ཁྲིམས་ལུགས་སློབ་མ་བློ་བཟང་གྲགས་པ།
མི་མང་པོས་རྒྱ་ནག་ནི་འཛམ་གླིང་འདིའི་སྒང་སྟོབས་ཤུགས་ཆེ་ཤོས་ཤིག་ཏུ་བརྩི་ཡི་ཡོད་ལ། ཁོང་ཚོས་ཕྱི་ཚུལ་གྱི་རྒྱ་ནག་གི་སྲིད་འབྱོར་རིག་གསུམ་གྱི་ཡར་རྒྱས་ལ་ཧང་སངས་སྟེ། རྒྱ་ནག་ལ་ཕྲག་དོག་ཟ་བ་དང་། འགྲན་སྡུར་གང་ཐུབ་བྱེད་པ། ད་དུང་རྒྱ་ནག་ལ་སྤྲེལ་ལད་གང་ཐུབ་ཀྱིས་རང་ཉིད་ལ་ཁེ་བཟང་གང་མང་རག་ཐབས་བྱེད་ཀྱི་ཡོད་པ་ནི་དེང་སངས་སྤྱི་ཚོགས་ཀྱི་ཁ་ཕྱོགས་ཤིག་ཏུ་གྱུར་ཡོད། འཛམ་གླིང་འདིའི་སྒང་ཆེ་མཐོང་ལྡན་པའི་དཔལ་འབྱོར་རིག་པ་བ་དང་། ཆབ་སྲིད་དང་དམག་དོན་ལ་མཁས་ཉམས་དོད་པའི་ཆབ་སྲིད་པ་མང་པོས་ཀྱང་། རྒྱ་ནག་ནི་དུས་རབས་ཉི་ཤུ་རྩ་གཅིག་ནང་གི་ཡར་རྒྱས་ཆེ་ཤོས་དང་། སྟོབས་ཆེན་རྒྱལ་ཁབ་ཨ་རི་ལ་སོགས་ཀྱི་སྟོབས་ཤུགས་རྒྱུན་གནས་ཐུབ་པར་འཇིགས་སྣང་ཆེ་ཤོས་ཀྱི་རྒྱལ་ཁབ་ཅིག་ལ་འདོད་ཀྱི་ཡོད། དེ་ནི་ཁོང་ཚོས་རྒྱ་ནག་གི་ཕྱི་ཚུལ་གྱི་ཡར་རྒྱས་ལ་དཔྱད་དེ་བཤད་པ་ཞིག་ལོས་ཡིན་མོད། འོན་ཀྱང་རྒྱལ་ཁབ་ཅིག་ལ་རྒྱུན་བསྲིངས་ཐུབ་པའི་སྟོབས་འབྱོར་དང་། མང་སེམས་འཕྲོག་པའི་མཉམ་མཐུན་དང་ཆིག་སྒྲིལ་ཡོང་བར་གཙོ་བོ་རྒྱལ་ཁབ་དེའི་མི་མང་གིས་རང་རྒྱལ་ལ་བཅངས་བའི་དྭངས་གཙང་གི་ཡིད་ཆེས་དང་། བློ་གཏད་བཅོལ་འོས་པའི་རྒྱལ་ཁབ་ཀྱི་དྲང་བདེན་ཆབ་སྲིད་དང་ཁྲིམས་ལུགས་དབང་འཛིན་དེ་ཡིན་པས། ངས་ཁོང་ཚོས་ཐུགས་ཐག་ཆོད་པོས་རྒྱ་ནག་ལ་འདི་ལྟར་གདེང་འཇོག་དང་རེ་བ་བཅངས་པར་དོན་དངོས་ཀྱི་རྒྱ་ནག་ཇི་ལྟར་ཡིན་མིན་གྱི་ཐད་བསམ་བློ་འདང་ངེས་ཤིག་བཏང་ཡོད་དམ་སྙམ།
རྒྱལ་ཁབ་སུ་ཡིན་རུང་རང་ཉིད་ཀྱིས་རང་ཉིད་འཛམ་གླིང་འདིའི་སྒང་ཆེ་མཐོང་དང་གོ་གནས། རྒྱལ་ཁབ་གཞན་གྱིས་རང་ཉིད་ལ་གང་བྱུང་གིས་ཐུབ་ཚོད་མ་གཏོང་པར། རང་ཉིད་ཀྱིས་དོན་དངོས་རང་བཞིན་དེ་ཉིད་གང་ཐུབ་ཀྱིས་སྣང་མེད་དང་གཡོལ་གང་ཐུབ་བྱས་ནས། ཕྱི་ཚུལ་ནས་རང་ཉིད་ཀྱི་སྲིད་འབྱོར་རིག་གསུམ་གྱི་ཐད་ཡར་རྒྱས་ཀྱི་རྣམ་པ་ཞིག་སྟོན་གང་ཐུབ་བྱེད་པ་ནི་ཆབ་སྲིད་ཀྱི་དགོས་མཁོ་ཡིན་པ་ལས། རྒྱུ་མཚན་དེའི་རྐྱེན་པས་རྒྱལ་ཁབ་དེར་རྒྱུན་བསྲིངས་ཐུབ་པའི་སྟོབས་ཤུགས་ཤིག་དང་། བཟློག་ཐབས་མེད་པའི་ཆིག་སྒྲིལ་གྱི་ནུས་པ་ལྡན་པ། ནམ་ཡང་ཐོར་བཤིག་ཏུ་མི་འགྲོ་བའི་སྟོབས་ཆེན་རྒྱལ་ཁབ་ཞིག་ཡིན་པ་མཚོན་དཀའ། འཛམ་གླིང་འདིའི་སྒང་རྒྱལ་ཁབ་མང་པོ་ཞིག་གིས་རང་ཉིད་ཀྱིས་སྲིད་འབྱོར་རིག་གསུམ་སྟོབས་ཆེན་ཡིན་པར་ངོམ་བྱེད་དུ། མི་མང་ཚོའི་བདེ་སྡུག་ལ་བསམ་བློ་དེ་ཙམ་མི་གཏོང་བར། མི་མང་ལ་ཁྲལ་དང་གཡོག་སྐུལ་གང་ཐུབ་བྱེད་པ་དང་། མཚམས་རེར་དགོས་མཁོ་དང་བསྟུན་ནས་ཀུན་སྤྱོད་དང་ཡོངས་སུ་འགལ་བའི་ཁྲིམས་ལུགས་འདྲ་མིན་གསར་བཟོ་བྱས་ནས་མི་མང་ལ་འཇིག་སྐུལ་གཏོང་བའི་སྲོལ་ཡོད་ལ། རང་ཉིད་ཀྱི་སྐྱུག་བྲོ་བའི་ཕྱི་རྫིག་ནང་སྟོང་གི་ཆབ་སྲིད་སྲ་བརྟན་ཡོང་བར་སྨྱོས་ཆུ་བཏུང་བ་ལྟར་ལས་འགུལ་འདྲ་མིན་བརྩམས་དང་རྩོམ་མུས་སུ་གནས། རྒྱ་ནག་ནི་གོང་གསལ་རྒྱལ་ཁབ་དེ་དག་གི་ཆེས་འོས་འཚམས་ཀྱི་དཔེ་མཚོན་ཞིག་རེད་སྙམ།
གང་ལགས་ཞེ་ན། རྒྱ་ནག་ལ་མཐོ་དམན་དང་དབུལ་ཕྱུག་འདྲ་མཉམ་གྱི་ལྟ་གྲུབ་ཞན་ཞིང་། ཁྲིམས་ལུགས་དབང་འཛིན་གྱི་ནུས་པ་ཇེ་ཞན་དུ་འགྲོ་བཞིན་པ་དེ་རེད། འདི་ནི་རྒྱལ་ཁབ་ཅིག་སྔ་ཕྱི་བར་འཐོར་བརླག་ཏུ་འགྲོ་ཉེན་ཆེ་བའི་རྐྱེན་རྩ་ཞིག་ཡིན་ལ། རྒྱལ་ཁབ་དེ་ཉིད་གཞན་གྱིས་ཚར་གཅོད་བྱེད་མི་དགོས་པར་རང་ཉིད་རང་ཤི་འགྲོ་བའི་རྒྱུ་རྐྱེན་གཙོ་བོ་དེའང་ཡིན།
རྒྱ་ནག་དང་རྒྱ་གར་གཉིས་ནི་འཛམ་གླིང་འདིའི་སྒང་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་གཉིས་ཡིན་པ་དང་། ཆབ་སྲིད་ལྟ་གྲུབ་ནས་བཤད་ན། མི་འབོར་ནི་རྒྱལ་ཁབ་ཅིག་གི་མ་ལག་གཙོ་བོ་དེ་ཡིན་པ་དང་། གནའ་དུས་རྒྱ་ནག་གི་དམག་ཇུས་བསྟན་བཅོས་ནང་། “ མང་སེམས་འགུགས་པར་རྒྱལ་ཁའི་ལག་ཆ་གཙོ་བོ་དེ་ཡིན”་ཞེས་གསུངས་ཡོད་པ་བཞིན་མི་མང་གི་སེམས་པ་རྒྱལ་ཁབ་དང་གཅིག་སྦྲེལ་གཅིག་ཏུ་གནས་པ་དང་། མི་མང་གི་རྒྱལ་ཁབ་ལ་ཡིད་སེམས་གཡོ་མེད་དང་ཆོད་སེམས་དམ་དུ་བཅངས་པས་ན། རྒྱལ་ཁབ་དེ་ཉིད་ཡར་རྒྱས་དང་སྟོབས་འབྱོར་འཕེལ་ངེས་པ་ནི་སྨྲོས་མེད་ཡིན་མོད། ཡིན་ནའང་། དེ་ལས་ལྡོག་ཏེ། གལ་སྲིད་རྒྱལ་ཁབ་ཅིག་གི་མི་མང་ཚོས་རང་ཉིད་ཀྱི་རྒྱལ་ཁབ་ལ་ཡིད་ཆེས་བརླག་པ་དང་ཆོད་སེམས་བརྟན་པོ་མེད་པ་ཡིན་ན། དེ་ནི་རྒྱལ་ཁབ་དེའི་འཇིགས་སྣང་ཆེ་ཤོས་དང་ཉེན་ཁ་ཆེ་ཤོས་ཤིག་ཡིན། རྒྱ་ནག་ནང་དེང་སང་དངོས་སུ་འབྱུང་བཞིན་པའི་གནད་དོན་ཞིག་ནི། མི་མང་གི་སེམས་ཁུངས་ལ་རྨ་ཁ་གཏོད་པའི་གནས་ཚུལ་དེ་དག་ཡིན། དེ་ཡང་རྒྱ་ནག་གིས་གཞན་མི་ལ་སྟོན་བྱེད་དུ་གྲོང་ཁྱེར་ཆེ་ཁག་དང་ས་ཁུལ་གནད་འགག་དེ་ཚོར་ཡར་རྒྱས་གཏོང་བ་ལ་ས་ཁུལ་གཞན་མང་པའི་མི་མང་གི་འཚོ་བརྟེན་འཕྲོག་པ་དང་མི་མང་དེ་ཚོའི་སྡོད་གནས་བཤིག་པ་སོགས་ཨོང་ཤ་བཀོག་ནས་གདོང་ལ་ལྷན་པ་རྒྱག་གི་ཡོད། གནད་དོན་དེའི་རྐྱེན་པས་རྒྱ་ནག་མི་མང་ས་ཡ་མང་པོའི་འཚོ་སྡོད་ལ་དཀའ་ངལ་འཕྲད་ཀྱི་ཡོད་ལ། མི་མང་ས་ཡ་མང་པོ་གནས་མེད་ཡུལ་མེད་དུ་བཟོས་ཡོད། རྒྱ་ནག་གི་ཁྲིམས་ལུགས་དབང་འཛིན་གྱི་དོན་དངོས་རང་བཞིན་དེ་ཉིད་ཀྱང་ཆབ་སྲིད་ཀྱི་དགོས་མཁོ་འོག་འགུལ་མེད་གཡོ་མེད་དུ་གྱུར་པ་རེད། སྤྱིར་ཁྲིམས་ལུགས་ནི་འདྲ་མཉམ་མིན་པའི་དོན་རྐྱེན་དེ་དག་འདྲ་མཉམ་དུ་འཁོད་པ་དང་། མི་མང་ལ་སྲུང་སྐྱོབ་བྱེད་པའི་ལག་ཆ་གཙོ་བོ་དེ་ཡིན་ནའང་། རྒྱ་ནག་ལ་མཚོན་ན། ཁྲིམས་ལུགས་ནི་འདྲ་མཉམ་མིན་པའི་དོན་རྐྱེན་དེ་དག་དེ་བས་འདྲ་མཉམ་མིན་པ་བཟོ་བྱེད་དང་། མགོན་མེད་སྐྱོབ་མེད་ཀྱི་ཉམ་ཆུང་མི་མང་དེ་དག་ལ་ཞུ་གཏུགས་བྱེད་ས་མེད་པ་དང་། གལ་སྲིད་ཞུ་གཏུགས་བྱས་ན། ཀུན་སྤྱོད་ཀྱི་དྲི་མ་ཙམ་ཡང་མེད་པའི་དྲགས་ཤུགས་ཀྱི་ཁྲིམས་ལུགས་དེས་ཁོང་ཚོ་དེ་ལས་སྡུག་པའི་གནས་སྟངས་ཤིག་ཏུ་བརྫངས་ཀྱི་ཡོད། དེས་ན་ཁོང་ཚོར་མཚོན་ན་ཁོག་པའི་ནང་མེ་འབར་ཡང་དུ་བ་འདོན་ས་མེད་པར་གྱུར་ཡོད་མོད། ཡིན་ནའང་། ཁོང་ཚོས་འདི་ལྟར་ཕ་རབས་བུ་རྒྱུད་ནས་སྡོད་འདོད་ཡོད་དམ། སྡོད་ཐུབ་ཀྱི་རེད་དམ། དེ་ནི་ང་ཚོས་སྔོན་དཔག་ཐུབ་པའི་གནད་དོན་ཞིག་རེད།
སྤྱིར་མིའི་རིགས་ཀྱི་འཚོ་བརྟེན་ངོ་མ་ནི་རང་བྱུང་ཁམས་དེ་ཡིན་མོད། འོན་ཀྱང་ཚན་རིག་རིག་རྩལ་འཕེལ་རྒྱས་སོང་བ་དང་དུས་མཉམ། དཔལ་འབྱོར་མཁོ་སྒྲུབ་ནི་མི་ཚོའི་འཚོ་བརྟེན་གཙོ་བོ་ཞིག་ཏུ་འཁྲུལ་འཛིན་བྱེད་ཀྱི་ཡོད། རྒྱ་ནག་གི་འཚོ་བརྟེན་འཁྲུལ་འཛིན་འདིའི་ནང་མགོ་བོ་གཏིང་འཁོར་གྱིས། ཁྲོམ་རྭ་རྒྱ་བསྐྱེད་དང་ཁྲོམ་ལམ་རྒྱས་སྤྲོས་བྱེད་པར་རང་བྱུང་ཁོར་ཡུག་ལ་བློ་ཡུལ་མི་ཤོངས་བའི་གཏོར་བཤིག་གཏོང་གི་ཡོད་པ་རེད། རང་བྱུང་ཁོར་ཡུག་གི་རྒྱུན་ལྡན་འཕེལ་ཕྱོགས་དང་འགྲོ་བསྐྱོད་ལ་གནོད་སྐྱོན་ཚབས་ཆེན་བཏང་སྟེ་རི་མེད་ས་རི་བཟོ་པ་དང་མཚོ་མེད་སར་མཚོ་སྐྲུན་པ་སོགས་བྱེད་རྒྱུ་མང་དྲགས་པའི་རྐྱེན་གྱིས། རྒྱ་ནག་ལ་ལོ་ལྟར་རིམ་བཞིན་རང་བྱུང་གནོད་འཚེ་མང་པོ་ཡོང་གི་ཡོད་པ་དང་། གནོད་འཚེ་དེའི་རྐྱེན་པས་ཉམ་ཆུང་ཡུལ་མི་མང་པོར་སྡུག་ཡུལ་ཏུ་བརྫངས་བཞིན་ཡོད། དཔལ་འབྱོར་འཕྲུལ་འཛིན་གྱི་ལམ་ཕྱོགས་དེས་གནས་སྐབས་རིང་རྒྱ་ནག་གི་དཔལ་འབྱོར་ཁྲོམ་རྭ་དེ་ཉིད་རྒྱལ་སྤྱིའི་ཡང་རྩེར་སོན་ཡོད་པ་དང་། རྒྱ་ནག་གི་ཕྱུག་པོ་དང་དབང་ཡོད་མི་སྣ་ཁག་གཅིག་ལ་ཁེ་བབས་མང་པོ་བྱུང་ཡོད་ནའང་། རྒྱ་ནག་གི་དབུལ་ཕྱུག་བར་གྱི་ཧེ་བག་དེ་ཉིད་ཇེ་ཆེ་ལས་ཇེ་ཆུང་རྩ་བ་ནས་འགྲོ་ཡི་མེད། ཕྱུག་པོ་ཚོ་ཇེ་ཕྱུག་དང་དབུལ་པོ་ཚོ་ཇེ་དབུལ་ཏུ་སོང་པ་ནི་རྒྱ་ནག་རྒྱལ་ནང་མི་མང་གི་འཚོ་བཞིན་ཡོད། གནས་སྟངས་འདི་ཉིད་འོག་དབུལ་པོ་ཚོས་མུ་མཐུད་དུ་རང་ཉིད་ཀྱི་རྒྱུ་ནོར་དང་ལས་ཀ་བཏོན་ཏེ། ཕྱུག་པོ་ཚོར་ཞབས་འདེབས་ཞུ་རྒྱུ་ཡིན་ནམ། ཞུ་ཐུབ་བམ། གནད་དོན་འདིའང་ང་ཚོས་སྔོན་དཔག་ཐུབ་པ་ཞིག་ལོས་ཡིན།
རྒྱ་ནག་གི་བཤད་རྒྱུན་དུ་“གོང་ལ་སྡོད་མཁན་ཚོ་མ་དྲང་ན། འོག་ལ་སྡོད་མཁན་ཚོ་དྲང་སྲིད་དམ”ཞེས་བཤད་སྲོལ་བཞིན། རྒྱ་ནག་གི་དབང་འཛིན་མི་སྣ་མང་པོས་རང་ཉིད་ཀྱི་དབང་ཤུགས་ལ་བརྟེན་ནས། སྤྱི་རྫས་སྒེར་བདག་བྱེད་པ་དང་དབང་ཆ་འཐབ་འཛིང་བྱེད་པ་སོགས་སྐྱུག་བྲོ་བའི་གནས་ཚུལ་མང་པོ་རྩོམ་བཞིན་ཡོད། ཉེ་ཆར་རྒྱ་ནག་ནང་བྱུང་བའི་བྷོ་ཤིས་ལེའི་གནད་དོན་ནི་དཔེ་མཚོན་ཙམ་ཡིན་པ་ལས། དེ་ལས་མང་པ་དང་དེ་ལས་རྫབ་ཆེ་བའི་གནས་ཚུལ་མང་པོ་བྱུང་དང་འབྱུང་མུས་ཡིན། རྒྱ་ནག་གི་མི་མང་པོས་རྒྱ་གར་རུ་ལྐོགས་ཟ་རུལ་སུངས་གི་གནས་ཚུལ་ཕྲ་མོ་ཙམ་མཐོང་པ་དང་ཧང་སངས་སངས་བྱེད་ཀྱི་ཡོད་མོད། དོན་དངོས་ཐོག་ཁོང་ཚོ་རང་ཉིད་ཀྱི་རྒྱལ་ཁབ་ནང་འདི་ལས་ཚབས་ཆེ་བའི་ལྐོགས་ཟ་རུལ་སུངས་ཀྱི་གནས་ཚུལ་འབྱུང་མུས་ཡིན། འདི་ལྟ་བུའི་གོང་བཞུགས་དཔོན་རིགས་ཚོའི་བྱེད་ཕྱོགས་དེ་དག འོག་བཞུགས་མི་མང་ཚོས་བཟོད་སྒོམ་ག་དུས་བར་ཏུ་ཐུབ་ཀྱི་ཡོད་དམ། ནམ་ཞིག་གི་ཚེ་འདི་ནི་ཁོང་ཚོའི་རང་ཉིད་ཀྱིས་ཁ་རྒྱུན་བཤད་སྟངས་ལྟར་འབྱུང་པར་གདོན་མི་ཟ།
ང་ཚོའི་བོད་མི་མང་པོ་རི་བོང་ཅལ་འདྲོག་གིས་མི་ཚོས་རྒྱ་ནག་ལ་གདེང་འཇོག་ཇི་ལྟར་བྱེད་པ་བཞིན་དེ་ལྟར་བྱས་དེ། རང་ཉིད་ཀྱི་ཁ་གཏད་དགྲ་བོ་ནི་འགུལ་ཐབས་མེད་པའི་སྟོབས་ཆེན་ཞིག་ཏུ་བརྩིས་ནས་སེམས་ཤུགས་ཆག་པ་དང་། སྤོབས་པ་ཞུམ་པ་སོགས་བྱེད་པ་ནི་གཞན་གྱི་རྫིག་སྐུལ་གྱིས་རང་ཉིད་ཀྱི་གཟི་འོད་བཀག་པ་དང་གཉིས་སུ་མེད་ ན། དེ་ནི་ང་ཚོས་ནམ་ཡང་བྱེད་མི་འོས་པ་ཞིག་རེད། ང་ཚོས་ནམ་ཡང་༧གོང་ས་མཆོག་གི་ཡང་དག་པའི་ལམ་ཕྱོགས་སུ་ཤར་བསྐྱོད་བྱེད་པ་དང་། ང་ཚོའི་བཀུར་འོས་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གི་དབུ་ཁྲིད་འོག་མདུན་དུ་བསྐྱོད་དང་། ང་ཚོ་ལ་རྒྱལ་ཁ་ཞིག་ཏན་ཏན་འཐོབ་ངེས་རེད། གངས་ཡིན་ཞེ་ན། དོན་དངོས་ཀྱི་རྒྱ་ནག་ནི་ང་ཚོའི་ཕྱི་ཚུལ་ནས་མཐོང་བ་ནང་བཞིན་གཏན་ནས་མིན་ནོ།།
སྐབས་བབ་དང་འབྲེལ་བའི་རྩོམ་ཡིག་ལེགས་པོ་ཞིག་རེད། མུ་མཐུད་དུ་ཕྲིས་ཤིག
དཔེ་ཡག་པོ་བྲིས་འདུག་ཐགས་རྗེ་ཆེ།།
ཁོང་གིས་རྒྱ་ནག་ལ་བསྟོད་པ་ཕུལ་བ་ཡིན་ནམ་སྨད་ར་བྱེད་པ་རེད། འོན་ཀྱང་རྩམ་ཡིག་བྲིས་སྟངས་ཡག་པོ་འདུག