ཡོང་། ང་རྒྱལ་བྱས་ན་རྗེས་ལུས་ཟེར་བའི་བདེན་དོན་དེ་ང་ཚོས་དུས་གཏན་དུ་བློ་ལ་ངེས་དགོས་གི་རེད།“ཟེར་བ་ལྟ་བུའི་ང་རྒྱལ་བྱེད་མི་ཉན་པའི་བསླབ་བྱ་དུ་མ་ཡོད་པ་རྣམས་བློ་ཐོག་དང་ཡིག་ཐོག་ནས་དབྱངས་སུ་གྱེར་ནས་བཏོན་ཡོད།
ང་རྒྱལ་ལ་གོ་དོན་ཡག་པོ་ཞིག་མེད་པ་ནི་སྤྱི་ཚོགས་ཀྱི་ཚོགས་མི་སུ་ཞིག་གིས་ཀྱང་སློབ་སྦྱོང་བྱེད་མི་དགོས་པར་རང་བཞིན་གྱིས་ཤེས་འགྲོ་བ་ཞིག་རེད། ང་རྒྱལ་མེད་སྙམ་མཁན་ཞིག་ལ་ང་རྒྱལ་འདུག་ཅེ་ན། བྱིས་པ་སྣབས་ལུག་ཅིག་ཡིན་ན་ཡང་རང་ཉིད་ལ་དག་སེལ་གང་ཐུབ་ཅིག་བྱེད་ངེས་རེད། དོན་གྲུབ་རྒྱལ་ནི་བོད་ཀྱི་རྩོམ་རིག་ལ་སྲོག་ཟུངས་གསར་སྣོན་བྱེད་མཁན་གྱི་རིག་སྟོབས་ཅན་གྱི་མི་ཞིག་རེད། ང་རྒྱལ་ཞེས་པ་འདི་འགྲོ་བ་མིའི་སེམས་ཁམས་ཀྱི་སྤང་བྱ་ཞིག་ཡིན་པ་དེ་ཁོང་གིས་ལོས་མཁྱེན། འོ་ན་དོན་གྲུབ་རྒྱལ་གྱིས་ཅིའི་ཕྱིར་“ང་རྒྱལ་ནི་རང་གི་གཟི་བརྗིད་“དེ། གཞན་ལ་ངོམ་འོས་པ་ཞིག་དང་གཞན་གྱིས་ཡིད་སྨོན་བྱེད་འོས་པ་ཞིག་ཏུ་བརྗོད་པ་རེད་ཅེ་ན། གཅིག་བྱས་ན་དོན་གྲུབ་རྒྱལ་རང་ཉིད་ང་རྒྱལ་གྱི་དབང་འོག་ཏུ་ཤོར་བ་རེད།
དུས་རབས་གོང་མའི་ལོ་རབས་བདུན་ཅུའི་མཇུག་ནས་བཟུང་དོན་གྲུབ་རྒྱལ་ལགས་ཀྱི་སྙན་གྲགས་རྒྱས་མགོ་ཚུགས་ཡོད་ལ། དེ་དང་མཉམ་དུ་ཁོང་གི་ང་རྒྱལ་ཡང་རྒྱས་མགོ་ཚུགས་ཡོད་ཅིང་། ལོ་རབས་བརྒྱད་ཅུའི་འགོར་ཁོང་གི་སྙན་གྲགས་འབར་བའི་སྐབས་སུ་ཁོང་གི་ང་རྒྱལ་ཡང་དེ་མཚུངས་སུ་འབར་བཞིན་ཡོད་པ་འདྲ། པད་མ་འབུམ་ལགས་ཀྱིས་བྲིས་པའི་དོན་གྲུབ་རྒྱལ་གྱི་མི་ཚེའི་ལོ་རྒྱུས་(རྒྱ་གར་ན་ཡོད་པའི་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་ཟེར་བ་དེས་༡༩༩༤ ལོར་དོན་གྲུབ་རྒྱལ་གྱི་ལང་ཚོའི་རྦབ་ཆུ་དང་ལྗགས་རྩོམ་བདམས་སྒྲིག་ཟེར་བའི་དོན་གྲུབ་རྒྱལ་གྱི་གསུང་རྩོམ་ཕྱོགས་བསྒྲིགས་ཤིག་བཏོན་ཡོད་པ་དེའི་འགོ་བརྗོད།)སུ། སྐབས་དེར་དོན་གྲུབ་རྒྱལ་ལ་ང་རྒྱལ་ཆེན་པོ་ཡོད་པ་མ་ཟད། ང་རྒྱལ་དེ་རང་གི་ཡོན་ཏན་དུ་ངོམ་ཚུལ་དང་། སྔོན་བྱོན་མཁས་པ་ལ་བརྩི་མཐོང་ཆུང་ཚུལ་སོགས་གསལ། ང་རང་ཉིད་ཀྱང་དོན་གྲུབ་རྒྱལ་ལ་འབྲེལ་འདྲིས་ཡོད་པའི་མི་འགའ་རེ་ལ་ཐུག་རྒྱུ་བྱུང་། དེ་དག་ལ་དོན་གྲུབ་རྒྱལ་གྱི་སྐུ་ཡོན་བརྗོད་རྒྱུ་ལོས་ཡོད། དེ་དང་མཉམ་དུ་དོན་གྲུབ་རྒྱལ་གྱིས་ཆང་དང་བུད་མེད་གཉིས་བག་མེད་དུ་བསྟེན་ཅིང་། ཁོང་ལ་ང་རྒྱལ་ཆེ་ཚུལ་ཡང་གང་མང་བརྗོད་རྒྱུ་འདུག དོན་གྲུབ་རྒྱལ་ལགས་དང་མཉམ་དུ་ལོ་རེ་ཟུང་ལ་ཕྱག་ལས་གནང་མྱོང་བ་ཞིག་གིས་ང་ལ་ དོན་གྲུབ་རྒྱལ་གྱིས་“ང་ལ་མི་ཤེས་ཟེར་བ་དེ་མེད། མི་ཤེས་ཟེར་བ་དེ་ཐན་ཞིག་རེད།“ཅེས་ཡང་ཡང་གསུངས་མྱོང་ཟེར།
དོན་གྲུབ་རྒྱལ་ལགས་ཀྱི་ང་རྒྱལ་ནི་སྐབས་འགར་ང་རྒྱལ་ཙམ་མ་ཡིན་པར་དེ་ལ་ཁྱད་གསོད་ཀྱི་ངོ་བོ་ཡོད། པད་མ་འབུམ་ལགས་ཀྱིས་བྲིས་པའི་དོན་གྲུབ་རྒྱལ་ལགས་ཀྱི་མི་ཚེ་ལོ་རྒྱུས་སུ། ཁོང་གིས་ཉིན་ཞིག་སྟོན་པ་ཤཱཀྱ་ཐུབ་པ་ཁྱི་རེད་ཅེས་འབྲི་རྒྱུ་ཡིན་ཞེས་གསུང་ཚུལ་བཀོད་འདུག གཏམ་འདི་ལ་རྟགས་གསལ་རྩོད་ལུགས་ཀྱི་བདེན་པ་རེ་ཡོད་ན་ཡང་། ཁོང་གིས་འདི་ལྟར་གསུང་དོན་ནི་བདེན་པ་དེ་ངོ་སྤྲོད་བྱེད་ཆེད་མིན་པར། ཆོས་དད་ཅན་རྣམས་ཀྱི་སེམས་ལ་ཕོག་ཐུག་གཏོང་ཆེད་ཡིན་པའི་ཚོར་བ་འགོག་མེད་དུ་སྟེར།
བོད་ཀྱི་ཁ་དཔེར། ཕ་གསོད་ཀྱི་དགྲ་མ་ཐུབ་ན་དགྲ་མིན། གསེར་གྱི་ཕ་བོང་མ་ཁྱོགས་ན་རྒྱུ་མིན། ཟེར་བ་ལྟར། ཕྱི་ཡི་དགྲ་མ་ཐུབ་སྟེ་དགྲ་འོག་ཏུ་ཤོར་ན། དེ་དགྲ་ཡིན་པ་ཕར་ཞོག དེ་བསྟོད་པ་བྱ་ཡུལ་དུ་འགྱུར་བ་ནི་ང་ཚོ་མི་རབས་འདིའི་མྱོང་ཆོས་ཤིག་ཡིན། གཅིག་བྱས་ན་ནང་སེམས་རྒྱུད་ཀྱི་དགྲ་ཡང་དེ་ལྟར་ཡིན་སྲིད། ང་རྒྱལ་ལྟ་བུ་ཕར་དགྲ་ངོ་མ་ལོན་དུས་དེས་མི་གང་ཞིག་གི་སེམས་རྒྱུད་ལ་དབང་སྒྱུར་གང་འཚམས་རེ་བྱེད་གཏན་འཁེལ་བ་རེད། དེ་དུས་དེ་དགྲ་རུ་བརྩི་བ་ལས་“གཟི་བརྗིད་“དུ་བརྩིས་ན་དེའི་དབང་སྒྱུར་དང་ལེན་བྱེད་བདེ་བ་མ་ཡིན་ནམ།
སྤོབས་པ་དང་ང་རྒྱལ་ནོར་ཉེན་ཡོད། དང་པོ་དགོས་ལ་ཕྱི་མ་མི་དགོས། །
རབ་འབྱོར་ལགས།
དོན་འགྲུབ་རྒྱལ་ལགས་ཀྱི་ཟག་འདྲ་འབྲུ་དགོངས་ཚེ་གོང་གི་མེས་རྒྱལ་གྱི་ལ་རྒྱ་ཞེས་པའི་སྐབས་ཀྱི་མེས་རྒྱལ་ལ་འཇུས་ནས་ཤོད་དང་དེ་ལས་མང་ཙམ་ཞིག་བཤད་རྒྱུ་རེག་ཀྱང་སྲིད།
ཁོང་གི་གསུང་ཚིག་ལང་འདྲེན་སྟངས་དེ་ཁྱོན་ནས་སྣང་བ་འགྲོ་མ་སོང་།
ཁྱོས་ཁོང་གི་གསུང་དྲངས་ཡོད་པ་དེ་ཡང་འཐད་པར་མི་འདོད་དེ།
མཁས་དབང་དོན་འགྲུབ་རྒྱལ་མཆོག་ནས་༼མི་རིགས་ཀྱི་ལ་རྒྱ་དང་མེས་རྒྱལ་གྱི་གཟི་བརྗིད་རེད་༽ཅེས་གསུངས་ཡོད་པ་ལས་ཁྱོད་ཀྱི་ལྟར་༼མི་རིགས་ཀྱི་གཟི་བརྗིད་དང་མེས་རྒྱལ་གྱི་ལ་རྒྱ་རེད༽་ཟེར་བ་ཞིག་ཁྱོན་ནས་གསུངས་ཡོད་པ་མ་རེད་ལ། གསུང་གིའང་མ་རེད། འདི་ངའི་བློ་ལ་གསལ་གྱི་ལེར་འདུག
ད་དུང་༼ ཕ་མས་སྤྲད་པའི་མགོ་བོ་མཐོན་པོ་དེ། གཞན་གྱི་རྐང་འོག་ཏུ་མི་འཇོག་པ་དང་། ཁ་བ་ཅན་གྱི་ལ་རྒྱའི་དཔུང་བ་དེ། གཞན་གྱི་མགོ་ཐོག་ཏུ་འགྲེང་ནུས་ན༽ཞེས་པ་འདིའང་ཏག་ཏག་ཅིག་བསྡད་མེད་པར་འདོད། རབ་ཡིན་ན་གསུང་ཚིག་དེ་ཏག་ཏག་ཕབ་ཐུབ་ནའང་ཤིན་ཏུ་བཟང་།
དེ་ལས་དྲི་བ་ཞིག་འདྲི་འདོད་པ་ནི། ཁ་ཆེ་ཕ་ལུའི་བསླབ་བྱར་དགག་པ་བརྒྱབ་པ་ཞེས་པའི་རྩོམ་ཉོག་ལུང་པ་གང་གི་དེབ་ཅིག་ཏུ་རྩོམ་པ་པོ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བཟོ་ཞིང་དམག་གི་སློབ་གྲའི་དགེ་རྒན་ཡིན་སྐད་ཞིག་འདུག་པ་དེ་སུ་ཡིན་མིན་ཤེས་སམ།
ཨ་ཡ། འདི་ན་ཅི་འདྲའི་རྩོམ་ཡག་ཅིག་འདུག འདི་གྲྭ་སྨྱོན་བསྟན་རབ་ཀྱི་སྦྲ་རྒན་ནག་ལྡང་མའི་ནང་དུ་འདུག ཁ་བརྡའི་དྲ་ངོས་སུ་བཀོད་ན་བྲོ་བ་ཆེ་གི་ཡ། ད་ཡིན་ན་སང་རྡོར་ཀྱི་ལྟ་བ་ཤེས་སོང་། མི་རུས་པ་ཅན་ཞིག་ཡིན་ངེས་རེད།
སེང་རྡོར་གྱི་རྩོམ་གསོན་པོ་ཞིག་འོས་སྦྱོར།
ང་ཚོའི‘གླུད་ཚོགས’འདི་ལ་ག་རེ་བྱེད། (ཞར་བཀོད་གཉིས།)
ང་ཚོའི་གླུད་ཚོགས་འདི་ལ་ག་རེ་བྱེད།
རྒྱ་གར་ཚ་བའི་གླིང་ནས་དཔགས་ཡས་འཕྲིན་ལས་བསྐྱངས་ཤིང་། །
ཡུལ་བྱོལ་བོད་མིའི་ཉོག་ལ་སྙིང་རྗེས་གུ་ཡངས་མཛད་པའི། །
བླ་གོས་དམར་འོད་གཤོག་པས་གངས་ཆེན་མཐའ་ནས་གསལ་མཁན། །
དེས་པའི་དགེ་སྦྱོང་ཁོང་ལ་གུས་ཙམ་བྱས་ནས་འདི་སྨྲ། །
གཞུང་སའི་བཀའ་ཁྲི་དེ་ཚོ་ཇི་འདྲའི་ཕྱི་དལ་ཆེ་བ། །
ངྷ་སའི་མཁས་རློམ་དེ་ཚོ་ཇི་འདྲའི་ས་ཆོད་མེད་པ། །
བྱེས་སྡོད་བོད་མི་དེ་ཚོ་ཇི་འདྲའི་མདོ་མེད་ཡིན་པ། །
ཕ་རྒོད་ཁྱེད་ཀྱི་མཚན་ལ་ཁོ་ཚོས་ཞབས་འདྲེན་བྱས་སོང་། །
དེ་ཀའི་བླ་མ་ཁོང་ཚོ་ཇི་འདྲའི་ཤེས་རབ་ཞན་པ། །
དེ་ཀའི་ཆོས་པ་ཁོང་ཚོ་ཇི་འདྲའི་ཉམས་རྟོགས་དམའ་བ། །
དེ་ཀའི་གྲྭ་པ་ཁོང་ཚོ་ཇི་འདྲའི་གོ་རིག་བླུན་པ། །
བཤེས་མཆོག་ཁྱེད་ཀྱི་མཚན་ལ་དེ་ཚོས་ཐ་གུ་བཏགས་སོང་། །
གནས་དེའི་སྐྱ་བོ་དག་ནི་གང་འདྲའི་རྨོངས་ཞེན་མཐུག་པ། །
གནས་དེའི་སྐྱ་བོ་དག་ནི་གང་འདྲའི་མཇིང་རུས་སྙི་བ། །
གནས་དེའི་སྐྱ་བོ་དག་ནི་གང་འདྲའི་མགོ་བདེ་ཡིན་པ། །
མི་ཆེན་ཁྱེད་ཀྱི་མཚན་ལ་ཁོ་ཚོས་ཁྲམ་ཁ་བཏབ་སོང་། །
ཁྱེད་ཀྱིས་མི་སྐད་སྨྲས་ཀྱང་ཁོ་ཚོས་གོ་བ་མི་བསྐྱོན། །
ཁྱེད་ཀྱིས་ལྷ་ཚུགས་སྤངས་ཀྱང་ཁོ་ཚོས་སྣང་བ་མི་བྱེད། །
ཁྱེད་རང་སད་ནས་ཡོད་མོད་ཁོ་ཚོ་གཉིད་དེ་འདུག་ཅེས། །
འདི་ན་ཤེས་ལྡན་དག་གིས་རིགས་པའི་སྐྱོ་གཏམ་བྱེད་དོ། །
དེབ་ཉོག་འགའ་རེ་བྲིས་པར་ཡིག་ནོར་མིན་པ་གཅིག་མེད། །
རྩོམ་རྡུགས་སྐོར་རེ་སྤེལ་བར་གོ་བརྡ་འཕྲོད་པ་ཅང་མེད། །
དྲ་ཚིགས་སྐད་པ་དག་ཀྱང་ངོས་གཙང་ཡིན་པ་དུ་ཡོད། །
སྐད་ཆའི་རང་བཙན་ཙམ་ཡང་སྤགས་ཁུག་དེ་ཚོས་མི་ནུས། །
གསང་འོས་ཡིན་པ་གང་ཞིག་གཤོག་པ་སྤྲད་ནས་འུར་འགྲོ། །
བསྒྲགས་འོས་དོན་བྱ་མང་པོ་ནང་ཁོག་བརྗེ་ནས་སྦེད་འགྲོ། །
ཚོད་ལ་རན་པའི་བྱེད་སྟངས་འཐོམ་རྐྱལ་ཁོ་ཚོས་མི་ཤེས། །
ཨ་ཉོག་འོ་འཐུང་བཞིན་དུ་གྱ་གྱུ་མང་པོ་བྱེད་ཨང་། །
འདི་རུ་ས་བྱི་ཆེན་མོར་ཚེ་ཡི་ཞུགས་ལྕེ་ཅི་མཆེད། །
ད་དུང་སྐྱེ་རྒུའི་ས་ཡོམ་བྱུ་རུའི་ཆར་གྱིས་ཅི་བྲན། །
ཕྱི་ཕྱིར་དཔའ་བོའི་ཡི་གེ་ཁྲི་མོན་དོང་དུ་ཅི་བཞད། །
བསྔགས་བསྟོད་རྔ་བོ་ཆེ་ནི་ང་ཚོས་ང་ཚོར་བརྡུང་རྒྱུ། །
བྱེས་ལ་ཁོ་ཐག་ཆད་པ་སྐྱེས་བུ་རེ་གཉིས་མ་རེད། །
བྱེས་ལ་ཡི་ག་ལོག་པ་གང་ཟག་ཁ་ཤས་ཅི་ཡིན། །
བྱེས་ལ་ཨ་ཐང་ཆད་པ་ས་ཡ་དྲུག་པོ་རེད་པས། །
ང་ཚོས་མགྲིན་དབྱངས་གཅིག་གིས་ཁོ་ཚོར་གླུད་ཚོགས་འབོད་རྒྱུ། །
འཇམ་དབྱངས་ནོར་བུ་ལ་སོགས་རེ་གཉིས་ཤིན་ཏུ་སྟོབས་ཅིང་། །
མཁར་རྨེའུ་བསམ་གཏན་ལ་སོགས་ཁ་ཁེར་ཨ་ཅང་བརྗིད་ལ། །
ཁང་དཀར་ཚུལ་ཁྲིམས་ལ་སོགས་ལ་ལ་ཀུན་ཏུ་འཕགས་ཏེ། །
སྙིང་དང་ལྡན་པའི་ཁོང་ཅག་གླུད་ཚོགས་གྲས་སུ་བགྲངས་མེད། །
གཟུངས་འོད་གཡུ་ལྡོང་ལ་སོགས་ཟུར་ཅན་ལྟ་ལོག་དེ་ཚོ། །
གླུད་ཚོགས་གྲས་སུ་མེད་ཅེས་འདི་ནས་བསྒྲགས་གཏམ་སྤེལ་ཏེ། །
ཧོར་འཇིགས་ཨར་བོད་ལ་སོགས་གྲོགས་སྤུན་གཉའ་རེངས་སྐོར་ཞིག །
གླུད་ཚོགས་མིན་ན་སྐྱིད་ཅེས་དབུགས་རིང་ཐེངས་གསུམ་ལེན་རྒྱུ། །
ཁྱེད་ལ་འདི་ལྟར་ཞུ་བ་འོས་སུ་འཐད་པ་མིན་མོད། །
གཞིས་བྱེས་གཉིས་ཀྱི་བསྡུར་ཨང་དོན་གྱིས་དེ་འདྲ་རེད་ཅེས། །
རེའུ་མིག་ཅིག་གི་དོད་དུ་ཉུང་ཙམ་ཟུར་དུ་བཏོན་པར། །
ཁྱུག་ཙམ་ཁོམ་པ་མཆིས་ཚེ་བཞད་མོ་བཞད་དེ་གཟིགས་རོགས། །
2010.5.31
རབ་འབྱོར་ལགས། དོན་རྒྱལ་གྱིས་་་་་་་་་་གཞན་གྱི་མགོ་ཐོག་ཏུ་འགྲེང་ནུས་ན། རང་རིགས་ཀྱི་གཟི་བརྗིད་དང་། མེས་རྒྱལ་གྱི་ལ་རྒྱ་ཡང་རེད། “ ཟེར་བའི་མེས་རྒྱལ་དེ་བོད་ཀྱི་མེས་པོའི་རྒྱལ་ཁབ་རེད་དམ། ༡༩༥༩ལོར་བོད་མེས་རྒྱལ་གྱི་པང་དུ་ལོགས་པ་རེད་ཟེར་བའི་མེས་རྒྱལ་དེ་རེད། ངས་བསམ་ན་ཀྲུང་ཧྭ་མི་རིགས་ཀྱི་མེས་རྒྱལ་ལམ་རྒྱ་མིའི་མེས་པོའི་རྒྱལ་ཁབ་ལ་གོ་དགོས་པ་འདྲ། རྒྱུ་མཚན་ནི་་་་་
ངག་གི་དབང་པོ་འདས་པོ་དོན་གྲུབ་རྒྱལ་མཆོག་གིས་་་་་་རྒྱལ་སྤྱིའི་ཐོག་གི་བཙན་རྒྱལ་རིང་ལུགས་དང་སྤྱི་ཚོགས་ཐོག་གི་ལོག་སྤྱོད་ཕྱོགས་ཁག་གིས་བོད་སྒེར་ཚུགས་ཀྱི་རྒྱལ་ཁབ་ཡིན་པར་བཤད་དེ། རང་རེའི་མེས་རྒྱལ་ཁ་བྲལ་དུ་གཏོང་བསམ་གིན་ཡོད། ཟེར་བ་དང་ཡང་དེའི་འོག་ནས་མཁས་ཆེན་ཁོང་གིས་་་་་་་་་རང་རེའི་མི་རིགས་ནི་ཏང་དང་མེས་རྒྱལ་ལ་དགའ་ཞེན་ཆེ་བའི་མི་རིགས་ཤིག་ཡིན། ལན་ཁ་གསལ་རེ་གནང་ལན་ཡོད་པར་ཞུ།
རྩོམ་འདིའི་ནང་དོན་མདོར་བསྡུས་ན།རིག་གསར་གྱི་སྐབས་སུ་རྒྱ་ཁྱབ་ཏུ་བཀོལ་བཞིན་པའི་སྐད་ཆ་ཉག་གཅིག་ཏེ་།
གསར་བརྗེ་སྙིང་སྟོབས་དགོས་།སྙིང་བཞི་གཏོར་བའི་སྙིང་སྟོབས་དགོས་ཟེར་བ་དེ་རེད་།ངས་སྔོན་ནས་བཤད་ཡོད་པ་བཞིན་།དོན་རྒྱལ་གསར་བརྗེ་སྙིང་སྟོབས་དང་།ལྷག་པར་ཏུ་རྙིང་བཞི་བཅོམ་པའི་སྙིང་སྟོབས་ཡོད་པ་ནི་ལུས་ངག་གང་གི་ཐད་ནས་ཀྱང་སྒྲུབ་ཐུབ་།
རབ་འབྱོར་ལགས་ཀྱིས་གསར་བརྗེ་སྙིང་སྟོབས་ཟེར་བའི་ཚིག་འདི་”ང་རྒྱལ་”་ཟེར་བ་ལ་བསྒྱུར་འདུག་།དོན་རྒྱལ་ལ་དཔེ་བཞག་ན་དོན་གྱི་གཅིག་་རེད་།དེ་འདྲ་མ་རེད་དམ་།
དྲ་གྲོགས་བོང་རྫི་ལགས།
མཁས་དབད་དོན་གྲུབ་རྒྱལ་ཆབ་ཆའི་མཐོ་སློབ་ཏུ་དགེ་རྒན་གནང་དུས་ཨ་ཁུ་བཤད་སྒྲུབ་དང་ཁོང་ཚོའི་བར་ལ་འགལ་ཟླ་ཏོག་ཙམ་ཡོད་པ་རེད་ཅེས་པའི་སྐད་ཆ་ཞིག་གོ་ཐོས་བྱུང་།སྐད་ཆ་དེའི་འབྱུང་ཁུངས་དེ་མཁས་དབང་དོན་གྲུབ་རྒྱལ་གྱི་ལོ་རྒྱུས་རྩོམ་པ་པོ་དེ་རེད་ཟེར་གྱིན་འདུག་པས།ཁྱེད་ཀྱིས་དེའི་སྐོར་མཁྱེན་རྟོགས་ཡོད་ཚེ་མདོར་བསྡུས་ཤིག་ངོ་སྤྲོད་གནང་རོགས་ཞུ།།
དོན་འགྲུབ་རྒྱལ་སྒྱུ་རྩལ་པ་ཞིག་ཡིན་པ་ལས་བླང་དོར་དབྱངས་སུ་གྱེར་ནས་དམ་འཛིན་བྱེད་མཁན་གྱི་ཆོས་ལུགས་པ་དང་ཆབ་སྲིད་དབང་སྒྱུར་པ་སོགས་ཡིན་རྒྱུ་མ་རེད། དེ་ཡིན་ཙང་ང་རྒྱལ་ཡོད་ན་ངན་པ་ཞིག་ཨེ་ཡིན་ན། ང་རྒྱལ་ཡང་སྦས་གསང་མེད་པར་ཡོད་ཟེར་མཁན་ཞིག་ཡིན་པ་ལས་ཚུལ་འཆོས་པ་ཞིག་རེད་མི་འདུག
ང་རྒྱལ་ཞེས་པ་འདི་ཡང་མཐའ་གཅིག་ཏུ་མི་ལེགས་པའི་ཁྱད་ཆོས་ཞིག་ཡིན་རྒྱུ་མ་རེད། རང་གི་རིག་གཞུང་ལ་གོ་རྟོགས་ཟབ་པ་དེས་རྐྱེན་བྱས་པའི་ང་རྒྱལ་ཞིག་དང་། རིག་གཞུང་དེ་དང་དེ་བསྐྲུན་མཁན་གྱི་མི་རིགས་དེ་དང་དེའི་ལོ་རྒྱུས་ལ་བཅངས་པའི་ང་རྒྱལ་ཞིག རང་གི་ལྷན་སྐྱེས་ཀྱི་ཡོན་ཏན་དང་དེང་རབས་སློབ་གསོས་སྦྱིན་པའི་ང་རྒྱལ་སོགས་ང་རྒྱལ་རིགས་མང་པོ་ཞིག་གིས་མཁས་པ་མང་པོ་ཞིག་ད་དུང་དཔའ་ཞུམ་ནས་བསྡད་ཡོད་དུས་ཞིག་ལ་ཁོང་ལ་གསར་གཏོད་ཀྱི་སྦོབས་པ་དང་། མི་རིགས་ཀྱི་ལ་རྒྱ་སོགས་སྐད་གཟེངས་མཐོན་པོས་སྒྲོགས་ཐུབ་པའི་ནུས་པ་ཡོད་པ་དེར་རམ་འདེགས་ཞུས་ཡོད་རྒྱུ་རེད་བསམ།
ང་རྒྱལ་ཞེས་པ་འདི་སྒྱུ་རྩལ་པ་དང་བསམ་བློ་པ་(འདི་ཚོ་སྐྱོན་མེད་སངས་རྒྱས་སམ་འཇིག་རྟེན་བྱེད་པོ་མིན་པ་ལོས་ཤེས)གང་མང་ཞིག་གི་ལྐུལ་ལྕག་ཀྱི་ལྷ་མོ་ཡིན་པའང་ཞོར་ལ་སྨྲས་པ་ཡིན། དེ་མིན་འཇིག་རྟེན་པའི་བླང་དོར་དང་ཡ་རབས་ཀུན་སྤྱོད་ཤོད་ཀྱི་ཡོད་ན་ནི་མྱི་ཤེས། ཆང་དང་བུད་མེད་ལ་བག་མེད་སྤྱོད་པ་དང་ང་རྒྱལ་སོགས་འཇིག་རྟེན་པའི་བྱ་བ་འདི་དག་ལ་མཛུབ་ཀེར་འཕྱ་ཀི་ཡོད་ན་ནི་མྱི་ཤེས། ཡིན་ནའང་དོན་འགྲུབ་རྒྱལ་འཁོར་བའི་འདམ་ལས་སྐྱེས་ལ་ལུས་ལ་འདམ་གྱིས་གོས་པ་དེ་གསོང་པོར་ང་རྒྱལ་དང་བཅས་སྨྲ་མཁན་ཞིག་རེད་འདུག
དོན་རྒྱལ་གྱི་ང་རྒྱལ་གྱི་ལྟ་བ་དང་ཉམས་ལེན་སྒྲ་དོག་འཇུག་ལས་བརྒལ་ཡོད་པ་འདྲ། དགེ་ཆོས་ཀྱི་ང་རྒྱལ་གྱི་ལྟ་བ་འདི་གཅིག་མྱོང་རོགས།
ཀ་ཆུ་ཡན་ཆད་ནག་ཆུ་མན་ཆད་ནས།།
ཁ་ཚིག་མཐོ་བའི་སྐྱེ་བོ་མང་ན་ཡང་།།
ག་ལེར་བསམ་ན་རང་རེ་ཐ་སྙད་པའི།།
ང་རྒྱལ་དེ་ནི་དོན་གྱི་ང་རྒྱལ་ཡིན།།
འོ་ཆབ་ཆ་སྤྲེང་བུ་ལགས་།
དེ་ཚོ་འདི་ནས་བཤད་སྲོལ་མི་འདུག་།དོན་གྱི་ལུས་སྲོག་ཕྲ་མོ་བཏང་བའི་རྐྱེན་ངོ་མའང་དོན་གྱིས་ལས་ཀ་ནས་རྩ་ཕུད་བཏང་།གཞན་ལས་ཀ་ཞིག་མ་རྙེད་།ཆུང་མས༼ཁོས་ཁོ་མོ་བཅོས་བ་ཞིག་ཆབ་ཆ་རུ་མ་བྱུང་བ་ཞིག་རེད་ཅེས་གླེང་གིན་འདུག༽བཟའ་འཐོར་རྒྱག་རྒྱའི་ཉེན་བརྡ་སོགས་ཀྱི་འོག་ནས་།ཐབས་མེད་པ་ཞིག་གི་འོག་ནས་།ལུས་སྲོག་ཕྲ་མོ་བཏང་བ་ཡིན་པའི་བཤད་རྒྱུན་འདུག་།ཁ་ཆེམས་ཀྱི་ཡི་གེ་གཉིས་ཡོད་པ་ལས་།གཅིག་མ་གཏོགས་གཞན་གཅིག་པོ་ཁྲོམ་བསྒྲགས་མ་བྱས་བར་བཤད་།གོ་ཐོས་ལ་དེའི་ནང་ཁོང་སྲོག་བླུས་བཏང་བའི་རྒྱུ་མཚན་དངོས་དེ་བཤད་ཡོད་པར་བཤད་།
སྤྱིར་བཏང་འདི་ཚོ་ཚང་མ་སེམས་པ་སྐྱོ་བའི་རྒྱུ་རེད་།གླེང་རིན་མི་འོས་།ལྷག་པར་ཏུ་མཁས་བའི་འགྲོ་གླེང་སོགས་སུ་ཁྲོམ་བསྒྲགས་བྱེད་ན་མི་འོས་།
ཕྲན་གྱིས་ཀྱང་རྗེས་སུ་།བོད་ཀྱི་དེང་རབས་རྩོམ་རིགས་ཀྱི་ཕྱོགས་ལ་ཆེད་རྩོམ་ཞིག་འབྲི་གིན་ཡོད་པ་དེའི་ཁོང་མི་སྒེར་གྱི་མི་ཚེ་མང་པོ་གླེང་འདོད་མེད་།ལྷག་པར་ཏུ་འདི་སོགས་གླེང་འདོད་མེད་།
ངས་གཙོ་བོ་གླེང་བཞིན་པ་ནི་།རིག་གཞུང་དང་།ལྟ་གྲུབ་ཀྱི་སྐོར་རེད་།
སྦྲ་ནག་གཡག་སྙིང་།
དོན་རྒྱལ་གྱི་ང་རྒྱལ་ཟེར་བ་དེ་ནི་དོན་གྱིས་གསར་བརྗེའི་སྙིང་སྟོབས་ཟེར་བ་དང་།རྙིང་བཞི་བཅོམ་པའི་སྙིང་སྟོབས་ཟེར་བ་དེ་རེད་།
འདི་དང་སྤོབས་པ་གཉིས་ཀྱི་ཁྱད་པར་ནི་།རང་མཐོང་ཡོད་མེད་ཀྱི་སེམས་ཀྱི་འཁྱེར་ཚུལ་མི་འདྲ་བ་དེ་རེད་།སྤོབས་པ་ཅན་དག་གིས་།ངའི་མི་ཚེ་ནི་ཡག་པོ་དང་།ང་ནི་བྱེད་ཐུབ་པ་དང་།ལས་ཐུབ་པ་།ངའི་རིག་གཞུང་ཡག་པོ་དང་།ང་ནི་བོད་པ་ཡིན་ཞེས་སྤོབས་པ་སྐྱེས་ནས་།མི་ཚེའི་རོལ་བཞིན་པ་ཞིག་དང་།
གསར་བརྗེ་སྙིང་སྟོབས་ནི་།ངའི་རིག་གཞུང་འགྲིག་གི་མི་འདུག་།ངའི་སེམས་ལ་དྲན་ཚུལ་འགྲིག་གི་མི་འདུག་།ངའི་མི་རིགས་འགྲིག་གིན་མི་འདུག།དེ་བས་ང་ལ་འདི་དག་བརྗེས་ནས་།གསར་བ་ཤིག་འཛུགས་དགོས་བའི་སྙིང་སྟོབས་དགོས་ཟེར་བ་དེ་རེད་།དེ་བས་སྤོབས་པ་དང་།གསར་བརྗེ་སྙིང་སྟོབགས་གཉིས་རྩ་བའི་ཆ་ནས་འདྲ་ཀིན་མ་རེད་ལ་།སྤྱོད་པའི་ཐོག་ནས་ཡང་འདྲ་ཀིན་མ་རེད།དོན་རྒྱལ་ལ་ཡོད་པ་ནི་གསར་བརྗེ་སྙིང་སྟོབས་དེ་རེད་།རབ་འབྱོར་ལགས་ཀྱི་ཁོ་ལ་ཡོད་ཀིན་ཟེར་བའི་ང་རྒྱལ་ཟེར་བའང་དོན་གྱི་གསར་བརྗེ་སྙིང་སྟོབས་ཡོད་ཀིན་ཟེར་བ་དེ་རེད་།དེ་མིན་གཞན་ཅི་ཡང་མི་འདུག་།
དེ་འདྲ་ཞིག་མ་རེད་དམ་།
དགོངས་དག ཡང་བོང་རྫིའི་མཆན་མཐའ་མ་དེ་མཐོང་ནས་ཚིག་འདི་མི་འབྲི་ཀ་མེད་ཆགས་སོང་། སྔོན་མ་དང་ད་ལྟ་བསྡུར་ནས་བཤད་པ་འདི་ཡག་པོ་མི་འདུག དེ་འདྲའི་བསྡུར་ལུགས་ལོས་ཡོད། འོན་ཀྱང་། ད་ལྟའི་ང་ཚོའི་ཤེས་བྱའི་ཐོག་ནས་འདས་པོ་དེ་ཚོ་ལ་ངན་སྨྲས་བྱེད་པ་འདི་ནི་མི་མ་རེད། ཁྱི་མ་རེད། འདྲེའི་ལས་ཀ་འདྲ་བ་ཞིག་རེད། ཀུ་ཤུ་དང་ཚ་ལུ་མ་གཉིས་བསྡུར་ནས་མ་བལྟ། ཀུ་ཤུ་དང་ཀུ་ཤུ་བསྡུར་ནས་ལྟོས། དེ་ནས་ཤོད། ཨེ་རེད།
དགེ་འདུན་རབ་གསལ་ལགས་།
ངས་ཁྱོད་ཀྱིས་བསམ་ཚུལ་དེ་གསལ་བོ་ཤེས་མ་སོང་།ཁོ་ཚོས་བོད་ཀྱི་མཁས་བ་ཐམས་ཅད་ལ་རྙིང་ཞེན་པ་དང་།བཀས་བཀོད་རྒྱུན་འཛིན་པ་ཞེས་བཏགས་།དེ་བཞིན་སྲོལ་རྒྱུན་དགོས་མིན་གླེང་ན་།ངན་སྨྲས་མིན་ནམ་།འདི་ངན་སྨྲས་ཞིག་ཆགས་དགོས་བའི་རྒྱུ་མཚན་ག་རེ་ཡིན་ནམ་།
སྤྱིར་བཏང་ངས་དོན་གྲུབ་རྒྱལ་མི་སྒེར་གྱི་ཐོག་ནས་།སྐད་ཆ་མང་པོ་བཤད་ཀིན་མེད་།ངས་གཙོ་བོ་ཁོའི་ལྟ་གྲུབ་དང་།ལོ་རྒྱུས་དང་།ཁོས་བོད་དུ་བཞག་པའི་ཤུགས་རྐྱེན་བཅས་གླེང་གིན་ཡོད་།དེ་གླེང་ན་ཁོ་ལ་ངན་སྨྲས་བྱེད་པ་རེད་དམ་།
དེ་ན་སྔོན་གྱི་མཁས་བ་ཐམས་ཅད་ཀྱི་ལྟ་གྲུབ་དང་ལོ་རྒྱུས་།བོད་ཀྱི་ཤུགས་རྐྱེན་བཅས་གླེང་ན་།ངན་སྨྲས་འདྲེ་བཤད་ཡིན་པའི་ཁྲིམས་ཤིག་བཀོད་དང་།དེ་ནས་ང་ཚོས་སྒྲ་དེ་ལ་བརྟེན་ནས་འཆམ་དེ་ལྟར་འཁྲབ་།དེ་འདྲ་མ་རེད་དམ་།
ངས་སྔོན་མ་དང་།ད་ལྟ་བསྡུར་གྱིན་མེད་།ངས་ཁོང་སྐབས་ཀྱི་མཁས་བ་དང་།ཆབ་སྲིད་།ལོ་རྒྱུས་།ལྟ་གྲུབ་བཅས་ལ་བསྟུར་ནས་བཤད་ཀིན་ཡོད་།
ངས་ཁོ་བསམ་པ་རྣམ་དག་རེ་བསམ་ཀིན་ཡོད་།སྤྱི་ཚོགས་རིང་ལུགས་ཀྱི་བོད་ཅིག་འཛུགས་སྐྲུན་བྱེད་རྒྱུ་ལ་བསམ་པ་རྣམ་དག་རེ་བསམ་ཀིན་ཡོད་།དེ་བས་བོད་ཀྱི་རིག་གནས་སོགས་བསྐྱར་ཏུ་དར་དུས་།ཁོས་འདུག་མ་བཟོད་པའི་རིག་གསར་གྱི་སྐབས་ཀྱི་ལྟ་གྲུབ་དེ་དག་།རྩམ་དྲི་ཅུང་ཟད་རེ་བྲོ་བར་བྱས་ཏེ་།བོད་ལ་ཤུགས་ཆེན་པོ་སྤེལ་བ་རེ་བསམ་ཀིན་ཡོད་།ཁོ་མེས་རྒྱལ་༼རྒྱ་ནག་༽་ལ་དགའ་བ་དང་།སྤྱི་ཚོགས་རིང་ལུགས་༼རིག་གསར༽དགའ་བ་ནི་དངོས་གནས་ར་བསམ་ཀིན་ཡོད་།
དེ་འདྲ་མ་རེད་དམ་།
རེད་རེད། མའོ་དང་གུང་ཁྲན་བསྟོད་པའི་རྩོམ་ཡིག་རྣམས་དཀྱུས་གཅིག་ལ་འཇོག་ན། ༧རྒྱལ་བ་བཅུ་བཞི་པ་ཆེན་པོའི་མའོའི་བསྟོད་པ་ནས་མགོ་བཙུགས། དེ་ནས་རིག་གསར་སྐབས་སྔོན་གྱི་རྡོ་སྦིས་དགེ་བཤེས་མཆོག་དང་། ཨ་ལགས་ཞབས་དྲུང་ཚང་། དུང་དཀར་ཚང་། དེ་ནས་རིག་གསར་སྐབས་ཀྱི་བོད་ཀྱི་རྩོམ་ཡིག་ཧ་ལམ་བརྒྱ་ཆ་འབོར་ཆེན་ཞིག དེ་ནས་དེའི་མཇུག་དེ་མ་ཐག་གི་སྦྲང་ཆར་སོགས་ཀྱི་རྩོམ་ཡིག དེ་ནས་དེ་དག་གི་ཁྲོད་ནས་དོན་རྒྱལ་གྱི་རྩོམ་ཡིག་བཅས་ལ་གཟིགས་དང་། འདྲ་ས་མང་པོ་འདུག དེ་ལྟར་གཟིགས་དང་།
འོན་ཀྱང་། ངས་རྩོམ་ཡིག་འདི་དག་ལ་བལྟ་སྐབས། དགོས་དབང་གིས་བྲིས་པ་ཤ་སྟག་ལས་བོད་མིའི་སེམས་ངོ་མ་དེ་བསྟན་མེད་པ་མཐོང་གི་ཡོད། དེ་ཙམ་ཡིན། ཁ་སང་མཇལ་དུས་སྐད་ཆ་འདི་ཚོ་མ་གླེང་བ་དེ་གཅིག་བྱས་ན་ནོར་འདུག འོན་ཀྱང་ཁྱད་མི་འདུག ཕྱིས་སུ་མཇལ་ངེས་རེད།
བོང་རྫི།
ངས་གོ་བ་ལྟར་ན་རབ་འབྱོར་ལགས་ཀྱིས་དོན་འགྲུབ་རྒྱལ་ང་རྒྱལ་གྱི་དབང་དུ་ཤོར་བ་འདྲ་བོ་ཞིག་དང་། ང་རྒྱལ་དེའང་ཡག་པོ་མ་ཡིན་པ་འདྲ་པོ་བླང་དོར་འཇུག་ལྡོག་གི་སྐད་ཆ་ཞིག་བྲིས་འདུག གསར་བརྗེའི་སྙིང་སྟོབས་ཟེར་བ་ཞིག་བཤད་མི་འདུག གསར་བརྗེའི་སྙིང་སྟོབས་ཟེར་བ་དེའང་རིག་གསར་གྱི་ལྟ་གྲུབ་ལས་ཐར་མེད་པ་ཞིག་ཡིན་པ་ཟུར་ཙམ་ཡང་མི་གདའ། དེ་མིན་རབ་འབྱོར་ཞེས་པ་དང་ཁྱེད་གཉིས་མི་གཅིན་ཡིན་ན་གང་ཤེས་མ་གཏོགས། རབ་འབྱོར་གྱི་ང་རྒྱལ་དང་ཁྱེད་ཀྱི་གསར་རྗེའི་སྙིང་སྟོབས་ཞེས་པ་དོན་གཅིག་རེད་ངས་ཟེར་ཐུབ་ས་མ་རེད།
མང་པོ་ཞིག་ནས་ལ་རྒྱ་དང་ལྟ་བ་གཉིས་ཀྱི་ཁྱད་པར་ཤེས་གི་མི་འདུག འདི་ནགཙོ་བོ་རྒྱལ་གྱི་ལྟ་བ་འམ་ལྟ་ཚུལ་སྐོར་ལ་དཔྱད་པ་བྱེད་གི་ཡོད་པ་འདྲ།
མང་པོ་ཞིག་ནས་ལ་རྒྱ་དང་ལྟ་བ་གཉིས་ཀྱི་ཁྱད་པར་ཤེས་གི་མི་འདུག
འདི་ན་གཙོ་བོ་དོན་རྒྱལ་གྱི་ལྟ་བ་འམ་ལྟ་ཚུལ་སྐོར་ལ་དཔྱད་པ་བྱེད་གི་ཡོད་པ་འདྲ།