བོན་རྒྱ་བསྟན་འཛིན་རབ་རྒྱས།
༡ ༽ ད་ནི་ཛ་དྲག་ཆ་ཚང་ལ་རྒྱུན་ལྡན་ལ་གྱུར་བ་ཨེ་རེད།
ན་ནིང་གི་ལོ་མཇུག་ལ་མི་ཞིག་གིས་མེར་བསྲེགས་བཏང་སོང་ཞེས་པའི་སྐད་ཆ་དེ་ཐོས་ཙམ་ནས། ཡ་ཆུང་གི་སྙིང་ཡང་ལྟིག་ལྟིག་ལྡང་ཞིང་དངོས་གནས་ཅི་བྱ་བརྟོལ་བྲལ་ལྟ་བུ་ཞིག་རེད། ཡིན་ནའང་། ད་ནི་དཔའ་རྒོད་ཅིག་གིས་མེར་བསྲེགས་བཏང་བའི་གནས་ཚུལ་འབྱོར་ནའང་དེ་དུས་ཀྱི་ཚོར་སྣང་སྡོད་མི་བཟོད་པ་དེ་འཇགས་ཚར་འདུག དངོས་གནས་ད་ནི་ཛ་དྲག་ཆ་ཚང་རྒྱུན་ལྡན་དུ་འགྱུར་བའི་དུས་ཚོད་ཅིག་ལ་གྱུར་འདུག འདི་མུར་སོང་ན་ནམ་ཞིག་རང་སྲོག་གཏོང་བ་དེའང་རྒྱུན་ལྡན་ལ་འགྱུར་རྒྱུ་རེད། དེ་དུས། ད་གཟོད་འཛམ་གླིང་གི་ལེ་བྷི་ཡ་དང་སེ་རི་ཡ་ནི་སུ་ཡིན་རྒྱུ་རེད། གྷ་ཌ་ཧྥེ་སུ་ཡིན་རྒྱུ་རེད། གྷ་ཌ་ཧྥེའི་རོ་དྲུད་ནས་དགའ་འབོད་ཀྱི་རྡོག་བྲོ་རྒྱག་མཁན་དེ་སུ་ཡིན་རྒྱུ་རེད། དེ་དུས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཀྱང་བོད་དོན་ལ་ཁ་གྲགས་ངེས་ཡིན་ནི་རེད། དེ་དུས། རྒྱ་གུང་ཁྲན་ཚང་ཡང་ཅི་འདྲའི་ཁ་ཆག་སྣ་རལ་ཞིག་ཡིན་ན་སྙམ་གྱི་འདུག སྲིན་པོ་འབྲུག་གི་ལོ་འདིར་ང་ལ་འཆར་སྣང་འདི་འདྲ་ཤ་སྟག་འཆར་གི་འདུག
༢ ༽ ད་ནི་གནམ་འོག་གི་གངས་ཅན་པ་ཚང་མ་འགུལ་དགོས་པ་ཨེ་རེད།
བོད་ནང་གི་མེ་ལྕེ་བར་མཚམས་མེད་པར་འབར་སོང་། བདག་གིས་ད་དུང་རྣམ་གྲངས་ཅན་དང་ངར་ཤུགས་ལྡན་པའི་སྒོ་ནས་འབར་དགོས་པའི་སྟེང་ལ། བོད་ནང་གི་བོད་མི་ཚང་མ་སྡེབ་ལངས་བྱེད་དགོས་ཞེས་བསམ་ཚུལ་སྤེལ་བ་ཡིན། ད་དུང་འདིའི་ལྟག་རྒྱབ་ན་གནམ་འོག་གི་བོད་པ་ཚང་མ་ལངས་དགོས་ཞེས་པའི་སྟེང་ལ་ས་སྟེང་གི་ཞི་བདེ་དོན་གཉེར་བ་ཀུན་པོ་འགུལ་ཞིག་ཅེས་པའི་སྔོན་འགྲོའི་དུང་མོ་ཆེ་དེའང་ཤུགས་ཀྱིས་བུས་ཡོད། འདི་ནི་སྔོན་ཆད་ཏང་གི་རྒན་རབས་གསར་བརྗེ་བ་རྣམས་ཀྱིས “གནམ་འོག་གི་འབྱོར་མེད་པ་ཚང་མ་ལོངས་ཤོགས”ཅེས་པ་དང་། “ཁྲག་བཞུར་ནས་རང་སྲོག་བཏང་བ་ཙམ་གྱིས་མི་ཆོག སྣེ་འཁྲིད་ནས་ལམ་སྟོན་བྱེད་དགོས་”ཞེས་པའི་སྡོམ་ཚིག་དང་ཡང་འདྲ་སེ་འདུག་པ་ལ།
༣ ༽ ད་ནི་གཏལ་རྒྱུ་མེད་པའི་མེ་ཞིག་འབུད་དགོས་པ་ཨེ་རེད།
ང་ཆེས་དགའ་བའི་བརྩེ་དུངས་གློག་བརྙན་ཚེ་གཅིག་སྐྱ་ཡ་ནང་དུ། “གལ་ཏེ་བརྩེ་དུངས་ཟེར་བ་མེ་ཕུང་ཞིག་ཡིན་ན། རང་གི་ལུས་ཀྱི་ཕུང་བོ་བུད་ཤིང་བྱས་ན་འགྲིག་གི་རེད་དེ། ཕུང་བོ་མེད་སོང་ན་མེ་དེ་ཡང་ནམ་ཞིག་ཏལ་འགྲོ་གི་རེད། གལ་ཏེ་སེམས་བུད་ཤིང་བྱས་ན། ཁ་བྲལ་སོང་ན་འགྲིག་གི་རེད། འཇིག་རྟེན་ན་མེད་ན་འགྲིག་གི་རེད། མེ་ཕུང་དེ་ནམ་ཡང་ཏལ་རྒྱུ་ཡོད་པ་མ་རེད། དེ་ནི་ངས་རང་གི་དགའ་ས་བདག་བཟུང་དང་བརྩེ་དུང་ལ་ལོངས་སྤྱོད་སྟངས་ཡིན་”ཞེས་པའི་སྐད་ཆ་ཞིག་དྲན་གྱི་འདུག དེ་རིང་ངས་ཀྱང་མེ་ཕུང་འདི་དག་གིས་རང་གི་ཕུང་བོ་བུད་ཤིང་བྱས་པ་ཙམ་ཡིན་ནམ། བླ་ན་མེད་པའི་སྙིང་སྟོབས་དང་སེམས་བསྐྱེད་ཀྱང་བུད་ཤིང་བྱས་ཡོད་དམ་ཞེས་དྲི་བ་ཞིག་འཁོར་བ་མ་ཟད། བླ་ན་མེད་པའི་སྙིང་སྟོབས་དང་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཉག་གཅིག་བུད་ཤིང་བྱས་ཡོད་པའི་རྒྱལ་སྲས་བསོད་བྷོ་རིན་པོ་ཆེ་མཆོག་དྲན་པ་མ་ཟད། ཁོང་གིས་མ་འོངས་པར་རང་ལུས་མེར་བསྲེག་གཏོང་གཏན་འཁེལ་བའི་དཔའ་བོ་རྣམས་ལ་ལམ་སྟོན་ཞིག་གི་ཚུལ་དུའང་ཕུང་བོ་དང་སྙིང་སྟོབས་ཀྱི་སེམས་མཆོག་རིན་པོ་ཆེ་གཉིས་ཀ་བུད་ཤིང་བྱས་པ་མིན་ནམ་སྙམ་པའི་ཚོར་བ་ཞིག་གིས་ཀྱང་རང་སེམས་ལ་ཟུག་ཟུག་བརྡུང་བྱུང་བ་མ་ཟད། བོད་པའི་བདེན་དོན་གསལ་སྒྲོན་གྱི་མེ་ཕུང་འདི་ཡང་ཏལ་རྒྱུ་མེད་ན་སྙམ་པའི་འཆར་སྣང་ཞིག་ཀྱང་ངང་གིས་སྐྱེས།
༤ ༽ ནང་བ་ཚང་ལ་གཞན་དོན་དུ་རང་ལུས་བསྲེགས་པ་འཚེ་བར་སྨྲ་བའི་ཡིག་འབྲུ་ན་གཅིག་ཡོད་དམ།
བོད་ཀྱི་ལོ་སར་ལ་ཉིན་གསུམ་ཙམ་ལས་མེད་པའི་སྤྱི་ཚེས་ ༡༩ ཉིན་ང་བགྲོ་གླེང་ཞིག་གི་སྟེང་ལ་གཏམ་བཤད་བྱེད་པར་མགྲོན་འབོད་བྱས་སོང་། སྐབས་དེར་ངས་བོད་མིའི་མེར་བསྲེགས་ལས་འགུལ་འདི་ལ་ཆོས་དང་ཆབ་སྲིད་རིག་གཞུང་གསུམ་གྱི་ཐད་ནས་གདེང་འཇོག་བྱ་རིགས་ཤིང་། དེ་འདྲའི་ཤུགས་རྐྱེན་ངོགས་ནས་རང་ལུས་མེར་བསྲེགས་ཀྱི་སེམས་བསྐྱེད་དང་། ཉམས་བཞེས་དེ་བྱུང་བ་ཞིག་ཡིན་པ་དང་། དེ་ཡང་སྟག་མོ་ལུས་སྦྱིན་དང་། བྱང་ཆུབ་སེམས་དཔའ་ཆོས་འཕགས། ལུས་ལ་མར་མེ་སྟོང་བཙུགས་ཏེ་མཆོད་པ་ཕུལ་རབས་སོགས་ནང་བའི་སྒྲུང་དང་ལོ་རྒྱུས་གང་སར་གཞན་དོན་དུ་རང་སྲོག་ཐོངས་ཤིག་གསུངས་པ་ལས། གཞན་དོན་དུ་རང་སྲོག་གཏོང་མི་རུང་ཞེས་པའི་ཡིག་འབྲུ་ན་གཅིག་བཙལ་ན་མི་རྙེད་པའི་ཚད་ཡིན་པ་མ་ཟད། གཞུང་ལུགས་ཐད་ནས་ཀྱང་། “གཞན་ལ་འཚེ་བ་དགེ་སྦྱོང་མ་ཡིན་ནོ། །”ཞེས་པ་ལྟ་བུ་དང་། མདོ་སྡེ་པད་མ་དཀར་པོའི་ནང་དུ། “བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཐམས་ཅད་ཀྱིས་མཐོང་ན་དགའ་བའི་ལུས་ཀྱི་མར་མེ་འབར་བ་དེའི་འོད་ཀྱིས། འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་བརྒྱད་ཅུའི་བྱེ་མ་སྙེད་ཁྱབ་པར་གྱུར་ཏེ། འཇིག་རྟེན་གྱི་ཁམས་དེ་དག་གི་སངས་རྒྱས་བཅོམ་ལྡན་འདས་གང་གཱའི་ཀླུང་བརྒྱད་ཅུའི་བྱེ་མ་སྙེད་ཐམས་ཅད་ཀྱིས་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ཞེས་གསུངས་ཡོད་པ་ལྟ་བུ་ཡིན་པས། སེམས་འདུལ་སྦྱོང་གིས་སེམས་ཁྱད་པར་ཅན་གྱིས་རྩིས་ཟིན་ནས་མེར་བསྲེགས་གནང་མཁན་གྱི་རྒྱལ་སྲས་བསོད་བྷོ་རིན་པོ་ཆེ་ལྟ་བུའི་མཛད་སྤྱོད་འདི་དག་ནི་རྒྱལ་སྲས་བྱང་ཆུབ་སེམས་དཔའི་མཛད་པ་དམར་རྗེན་མ་ལས་ཅི་ཡང་མིན་རབས་དང་། ཆབ་སྲིད་ཀྱི་ཐད་ནས་བལྟས་ཀྱང་། བདག་ཉིད་ཆེན་པོ་གྷན་དྷི་ཡི་མི་རྟོན་པའི་ལས་འགུལ་ཞེས་པ་དང་རིགས་འདྲ་ཞིང་འཚེ་བ་མེད་པའི་ལས་འགུལ་གྱི་ཡང་རྩེ་ལ་གྱུར་ཡོད་པ་མ་ཟད། གནའ་རབས་ཀྱི་ཞི་བདེའི་རྒན་རབས་པ་ཚང་མས་བཞུད་ལམ་དང་། ལམ་སྟོན་གནང་བའི་ཆབ་སྲིད་ལྟ་གྲུབ་ཀྱི་བཀའ་རྒྱ་ལས་མ་བརྒལ་བ་ཞིག་རེད་ལ། དམར་ཕྱོགས་གསར་བརྗེ་རྒན་རབས་པ་མར་ཁེ་སི་དང་། ཨན་ཁེ་སི། ལེ་ཉིན་སོགས་ཀྱིས་། “སེམས་ཐག་གཙང་བཅད། ཤི་རྒྱུར་མི་སྐྲག་”ཅེས་པའི་གསར་བརྗེ་བསམ་བློ་དང་ཡོངས་སུ་མཐུན་པ་ཞིག་རེད་ཅེས་འདོད་ཅིང་། སྲོལ་རྒྱུན་རིག་གཞུང་ངམ་གོམས་གཤིས་ཐད་ནས་ཀྱང་བོད་འདི་དཔའ་བོ་ལ་དགའ་བའི་མི་རིགས་ཤིག་ཡིན་པ་དང་། ལྷག་པར་”ཝ་རྔ་མ་ཤུད་ལེ་འབྲོ་བ་ལས། སྟག་འཛུམ་དྲུག་གྱི་ལེར་ཤི་ན་དགའ་”ཟེར་བའི་ཁ་དཔེ་བཞིན། ཁོང་དག་གིས་ཀྱང་རང་གི་ཚེ་སྲོག་མེ་ལ་བསྒོས་ནས་དཔའ་རྟགས་བསྟན་པ་མ་ཟད། བུ་རབས་ཀྱི་རང་གཤིས་བཟུང་ཞིང་མི་རིགས་ཀྱི་ལ་རྒྱ་བཟུང་བ་ཞིག་ཀྱང་རེད། སྤྱི་ལོ་ ༢༠༡༡ ལོའི་ལོ་མཇུག་ལ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཉི་ཧོང་ནང་ལ་ཕེབས་དུས་གསར་འགོད་པའི་དྲི་བར་ལན་གནང་སྐབས། བོད་ནང་གི་མེར་བསྲེགས་ལས་འགུལ་འདི་ནི་ཆོས་དང་། ཆབ་སྲིད། རིག་གཞུང་གི་ལྟ་གྲུབ་ཀྱི་རྣམ་གཞག་གསུམ་གྱི་སྟེང་ལྟ་དགོས་གསུངས་འདུག་པ་ནི། མེར་བསྲེགས་ལས་འགུལ་འདི་ལ་གཏིང་ཟབ་པོའི་སྒོ་ནས་ལྟ་སྟངས་ཤིག་རེད་ཅེས་བཤད་པ་ཡིན། ཡིན་ནའང་། སྐབས་དེར་གསར་འགོད་པ་ཞིག་གིས་གཞན་ལ་དྲི་བ་འགོད་པ་དང་ཆབས་ཅིག་མེར་བསྲེགས་ལས་འགུལ་འདི་ལ་འགྲེལ་བརྗོད་དཀའ་མོ་བརྒྱབ་ན་ཡག་པོ་མི་འདུག་ཅེས་ཞོར་འཕྲོས་སུ་གླེང་སོང་བ་མ་ཟད། བགྲོ་གླེང་བ་གཞན་ཞིག་གིས་འཚེ་མེད་ཞི་བ་ཡིན་ཡིན་ལ་འདིར་འཚེ་མེད་ཞི་བ་ཡིན་རབས་ཞེས་ཡང་ཡང་བཤད་ན་དགོས་པ་མི་འདུག དཔེར་ན་། རྒྱ་ནག་གིས་གང་སར་ཀྲུང་གོའི་བོད་ལྗོངས་ཟེར་བ་སོགས་སྦྱོར་བ་དང་འདྲ་སེ་འདུག་ཅེས་བཤད་སོང་། ཡིན་ནའང་། ངས་བལྟས་ན་མེར་བསྲེགས་ལས་འགུལ་འདི་ནི་གཏིང་ཟབ་པའི་རིག་གཞུང་ཞིག་གི་ནུས་སྟོབས་དང་ཟབ་ཅིང་བརླིང་བའི་རྒྱུ་མཚན་སྣ་ཚོགས་པ་ཞིག་གི་རྐྱེན་ཉེ་བར་ཡོད་པ་ལས་བྱུང་བ་ཉིད་དུ་ངེས་ན་མཁས་བླུན་ཀུན་གྱིས་ཁོང་དུ་ཆུད་པའི་འགྲེལ་བཤད་ཅིག་ནི་ནམ་ཡང་རྒྱག་ཐབས་བྲལ་བ་ལྟ་བུ་ཞིག་ཏུ་མངོན།
༥༽ བོད་དང་རྒྱལ་བ་རིན་པོ་ཆེ་བར་གྱི་འབྲེལ་བ་ནི་སྨྲ་བསམ་བརྗོད་མེད་ཅིག་རེད་དམ།
སྐབས་དེར་ནོར་གླིང་མཐོ་སློབ་ཀྱི་དགེ་རྒན་ལྷ་ལུང་རྒྱལ་གྱིས། རྒྱལ་རབས་ལོ་རྒྱུས་ལ་བལྟས་ན་བོད་ནི་དྲག་རྒོལ་བྱེད་མི་ཐུབ་པའི་མི་རིགས་ཤིག་མ་རེད། དགའ་ལྡན་ཕོ་བྲང་གི་ཡར་སྔོན་ཞིག་བར་དུ་དྲག་རྒོལ་ཤ་སྟག་བྱས་ནས་ཡོང་བ་རེད། ཧ་ཅང་གཏུམ་དྲག་ཆེ་བའི་མི་རིགས་ཤིག་རེད། ཡིན་ནའང་། དེང་སང་ཁུ་སིམ་སིམ་རེ་འབོད་རེ་དང་བཅས་རང་ལུས་མེར་བསྲེགས་ནས་ཕེབས་འགྲོ་བ་འདི་ཅི་རེད། ངས་བལྟས་ན་འདི་ལ་ལྗིད་ཁོག་ཚ་བོ་གཉིས་ཡོད་པ་རེད། གཅིག་ནི་རྒྱ་ནག་གི་ཡ་ང་སྙིང་རྗེ་བྲལ་བའི་གདུག་རྩུབ་དེ་རེད། གཉིས་ནི་༸རྒྱལ་བ་རིན་པོ་ཆེས་ནམ་དུའང་འཚེ་བའི་ལས་འགུལ་ལ་རྒྱབ་སྐྱོར་མེད་ཅེས་བཀའ་གནང་བའི་བཀའ་སློབ་ལྗིད་ཁོག་ཚ་བོ་དེ་རེད། གནོད་ཤུགས་དེ་གཉིས་ཀྱིས་ཕྱོགས་གཉིས་ནས་ལྗིད་ཤུགས་ཀྱིས་མནན་ཡོང་དུས་བོད་མི་ཚོ་གདམ་ག་འདི་ལས་མེད་སོང་བ་རེད། བོད་མི་ཚོའི་ཕྱི་དབུགས་ཆད་ཅིང་ནང་དབུགས་ཆད་ལ་ཉེ་བའི་སྐབས་སུའང་རྒྱལ་བ་རིན་པོ་ཆེ་ཞེས་སྐད་ཤུགས་ཀྱིས་འབོད་ཀྱིན་ཡོད་པ་རེད། བོད་མི་ཚོ་ལ་རྒྱལ་བ་རིན་པོ་ཆེ་ལས་ཅི་ཡང་དགོས་པ་མ་རེད། རྒྱལ་བ་རིན་པོ་ཆེ་དང་བོད་མིིའི་བར་གྱི་འབྲེལ་བ་དེ་ནི་སྨྲ་བསམ་བརྗོད་མེད་ཅིག་རེད་ཅེས་ནན་བཤད་བྱས་སོང་། དངོས་གནས་བོད་ནང་གི་བོད་མི་ཚོས་རང་སྲོག་མེ་ལ་སྒྲོན་དུས་ཀྱང་། སེན་བགྲད་ཙམ་གྱི་འཚེ་བ་རེའང་བྱེད་ཕོད་ཀྱི་མེད་པ་དེ་ནི་བོད་པ་ཚང་མ་བྱང་ཆུབ་སེམས་དཔའ་ཤ་སྟག་ཡིན་སོང་བ་གཏན་ནས་མིན་པར། བོད་དང་རྒྱལ་བ་རིན་པོ་ཆེ་བར་གྱི་འབྲེལ་བ་དེ་ནི་སྨར་བསམ་བརྗོད་མེད་ཅིག་ཡིན་ཞིང་། རྒྱལ་བ་རིན་པོ་ཆེའི་ཆེད་དུ་བོད་མི་ཚོས་ཚེ་སྲོག་གཏོང་ཕོད་པ་མ་ཟད། རྒྱལ་བ་རིན་པོ་ཆེའི་བཀའ་སློབ་ནན་མོ་རེའི་ཆེད་དུའང་ཚེ་སྲོག་གཏོང་ཕོད་ཅིང་། བོད་མི་ཚོ་ཚེ་སྲོག་འདོར་བའི་སྙིང་སྟོབས་ཡོད་ནའང་རྒྱལ་བ་རིན་པོ་ཆེའི་བཀའ་དང་འགལ་བའི་སྤོབས་པ་མེད་པ་དེ་རེད། དེ་མ་གཏོགས་བོད་པ་དེ་དག་གིས་མ་མཐའ་ཡང་རྒྱ་མི་རེ་སྐེ་སྦྲེལ་གྱིས་ཆས་ལོས་ཡོད། ཡིན་ནའང་། རྒྱལ་བོ་རིན་པོ་ཆེས་སྔ་ཕྱི་བར་གསུམ་དུ་འཚེ་བའི་ལས་ཀ་བྱེད་མི་རུང་བའི་བཀའ་སློབ་ནན་ཏན་གྱིས་ཕེབས་པ་དེའི་རྐྱེན་གྱིས་བོད་མི་ཚོས་ཚེ་སྲོག་གཏོང་དུས་ཀྱང་འཚེ་བ་བྱེད་ཕོད་ཀྱི་མེད་ཅིང་དེ་ཡང་མཐར་ཐུག་ན་རྒྱལ་བ་རིན་པོ་ཆེའི་བཀའ་དང་འགལ་ཕོད་ཀྱི་མེད་པ་ཙམ་ལས་དམྱལ་བར་སྐྱེ་དོགས་ཀྱི་སྐྲག་སྣང་གིས་ནི་གཏན་ནས་མིན་ནོ། །
༦ ༽ དོན་དངོས་ཀྱི་ལག་དམར་གདུག་པ་ཅན་སུ་ཡིན་ནམ།
ད་ལྟའི་བར་དུ་བོད་ནང་ནས་བོད་དོན་དུ་གྲོངས་སོང་བའི་བོད་མི་ས་ཡ་གཅིག་དང་འབུམ་ཁ་ཤས་ཀྱི་གྲངས་ཀ་ཞིག་སྒྲོག་གི་ཡོད་པ་རེད། དོན་དངོས་སུ་དེ་ཚང་མ་སུ་ཞིག་གི་ཆེད་དུ་དགྲའི་མཚོན་འོག་ལ་འཛུལ་བ་རེད། ང་ཚོའི་ཆེད་དུ། རྒྱལ་ཁབ་མེད་པའི་མི་རབས་རྗེས་མ་ང་ཚོ་ཆེད་དུ་འཛུལ་བ་རེད། དེ་བཞིན་ཁ་སང་ཁེ་ཉིན་མེ་ནང་ལ་འཛུལ་བའི་དཔའ་བོ་དཔའ་མོ་ཚོའང་རྒྱལ་ཁབ་མེད་པའི་ང་ཚོ་ཆེད་དུ་འཛུལ་བ་རེད། དེའི་ཕྱིར་དོན་དངོས་ཀྱི་ལག་དམར་ནི་ང་ཚོ་ཉིད་ལས་སུ་གང་ཡང་མ་རེད། དེའི་ཕྱིར། དངོས་གནས་ང་ཚོ་ནི་མི་ཡུལ་གྱི་སྡིགས་རྒན་འཇིགས་སུ་རུང་བ་ཤ་སྟག་རེད་ཨང་སྙམ་ནས་ང་རང་ཉིད་ལའང་སྐྲག་སྣང་ཞིག་སྐྱེ་གི་འདུག ཡིན་ནའང་། བོད་ནང་གི་མེ་ལྕེ་དེ་དག་མུ་མཐུད་ནས་འབར་དགོས་པ་མ་ཟད། རྣམ་གྲངས་ཅན་དང་ངར་ཤུགས་ལྡན་པའི་སྒོ་ནས་འབར་དགོས་པར་འདོད། ཡིན་ནའང་། བདག་གིས་བོད་ནང་གི་མེ་ལྕེ་མུ་མཐུད་ནས་འབར་དགོས་བར་གླེང་བ་དང་། དར་དམར་འཕྱར་མཁན་དག་གིས་བོད་ནང་གི་མེ་ལྕེ་ལ་འགོག་རྒོལ་བརྩམས་པ་དག་ལས་གང་ཞིག་ལ་དམར་ཤད་འདྲེས་པའང་འཇིག་རྟེན་གྱིས་མཐོང་ཚོད་ཡིན་པ་མ་ཟད། དོན་དངོས་སུ་བོད་མིའི་ཚེ་སྲོག་ལ་བརྩེ་སེམས་ཀྱི་མེ་ལྕེ་མཆེད་མཁན་དག་ནི། གངས་སེང་དར་ཆ་འཕྱར་མཁན་ཚོ་ལས་སྐར་ལྔའི་དར་དམར་འཕྱར་མཁན་ཚོ་གཏན་ནས་ཡིན་མི་སྲིད་ལ། དོན་དངོས་ཀྱི་ལག་དམར་གདུག་པ་ཅན་དག་ཀྱང་དར་དམར་འཕྱར་མཁན་ཚོ་ལས་དར་དམར་བསྲེག་མཁན་ཚོ་གཏན་ནས་ཡིན་མི་སྲིད།
ཚིག་འདི་ལ་དངོས་ནས་གོ་རྒྱུ་འདུག
ནོར་གླིང་མཐོ་སློབ་ཀྱི་རྒྱལ་རབས་དགེ་རྒན་འདི་དོན་དམ་པའི་རྒྱལ་རབས་དགེ་རྒན་དངོས་ནས་དེ་རེད།
ནོར་གླིང་མཐོ་སློབ་ཀྱི་དགེ་རྒན་ལྷ་ལུང་རྒྱལ་གྱིས། རྒྱལ་རབས་ལོ་རྒྱུས་ལ་བལྟས་ན་བོད་ནི་དྲག་རྒོལ་བྱེད་མི་ཐུབ་པའི་མི་རིགས་ཤིག་མ་རེད། དགའ་ལྡན་ཕོ་བྲང་གི་ཡར་སྔོན་ཞིག་བར་དུ་དྲག་རྒོལ་ཤ་སྟག་བྱས་ནས་ཡོང་བ་རེད། ཧ་ཅང་གཏུམ་དྲག་ཆེ་བའི་མི་རིགས་ཤིག་རེད། ཡིན་ནའང་། དེང་སང་ཁུ་སིམ་སིམ་རེ་འབོད་རེ་དང་བཅས་རང་ལུས་མེར་བསྲེགས་ནས་ཕེབས་འགྲོ་བ་འདི་ཅི་རེད། ངས་བལྟས་ན་འདི་ལ་ལྗིད་ཁོག་ཚ་བོ་གཉིས་ཡོད་པ་རེད། གཅིག་ནི་རྒྱ་ནག་གི་ཡ་ང་སྙིང་རྗེ་བྲལ་བའི་གདུག་རྩུབ་དེ་རེད། གཉིས་ནི་༸རྒྱལ་བ་རིན་པོ་ཆེས་ནམ་དུའང་འཚེ་བའི་ལས་འགུལ་ལ་རྒྱབ་སྐྱོར་མེད་ཅེས་བཀའ་གནང་བའི་བཀའ་སློབ་ལྗིད་ཁོག་ཚ་བོ་དེ་རེད། གནོད་ཤུགས་དེ་གཉིས་ཀྱིས་ཕྱོགས་གཉིས་ནས་ལྗིད་ཤུགས་ཀྱིས་མནན་ཡོང་དུས་བོད་མི་ཚོ་གདམ་ག་འདི་ལས་མེད་སོང་བ་རེད། བོད་མི་ཚོའི་ཕྱི་དབུགས་ཆད་ཅིང་ནང་དབུགས་ཆད་ལ་ཉེ་བའི་སྐབས་སུའང་རྒྱལ་བ་རིན་པོ་ཆེ་ཞེས་སྐད་ཤུགས་ཀྱིས་འབོད་ཀྱིན་ཡོད་པ་རེད། བོད་མི་ཚོ་ལ་རྒྱལ་བ་རིན་པོ་ཆེ་ལས་ཅི་ཡང་དགོས་པ་མ་རེད། རྒྱལ་བ་རིན་པོ་ཆེ་དང་བོད་མིིའི་བར་གྱི་འབྲེལ་བ་དེ་ནི་སྨྲ་བསམ་བརྗོད་མེད་ཅིག་རེད་
དངོས་གནས་སྟངས་ཇི་མ་ཇི་བཞིན་རེད།
ཐོག་མར་མིའུ་བོན་རྒྱས་དམར་པོ་མེ་ལ་རྒོལ་ལན་གནང་དང་གཟོད་ཁ་བཤད་དོན་ལ་ཡོད་པ་ཡིན། དེ་མིན་་་་་་་
ཀརྨ་ཡེ་ཤེས་ཟེར་བ་ལགས། ལག་ནས་ཅང་མི་འཇོན་ན་ཁ་ནས་འཇོན་ནི་ཚོར་ཅང་བཤད་ཀི་མ་འདུག ཁྱོད་ཀྱིས་ཁ་ནས་མི་འཇོན། ལག་ནས་མི་འཇོན་ད་དུང་ཅིག་མེ་ལ་བསྲོགས་ཞེས་བཤད་པ་དེ་ཅི་རེད། བོད་ནང་གི་མེར་བསྲེག་གཏོང་མཁན་དག་ཁྱོད་གཙོ་བོའི་བོད་མི་ཡོད་དོ་ཅོག་གི་ཆེད་དུ་མེར་བསྲེགས་པ་ཞིག་ལས་མིའུ་བོན་རྒྱ་ཁོ་ནའི་ཆེད་བསྲེག་པ་ག་ལ་ཡིན།
དེའི་ཕྱིར། མེ་ལ་བསྲེགས་ན་ཁྱོད་ཀྱང་བསྲེག་དགོས་པ་རེད། དེ་མིན་དྲ་འབུ་སྐེ་འབུ་གཅུ་རྒྱོ་ཁྱོད་ཀྱི་འབུ་ཁ་དེ་བཙུམ་ནས་བསྡད་ན་འོས་པ་ལ།
བོད་ནང་ལ་མུ་མཐུད་དུ་རང་ལུས་མེ་ལ་འབར་དགོས་བའི་བསྐུལ་སླུང་གི་ཚིག་དེ་ཚོ་ལ་བརྒོར་བ་ཡོད། འབྱོན་མ་བཙན་བྱོལ་ན་ཡོད་པ་ཚོས་རང་ལུས་མེ་ལ་འབར་རོགས། ཉུང་མཐའ་ལ་ས་སྣུམ་གྱི་སྤྱིན་བདག་བྱེད་ཡོང་། བོད་ལ་དགོས་བ་ནི་དཔའ་བོ་དཔའ་མོ་དེ་ཚོ་གསོན་པོར་འཚོ་བ་དང་ཀྲུང་ཧྥ་མི་རིགས་སྤྱི་མཐུན་རྒྱལ་ཁབ་ནང་མི་རིགས་ཀྱི་ཐོབ་ཐང་མུ་མཐུད་དུ་རྩོད་ལེན་བྱེད་པ་དེ་རེད།
ཡི་གེ་ཐིག་ཕྲེང་ལྔ་དྲུག་ཅིག་གི་ནང་ལ་ཡིག་ནོར་ལྔ་དྲུག་ཅིག་འབྲི་མཁན་ཁྱོད་ལྟ་བུ་ཞིག་གིས་ངོ་རྒོལ་བྱས་ནའང་ཤིག་གིས་གཅིག་པ་བཏང་བ་བཞིན་ས་རྒྱ་ཆོད་ཁེགས་པོ་རེད།
དེའི་ཕྱིར་ཆོས་འཕེལ་དར་རྒྱས་ཁྱོད་ལའང་མ་བབ་ལས་དོན་དེ་མི་འཛའ་བ་འདྲ།
བཙན་བྱོལ་ནང་གི་བོད་མི་ཚོས་གཞིས་བཞུགས་སྤུན་ཟླ་དང་བཙན་བྱོལ་ནང་ནས་མེར་སྲེག་དང་མ་སྲེག་གསུང་རྒྱུའི་ཐོབ་ཐང་ཡོད་དམ་བོད་མིའི་ལས་དབང་ཉམ་ཆུང་པའི་སྐབས་འདིར་བོད་མི་རེ་ལ་འགན་འཁྲི་རེ་རེ་ཡོད་པས་ཉ་ཉོག་གི་སྐད་ཆ་མང་ན་ཐལ་རྙོག་ཏུ་འགྱུར་འགྲོ། གནས་ལུགས་དང་རྒྱུ་མཚན་ཡང་ན་འཐབ་རྩོད་ཀྱི་ཐབས་ལམ་བཤད་རྒྱུ་ཕར་བཞག་དེ་ཁ་སྟོང་ནང་གི་ཚིག་སྟོང་མ་བརྗོད། དོན་དམ་པའི་དེ་ལྟར་འདོད་ན་ཁྱེད་ཚོའི་ལག་ལེན་དུ་མི་སྟར་དོན་ཅི་ཡིན་རང་ལོགས་སུ་བསྡད་དེ་གཞན་མེར་སྲེག་ཐོངས་ཞེས་བརྗོད་ན་འདི་ཡང་དག་པའི་བསམ་བློ་རྣལ་མ་ཞིག་རེད་དམ།
ཁ་བརྡ་ཚང་གི་རེ་སྐུལ་ནང་དུ་ཡིག་སྐྱོན་ལ་ཐེ་གཏོགས་དང་སྐྱོན་བརྗོད་མི་བྱེད་པས་སྐུལ་མ་བཏང་འདུག
འོན་ཀྱང་དེ་རིང་སྐུ་ཞབས་གནམ་ཐར་རྒྱལ་ལགས་ཀྱིས་ཆོས་འཕེལ་དར་རྒྱས་ལགས་སུ་ཐིག་འཕྲེང་ལྔ་དྲུག་ཞིག་ནང་དུ་ཡིག་སྐྱོན་ལྔ་དྲུག་ཞིག་འདུག་གསུང་སོང་ངོ་གནོང་དགོས་པ་ཞིག་ལ་ཁོང་གི་བྲིས་པའི་ནང་དུ་ཡིག་སྐྱོན་མང་པོ་འདུག་རང་སྐྱོན་མི་བཤད་གཞན་སྐྱོན་གླེང་ན་མཁས་པ་ཡིན་རྟགས་མ་རེད།
གནམ་ཐར་རྒྱལ་གྱི་ངའི་ཡིག་ནོར་མང་བའི་ཚིག་འཕྲེང་དེ་ཚོའི་དོན་གོ་ཡོད་ས་རེད། སྐད་ཡིག་གི་བེད་སྤྱོད་ནི་བརྡ་འཕྲོད་པ་དེ་མ་རེད་དམ།
གནམ་ཐར་ནས་ངའི་ཡིག་སྐྱོན་ཅན་གྱི་ཚིག་འཕྲེང་དེ་ཚོའི་ནང་དོན་ཧ་གོ་འདུག སྐད་ཡིག་གི་བེད་སྤྱོད་ནི་བརྡ་འཕྲོད་པ་དེ་མ་རེད་དམ།
དཔེ་ཡག་པོ་བྲིས་འདུག མུ་མཐུད་དེ་ལྟར་འབྲི་རོགས་གནང་། དོན་དངོས་ཀྱི་ལག་དམར་གདུག་པ་ཅན་དེ་ཧུ་ཅིན་ཏོ་རེད།
ཆོས་འཕེལ་དར་རྒྱས་ལགས་ཀྱི་དཔའ་བོ་ཚོ་གསོན་པོ་བཞུགས་དགོས་པའི་འབོད་བསྐུལ་གནང་དགོས་དོན་ཁྱེད་ཚོས་ཤེས་མིན་འདུག་ཁོང་ནས་གསོན་པོར་བསྡད་པ་རྣམས་དཔའ་བོ་ཡིན་གསུང་གི་ཡོད་རེད། དེ་མིན་སྤྱི་དོན་དུ་བྱས་རྗེས་མེད་ན་དཔའ་བོ་ཞིག་གང་ནས་ཡོང། རང་གི་སྐད་ཡིག་སྲུང་མ་ཐུབ་རང་སྲོག་གཏོང་མ་ཐུབ་པའི་དཔའ་བོ་ཞིག་བྱེད་དགོས་གསུང་གི་ཡོད་པ་རེད། ཧ་ཧ་ཧ་་་་་་་་་་་་་་་་་་
བོན་རྒྱ་བསྟན་རབ་འདིའི་ཁ་ནས་མེ་ལྕེ་འབར་བཞིན་འདུག དེ་ཡང་དོན་དངོས་དང་མཐུན་པའི་མེ་ལྕེ་ཞིག་རེད། མུ་མཐུད་མེ་ལྕེ་དེ་འདྲ་སྦར་རོགས།
དོན་དངོས་གི་ལག་དམར་སྡིག་པོ་ཆེ་དེ་སུ་ཡིན་དང། ད་ལྟ་བོད་ནང་མནར་གཅོད་མྱོང་བཞིན་པའི་རྩ་བ་ཀུན་དོན་དངོས་སུ་ཡིན་བསམས་ཞིབ་ཚགས་ཚུད་པོ་ཞིག་བྱས་ན་ང་ཚོ་མང་པོ་ཞིག་ལ་སྡིག་པ་འཁྲི་བ་ཏན་ཏན་རེད། དེ་ཚོ་ཚོང་མས་ཤེས་གསལ་རེད་ཡིན་ན་ཡང་ཁ་ཡི་གཞིས་ལུས་བོད་མི་ཟེར་བ་ཙམ་རེད་མ་གཏོག་དོན་དངོས་གནོད་སྐྱེལ་ཡ་རེད་མ་གཏོག་ཕན་ཏི་འབྲུ་ཙམ་ཞིག་མ་མཐོང། ད་དུང་ཁ་དལ་མོས་གང་བྱུང་གི་མེ་སྲེད་བྱས་དགོས་པའི་སྐུལ་མ་བྱས་མཁན་ཚོ་ནི་ང་ཡི་རྒྱ་གུང་ཁྲན་ལྟ་བུའི་དགྲ་བོ་ཡང་་ཡིན་གཞོན་སྐྱེས་ཉང་ཆུང་སྙིང་ཉེ་དེ་ཚོའི་སྲོག་བདག
་ཀྱང་ཡིན།
ཉིན་ཤས་རིང་བོན་རྒྱ་འདི་མཐོང་ཡ་མི་འདུག་ག་རེ་ཡིན་ནམ་བསམ་སོང་། དེ་རིང་རྩོམ་རིང་ཅིག་ཁ་བརྡ་ནང་ལ་བླུགས་ཞག ཡག་ཉེས་གང་ཡིན་བརྗོད་དཀའ་ནའང་། ཛ་དྲག་གི་སྐབས་སུ་བསམ་ཚུལ་ལྷུག་ལྷུག་བཤད་པ་ཡག་བྱུང་ཟེར་ཡ་ཡིན།
ཁ་དང་ལག་ཁོམས་ཡོད་པ་ཚོས་འདི་འདྲར་མང་པོ་ཕྲིས་དང་བོད་མི་རང་གིས་རང་བརླགས་ས་རེད། ཨ་ཁ་ཁ བོན་རྒྱ་ལགས
བོན་རྒྱའི་བསམ་ཚུལ་རིང་མོ་གསུམ་གི་ནང་ན་བདེན་པ་འདྲ་བ་གསུམ་དང་། རྫུན་པ་འདྲ་བ་གསུམ་འདུག དེས་ན་ཕྱེད་ཀ་འགྲིག་རྟགས་དང་ཕྱེད་ཀ་ནོར་རྟགས་འབབ་གི
སྤོ་ལངས་མི་ཉན། འདི་ངའི་བསམ་ཚུལ་ཡིན ། ཡིན་ན་ཡང་ཕྱོགས་མང་པོར་བསམ་གཞིགས་མང་ཙམ་བཏང་འདུག་པས་ཤིན་ཏུ་ལེགས།