དོན་དམ་སྐྲག་དགོས་ས་དེ་རང་མི་རེད།
སྒྲེན་པོས།
ཉི་མ་འདི་ཚོར་གློག་ཀླད་དྲ་ངོས་སུ་འཚང་ཐེངས་རེ་རེར། ཟིན་ཐོ་ཞིག་སྤེལ་འདོད་ཀྱི་འདུན་པ་མཚོ་བཞིན་རྒྱས་ནའང་། ཟིན་ཐོ་གང་ཞིག་སྤེལ་དགོས་མིན་ཡང་མི་ཤེས་པའི་ཚོད་དུ་གདའ། དེ་ལ་ཡང་རྒྱུ་མཚན་ཁྱོན་ནས་མེད་པ་ཞིག་ག་ལ་ཡིན།
གཅིག གངས་ཉིའི་དོན་དག
གྲོགས་གངས་ཉི་ལགས་འཛིན་བཟུང་ཐེབས་པའི་དོན་རྐྱེན་དེས། ང་ཚོ་ལ་རང་དབང་གི་ཁོར་ཡུག་ལག་མཐིལ་ཙམ་ཞིག་ལས་ལྷག་མེད་པའི། ཆེས་ཉམ་ཆུང་གི་འཕག་འཚག་བྱ་སའི་སྨྲ་བརྗོད་ཀྱི་བསྟི་གནས་འདི་ཡང་བཙན་གྱིས་ ཁྱུར་མིད་བྱ་འདོད་ཀྱི་བརྡ་རྟགས་རྒྱབ་ཟིན་པས། ང་རང་ངོས་ནས་བློ་ཕམ་ཆེན་པོ་སྐྱེས་བཞིན་ཡོད། སྤྱིར་ན་བོད་མི་ཞིག་འཛིན་བཟུང་ཐེབས་སོང་ན་དེ་ནི་སྤྱི་ཕྱོགས་ནས་བཤད་ན་དེ་ འདྲའི་ཕངས་སེམས་དང་དང་དོད་བྱ་རིན་ཆེན་པོ་མེད་སྣང་སྐྱེས་ནའང་། དོན་དག་འདིའི་ཕུགས་ནས་ང་ཚོར་འཇིགས་སྐྲག་རིགས་ཤིག་གི་ངོ་གདོང་གང་གསའ་དང་ གསེང་ནས་སྟོན་གྱིན་པ་མ་ཡིན་ནམ། སྨྲ་ལྕེ་འབྲེག་འདང་ཡོད་པའི་འཇིགས་སྐྲག་རིགས་ཤིག་གི་ངོ་གདོང་དེ། མང་གཙོ་དང་རང་དབང་གི་འབོད་སྐད་གཉོམ་པོ་དྲག་པོའི་དཔུང་གིས་བཀག་སྡོམ་བྱ་བཞིན་ ཡོད་པའི་འཇིགས་སྐྲག་རིགས་ཤིག གནད་འགག་འདི་འདྲ་སླེབས་པ་ན་ང་ལ་དངོས་གནས་ཟིན་ཐོ་སྤེལ་འདོད་ཀྱི་བློ་མེད་གི འཇིགས་སྐྲག་རིགས་འདི་ནི་ང་ཚོ་བོད་མི་ཁོ་ནས་མ་ཡིན་པར། འགྲོ་བ་མིའི་རིགས་ཀྱི་འཇིགས་སྐྲག་རིགས་ཤིག་ག་ལ་མིན། ང་ཚོས་ནམ་ནམ་ཞར་ཞར་ལ་རང་ངོ་རང་གི་ལག་པས་བཀབ་ནས་རང་ངོ་མི་མཐོང་ཁུལ་བྱས་ནས་ འདུག་དགོས་སམ། དོན་དམ་ང་ཚོས་ག་རེ་བྱས་ན་དགའ་ཨང་།
གཉིས། ཤར་དུང་རིའི་ཚེ་སྲོག
ཤར་དུང་རིའི་ཚེ་སྲོག་གི་སྐྱེ་རྒྱུན་གཅོད་གྲབས་བྱེད་པའི་ཁ་སང་དེ་ རིང་། ང་ལ་རང་ས་ནས་འདང་རྒྱག་དགོས་པའི་བློ་ཕམ་མང་པོ་སྟེར་གི ཤར་དུང་རིའི་ཚེ་སྲོག་ལ་གནོད་པ་བྱེད་མཁན་གྱི་ཐད་ཀའི་ཉེས་ཅན་ནི་གང་ཡིན་ཟེར་ ན། ངས་དེའི་ལན་དུ། ཐད་ཀར་རང་མི་ཡིན་ཞེས་ལན་འདེབས་ངེས་ཡིན། ག་རེ་ཡིན་ཟེར་ན། རང་དབང་ལུང་བ་ན་རང་དབང་གི་ཉི་ཟེར་འཐུང་བཞིན། གཞིས་སྡོད་བོད་མིའི་གནས་བབ་མི་ཚོར་བའི་རང་མི་དེ་དག་གིས། ད་ལོའི་ཤར་དུང་རི་འདི་ཉིད་དབྱིན་ཇིའི་སྐད་དུ་སྒྱུར་གནང་འདུག་ལ། དེ་རྗེས་འགྱུར་ཡིག་དེ་ཡང་རྒྱ་ཡིག་ཏུ་སྒྱུར་བས། ཤར་དུང་རིའི་ཚེ་སྲོག་ལ་ཉེན་ཁ་བྱུང་བ་མ་ཡིན་ནམ། དེ་བས་དོན་དམ་གྱི་སྐྲག་དགོས་ས་དེ་ང་ཚོའི་གམ་ན་ཡོད་འདུག་ཞེས་པ་དེའོ།
བདེ་འཇགས་ལས་ཁུངས་ལ་ལས་བྱེད་མི་སྣ་བསྡུ་བའི་དོན་དག་དེ།
ཉེ་ལམ་ང་ཚོའི་སློབ་གྲྭའི་ནང་དུ་མཐར་ཕྱིན་ལ་ཉེ་བའི་སློབ་མ་དག་ལ་ བྱ་བའི་ལས་གནས་ཐག་གཅོད་བྱེད་པའི་གོ་སྐབས་ཤིག་རེག་བྱུང་། གོ་སྐབས་དེ་ནི་གཞན་ཅི་ཡང་མ་ཡིན་པར་བོད་ཁུལ་དུ་སོང་ནས་མྱུལ་མ་བྱ་ རྒྱུའི་ལས་གནས་དེ་རེད། ངའི་ཉེ་འཁོར་གྱི་སློབ་གྲོགས་མང་པོས་གཅིག་རྗེས་གཉིས་མཐུད་ཀྱི་སྒོ་ནས་ལས་གནས་ དེ་ལ་ཧབ་ཐོབ་བྱེད་ཀྱིན་འདུག དུས་སྐབས་འདི་འདྲ་ཐོན་ཙ་ན་ང་ལ་དངོས་གནས་འདང་རྒྱག་ལྕི་གི གོང་གི་སློབ་གྲོགས་དེ་དག་ལ་ཡང་ཁག་མི་འདུག་སྙམ། ཤོག་སྒོར་ལ་ངོ་བྲིན་པའི་ཁ་སང་དེ་རིང་གི་སྤྱི་ཚོགས་འདི་དང་། དཔལ་འབྱོར་གྱིས་ཡོད་ཚད་ལ་ཚད་ཤིང་བཅའ་བའི་དུས་སྐབས་འདི་འདྲར། ཁོ་ཚོ་ལ་ཁག་ཁྱོན་ནས་མི་འདུག་ཨང་། སྒོར་མོའི་ངོ་ཟློག་རྒྱུ་ནི་དཀའ་ལས་ཤིག་རེད་འདོད། རང་རིགས་རང་མི་མང་པོ་ཞིག་མྱུལ་མའི་མིང་ཐོག་ནས་རང་ས་རང་ཡུལ་ལ་བཏང་ཉིན་ནས། ང་ཚོ་སྐྲག་དགོས་ས་ངོ་མ་དེ་རང་མི་མ་རེད་ཨང་།
ད་ཡིན་ན་རང་རེའི་ཤེས་ལྡན་མི་སྣ་ཚོ་ལོས་ཡིན། བོད་མི་ཁ་མིག་ཡོད་མཁན་ཕལ་མོ་ཆེས་དགྲ་བོའི་རང་གཤིས་མཐོང་སོང་བས་ང་སློབ་གྲྭ་ཆེན་མོ་བ་ཚོ་མྱུལ་མར་འགྱུར་འགྲོ་བའི་སེམས་ཁྲལ་མི་འདུག ཡིན་ནའང་དེང་སང་སེམས་ཤུགས་དང་ཤེས་ཡོན་ཡོད་ཟེར་མཁན་རེ་གཉིས་ཀྱིས་སློབ་གྲྭ་དང་སློབ་གྲྭའི་བར་དང་ཡང་ན་གྲྭ་བ་དང་སློབ་མའི་བར། ད་དུང་གཞིས་དང་བྱེས་ཀྱི་བར་ཏུ་ངེད་ཚང་དང་ཁྱོད་ཚང་། ཁྱོད་དང་ང་ཟེར་ནས་ཧྲག་བར་ཞིག་ཕྱེ་བཞིན་འདུག་པ་འདི་ངས་ཡག་རྟགས་ཤིག་མ་རེད་འདོད་ཀི ཡང་གཅིག་བཤད་ན་བོད་ནང་གི་ཤར་དུང་རི་སོགས་དབྱིན་ཇིའི་སྐད་དུ་སྒྱུར་གནང་བ་དེ་ཉེས་པ་ཞིག་ག་ལ་ཡིན། ང་ཚོའི་སེམས་ནང་གི་བསམ་འདུན་དང་དགྲ་བོས་སྡུག་གྱོང་ཅི་ཙམ་བཏང་བ་ནང་ཁུལ་དུ་སྦས་ནས་མ་བཞག་པར་འཇ༹མ་གླིང་མི་མང་ལ་ཁྲོམ་བསྒྲགས་བྱས་པ་འདིའི་རིགས་དགྲ་ལ་ཁ་གཏད་དང་རང་རེའི་རྩ་དོན་འགྲུབ་པའི་ཆ་ཤས་ཞིག་མིན་ན་ཅི་ཡིན་ཨང་།