གངས་ཉི།
བྱ་ལས་གང་ཞིག་བརྩོན་ན་ཡང་དྲིལ་བསྒྲག་ནི་བྱ་ལས་དེའི་ནུས་པ་རྒྱ་ཆེར་གཏོང་བྱེད་ཀྱི་ལག་ཆ་གལ་ཆེན་ཞིག་རེད་མོད། དྲིལ་བསྒྲག་བྱེད་སྟངས་དེ་ནམ་ཡང་བདེན་དོན་གྱི་ར་བ་ལས་བརྒལ་ཕྱིན་ནམ་ཞིག་ཁྱོད་ཀྱི་དྲིལ་བསྒྲག་དེ་ནི་ར་བཟི་བའི་ལབ་རྡོལ་བཞིན་ནུས་མེད་ཅིག་ཏུ་ཆགས་འགྲོ་བའང་ཆོས་ཉིད་ཅིག་རེད།
ད་ལོའི་ཞི་རྒོལ་འོས་ལངས་ཀི་སྐབས་སུ་རྩ་འཛུགས་ཡོད་པའི་ཁོངས་མི་སུ་ཞིག་ནང་འཛུལ་བྱས་ཏེ་མི་དམངས་ལོག་ལམ་དུ་ཁྲིད་ཅིང་ཀྲུང་དབྱང་བརྙན་འཕྲིན་ཁང་དང་། ལྷ་ས་བརྙན་འཕྲིན་ཁང་སོགས་ཀྱིས་གནས་ལུགས་རྒྱབ་གཏོད་དང་དྲང་བདེན་རྡོག་རྫིས་ཀྱིས “ཁ་བྲལ་བོད་པ” ཞེས་བོད་མི་སྤྱི་ལ་སྡུག་དམོད་བྱས་པ་ཐལ་དྲགས་པ་འདིས། ནམ་ཡང་སོས་དཀའ་བའི་རྨ་ཁ་ཟབ་མོ་ཞིག་ཕྱོགས་གཉིས(བོད་རིགས་དང་རྒྱ་རིགས་གཉིས།།) ཀར་བཟོས་ཡོད་པས་ན་ད་ནི་རྒྱ་རིགས་སྤུན་ཟླ་བོད་ལ་མི་དགའ་བ་ཞིག་དང་། བོད་རིགས་སྤུན་ཟླ་རྒྱ་ལ་སྡང་བའི་བསམ་ཕྱོགས་ཤིག་ཀྱང་རང་ཤུགས་ཀྱིས་ཐོན་པར་བྱས་སོང་། ཁོ་བོས་ནི་ནམ་ཡང་དེ་ནི་མི་རིགས་ཁ་བྲལ་དུ་འགྲོ་བའི་བྱེད་ལས་ཤིག་ཏུ་ངོས་མི་འཛིན་ཐབ་མེད་དུ་འདོད་ཀྱིན་ཡོད།
ཕྱོགས་གཅིག་གིས (བོད་རིགས་སྤུན་ཟླ།) ད་ནི་དངོས་གནས་འདུག་ག་མ་བཅུག་ནི་རེད། ང་ཚོས་མ་བྱས་པ་ཞིག་བྱས་སོང་ཞེས་གླེང་འདི་འདྲ་འགེལ་བ་དང་། ང་ཚོས་ཆུང་ངུ་དེ་ཆེན་པོར་བསྒྱུར་ནས་འཛམ་བུ་གླིང་ལ་ཁྱབ་བསྒྲགས་འདི་ལྟར་བྱས་སོང་། མཐའ་ན་ཏང་གི་བྱ་བ་ལས་ནས་མི་ལོ་ཉི་ཤུ་དང་སུམ་ཅུ་སོང་ཟིན་པའི་བོད་རིགས་དཔོན་པོ་དག་ལའང་སྐབས་དེར་རྒྱ་ཡུལ་ནས་མགྲོན་ཁང་གྲལ་དག་ཅིག་ཀྱང་ཕྱིན་མེད་ལ། ཞིང་ཆེན་དང་ཁུལ་སོགས་བོད་རིགས་སློབ་བུ་རེ་གཉིས་ལས་མེད་པའི་སློབ་གྲྭ་དག་རྫུན་ལས་ལ་གོམ་པའི་བརྙན་འཕྲིན་ཁང་དང་། ཚགས་པར་དེ་དག་གི་རྗེས་འབྲང་སྟེ་བོད་མིར་ལྟ་ཕྱོགས་མི་ལེགས་པ་བཟུང་ནས་སྐྱོན་བརྗོད་དང་མཚངས་འབྲུ་སོགས་བྱས་པ་ཐལ་དྲགས་པས། སྔོན་ཆད་ཁ་ཞེ་གཏིང་གསུམ་ནས་རྒྱ་རིགས་སྤུན་ཟླ་དང་། ཏང་དང་སྲིད་གཞུང་ལ་དགའ་བའི་བོད་རིགས་སློབ་བུ་དང་ལས་བྱེད་པ་དག་ལ་ད་ལོར་བརྡབ་གསིག་ཆེན་པོ་ཞིག་ཐེབས་ཤིང་། ད་དུང་ཤ་མཁོན་ཞེས་པ་ཞིག་ཀྱང་རང་ཤུགས་ཀྱིས་སེམས་ལ་བཞག་པ་ལྟ་བུ་ཞིག་བཟོས་སོང་། འདི་ཡང་ཁྱོད་ཚོས (འདི་ནི་ནོར་འཁྲུལ་གྱིས་བྱ་ལས་དེ་འདྲ་བརྩོན་མཁན་དག་ལ་བཤད་པ་ཡིན།) བྱ་ལས་གང་ཞིག་གནད་ལ་མ་ཁེལ་བའི་ནག་ཉེས་ལས་ཅི་ཞིག་ཡིན་ཨང་།
སྐབས་དེ་དག་དུ། ང་ཚོ་ཡར་མར་ལ་འགྲོ་བའི་ལམ་བུ་དེ་ཡང་ཆེས་གུ་དོག་པོ་ཞིག་ཏུ་བསྒྱུར་ཏེ་ང་ཚོའི་འགྲོ་འདུག་སྤྱོད་གསུམ་ལ་བཀག་སྡོམ་རབ་དང་རིམ་པ་བྱས་ཤིང་། དམག་མིའི་མེ་མདའི་མཆུ་ཁར་སྐྲག་སྔངས་འཇིག་གསུམ་གྱིས་དེད་པ། ད་དུང་ང་ཚོའི་སེམས་ཀྱི་དྲོད་དང་། རེ་བའི་རྒྱབ་རི་ལྟ་བའི་ཡིད་བཞིན་ནོར་བུའི་པར་རིས་ཙམ་རིག་ན་ཡང་དེ་མ་ཐག་མཐོང་ས་རིག་ས་ནས་རྡོག་རྫིས་གཏོང་བ་དང་། གཡས་གཤེག་གཡོན་གཤེག་བྱེད་པ། ཆད་པ་ནན་མོ་གཅོད་པ། དུས་བཀག་བྱས་པ། མཐོང་ཆུང་དང་བརྙེས་བཅོས་སོགས་ཀྱི་དམོད་ཚིག་ཅི་དགར་འདོན་པ་སོགས་ནི་མི་རིགས་ཁ་བྲལ་དུ་གཏོང་བའི་བྱེད་ལས་ཉག་གཅིག་རེད་ཅེས་བརྗོད་རྒྱུ་ཡིན་ལ། ང་ཚོའི་སེམས་ཀྱི་དུང་བ་གཅོད་མ་ཐུབ་ཀྱི་བར་ཏུ་ཁྱོད་ཚོས་འབྲས་བུ་མེད་པའི་བྱ་ལས་གང་འདྲ་བརྩོན་ན་ཡང་། དེས་ནི་ང་ཚོ་ཆིག་སྒྲིལ་དང་བརྩེ་ཞེན་གྱི་ནུས་པ་ཆེ་ནས་ཆེ་རུ་འགྲོ་བ་ལས་གཞན་གང་ལ་ཤུགས་རྐྱེན་ཐེབ་ནུས་མ་ཡིན།
སྤྱིར་དམག་མི་སུ་དང་གང་ཡིན་ན་ཡང་རྒྱལ་ཁབ་བདེ་འཇག་དང་། མི་དམངས་མཐུན་སྒྲིལ། སྤྱི་ཚོགས་ཡར་རྒྱས་སོགས་ལ་ལེགས་རྗེས་འབུལ་མཁན་གྱི་དཔའ་བོའི་སྡེ་ཁག་ཅིག་ཡིན་པར་ཁོ་བོས་སྔ་མོ་ནས་ཡིད་ཆེས་བཅང་ཡོད་ན་ཡང་། ད་ལོ་ནི་དེ་ལས་ལྡོག་སྟེ་མི་རིགས་ཀྱི་ཞེན་ཕྱོགས་ཆེ་བ། ཚེ་སྲོག་སྣང་མེད་དུ་གཏོང་བ། རྐུ་འཕྲོག་བཅོམ་གསུམ་ལ་མཁས་པ། བཙན་དབང་རང་ལུགས་ལ་བྱང་བ། ཁྲེལ་མེད་ལུགས་མེད་ལ་མོས་པའི་དཔུང་སྡེ་རྔམས་མཐུག་པ་ཞིག (འདི་ནི་ད་ལོར་རྔ་བ་ས་ཁུལ་དང་། ཀན་ལྷོ་ས་ཁུལ་སོགས་གཙོར་བྱས་ནས་བཤད་པ་ཡིན།) གི་རང་གཟུགས་ཕྱིར་བསྟན་པ་འདིས། རང་སེམས་ཀྱི་ཡིད་ཆེས་གཙང་མ་དེ་ཡང་གཙང་བཤག་བྱས་སོང་། དེ་ཡང་དམག་མི་ཁ་ཅིག་དང་། ས་གནས་སྲིད་གཞུང་འགའ་ཞིག་གིས་བྱས་པའི་ནག་ཉེས་ཡིན་ན་ཁྱོད་ཚོ་ནི་མི་རིགས་ཁ་བྲལ་དུ་གཏོང་མཁན་གྱི་གཏེ་བོ་ཉག་གཅིག་རེད་ཅེས་བརྗོད་རྒྱུ་ཡིན།
ད་དུང་སྤྱི་བདེ་ལས་ཁུངས་དང་། དམག་མིའི་ལས་ཁུངས། ཏང་གི་ལས་ཁུངས་སོགས་ནས་མི་བདེན་བདེན་རྫུན་གྱི་ཡར་ཞུའི་ཡིག་ཚོགས་མང་བོ་ཀྲུང་དབྱང་གི་མདུན་དུ་སྤུངས་ནས་དམངས་སྒོར་ཁྲི་འབུམ་མང་བོའི་ཁེ་བཟང་དང་རྒྱལ་ཁ་ལེན་ཞོར་ཁྲེལ་མེད་ལུགས་མེད་དང་། ཕྱི་བཞོག་གཉའ་གནོན་གྱི་ལས་རིགས་སྣ་ཚོགས་ཚོམ་མེད་དུ་ལས་ཀྱིན་ཡོད་པ་འདི་ཚོ་ཡང་། མི་རིགས་ཁ་བྲལ་གཏོང་མཁན་གྱི་གཏེ་བོ་ཉག་གཅིག་ཅི་ལ་མིན་སོང་། ད་དུང་ས་གནས་སྲིད་གཞུང་ག་གེ་མོས་གོང་རིམ་སྲིད་གཞུང་ལ་ངོ་དགའ་བྱ་ཆེད་དང་། རང་གི་གོ་གནས་གོང་འཕེལ་གྱི་ཕྱིར་ཏུ་ཚབ་ཆེ་བས་ལས་ཀ་སྣ་ཚོགས་སྤེལ་བས་རང་ཉིད་སྐྱོན་ལ་འཐོག་པའི་ལོ་རྒྱུས་ཀྱང་བྱུང་ཡོད་པ་རེད།
རྒྱལ་ཁབ་བདེ་འཇགས་དང་བརྟན་བརླིང་ལ་གནོད་པའི་ལས་རིགས་ཚབ་ཆེ་བ་འདི་འདྲ་ཚོམས་མེད་དུ་ལས་ཀྱིན་ཡོད་ན། ཀྲུང་དབྱང་གིས་ཀྱང་མིག་གཡས་ཞར་བའི་ལོང་བ་དང་རྣ་གཡས་འོན་པའི་ལྐུག་པ་ལྟ་བུ་བྱས་ཏེ་སྡོད་དོན་ཅི་ལ་ཡོད། བླ་མ་ནོར་ན་ཡང་ཆོག དཔོན་པོ་ནོར་ན་ཡང་རུང་། སྲིད་གཞུང་ནོར་ན་ཡང་ཆོག་སྟེ་ནོར་འཁྲུལ་ཡོད་པའི་མི་དེ་རིགས་མི་དམངས་ཀྱི་མདུན་དུ་ཡར་ལངས་ཏེ་དག་སེལ་ཞུ་རན་ལ་བསླེབ་ཟིན། དེ་ལྟར་བྱས་ན་མི་རིགས་མཐུན་སྒྲིལ་ཡར་རྒྱས་དང་། འཆམ་མཐུན་སྤྱི་ཚོགས་འཛུག་བསྐྲུན་ལ་ནུས་པ་བླ་ལྷག་གིས་འདོན་པར་ང་ཚོས་ཡིད་ཆེས་བཅང་ཆོག་ཆོག་ཡིན།
ཕྱོགས་གཅིག་གིས (རྒྱ་རིགས་སྤུན་ཟླ་དང་བོད་རིགས་སྤུན་ཟླ་གཉིས་ལ་གོ་ཆོག།) ཨ་ཙི། མི་རིགས་འདི་ནི་ཅི་འདྲའི་འཇིགས་སུང་རུང་བ་ཞིག མི་རིགས་འདི་ང་ཚོར་འདི་འདྲའི་སྡང་དོན་གང་གིས་ལན་ནམ། ཁོ་ཚོས་དམིགས་བཀར་གྱིས་ང་ཚོའི་སྤུན་ཟླ་དག་ལ་ཤ་མཁོན་དང་རྡུང་རྡེག་འདི་འདྲ་གཏོང་དོན་གང་ཡིན་ནམ། རྫུན་ལས་གཡོ་ལས་སོགས་བྱེད་ལས་སྣ་ཚོགས་ཀྱིས་བསྐྱེད་པའི་བསམ་བྱ་སྣ་ཚོགས་པ་ཞིག་གིས། ཐ་ན་གླ་བྱེད་རླངས་འཁོར་བསྐོར་མཁན་དག་ལའང་བོད་རིགས་ཟེར་དུས་སེམས་ལ་གཟེར་ཤད་རྒྱག་པ་ཞིག་དང་། བོད་མི་ཟེར་དུས་མིག་ལ་འཛེར་འོངས་པའི་གདོན་རྫས་ལྟ་བུ་ཞིག་གི་བག་ཆགས་བཞག་ཡོད་པ་རེད།
སྤྱིར་བཤད་ན་རྒྱ་རིགས་དང་བོད་རིགས་གཉིས་ནི་དུས་ཡུན་རིང་བོའི་ལོ་རྒྱུས་ཁྲོད་གཅིག་གིས་གཅིག་ལ་རོགས་རམ་བྱེད་མྱོང་བ་དང་། ཕན་ཚུན་ལ་མཛའ་བརྩེ་དང་བརྩི་བཀུར་བྱས་མྱོང་བའི་སྤུན་ཟླ་ལེགས་པོ་ཞིག་ཡིན་ངེས་ན་ཡང་ད་ལོ་ནི་དེ་ལས་ལྡོག་སྟེ་སུ་ཞིག་གི་སེམས་པར་དགྲ་བོ་ལྟ་བུའི་འདུ་ཤེས་རྫོབ་པོ་ཞིག་བཞག་སོང་ལ། འདུ་ཤེས་དེ་ནི་མི་རིགས་མཐུན་སྒྲིལ་ཇེ་དམ་དུ་གཏོང་བྱེད་ཅིག་ཏུ་འགྱུར་ཡོད་དམ། མི་རིགས་མཐུན་སྒྲིལ་ལ་གཏོར་བརླག་ཡོང་བྱེད་ཅིག་ཏུ་གྱུར་ཡོད། དེ་ནི་སྲིད་གཞུང་དང་དཔོན་པོ་ཚོས་འདང་རྒྱག་དགོས་ས་ཞིག་དང་། འདང་རྒྱག་རིན་ཡོད་པ། འདང་བརྒྱབ་ནས་དོན་མཐུན་གྱི་ལས་ཀ་ཡང་དག་ཅིག་ལས་རྒྱུ་ནི་རྒྱལ་ཁབ་སྲ་བརྟན་དུ་གཏོང་བའི་རྨང་རྡོའི་ལས་གཞི་ལྟ་བུ་ལགས་ན་ཕྱི་བཤོལ་དུ་ཤོར་རུང་བ་ཞིག་གཏན་ནས་མ་ཡིན།
(སྤྱིར་བཤད་ན་རྒྱ་རིགས་དང་བོད་རིགས་གཉིས་ནི་དུས་ཡུན་རིང་བོའི་ལོ་རྒྱུས་ཁྲོད་གཅིག་གིས་གཅིག་ལ་རོགས་རམ་བྱེད་མྱོང་བ་དང་། ཕན་ཚུན་ལ་མཛའ་བརྩེ་དང་བརྩི་བཀུར་བྱས་མྱོང་བའི་སྤུན་ཟླ་ལེགས་པོ་ཞིག་ཡིན་ངེས་ན་ཡང་ད་ལོ་ནི་དེ་ལས་ལྡོག་སྟེ་སུ་ཞིག་གི་སེམས་པར་དགྲ་བོ་ལྟ་བུའི་འདུ་ཤེས་རྫོབ་པོ་ཞིག་བཞག་སོང་ལ་)ཟེར་ན་གཏན་ནས་མི་འགྲིག་སྟེ། དེའང་བོད་མི་ས་ཡ་གཅིག་དང་འབུམ་གཉིས་ལྷག་བསད་སོང་བ་ཁོས་མིག་དང་རྣ་བས་མ་ཐོས་པ་འདྲ། འཁོན་འཛིན་འདི་ན་ནིང་རྐྱང་བའི་འཁོན་འཛིན་དང་གནས་ཚུལ་ཞིག་ཏུ་ངོས་བཟུང་བ་ནི་བློ་རྒྱ་ཁབ་མིག་ལས་དོག་པ་ཁོ་ན་སྟེ། འདས་པའི་ལོ་རྒྱུས་ནང་དུ་རྒྱ་མིས་བོད་ལ་མཐོང་ཆུང་དང་བརྙས་བཅོས་གནོད་སྐྱོན་བཟོས་པ་གྲངས་གིས་མི་ཆོད་དོ། །
ཐུགས་རྗེ་ཆེ། ཡག་པོ་བྲིས་འདུག།