—-རྨེ་རུ་ཡུལ་ལྷ་ཐར།
ཉིན་འགའི་སྔོན། མདོ་སྨད་སྒོ་མེ་ཆབ་ཆའི་གཞུང་ལ་གྲོགས་པོ་ཞིག་གི་གཉེན་སྟོན་ལ་གཟས་ཏེ་ཐེངས་གཅིག་ཕྱིན། དགོང་ཁར་གྲོགས་པོ་དང་ལྷན་དུ་ཤམ་བྷ་ལའི་ཐང་ཆེན་རྒྱབ་ལོགས་ཀྱི་རྒྱ་ཁོག་ཟ་ཁང་ཞིག་ཏུ་ཟ་མ་བཟའ་བར་སོང་བ་ལ། བོད་རིགས་གཞོན་ནུ་ཕོ་མོ་སྐོར་ཞིག་གིས་དེར་ཞབས་གཡོག་སྒྲུབ་ཀྱིན་པ་མཐོང་བས་འདུ་ཤེས་གསར་བསྒྱུར་དེར་མོས་ཏེ་སེམས་དགའ་བས་ཁྱབ་མོད། ཟ་མ་འདེམ་པའི་སྒང་ལ་བོད་སྐད་ཀྱིས་ཕར་དྲི་བ་འགའ་དྲིས་པར། ཚུར་རྒྱ་སྐད་འཁྱོངས་མི་འཁྱོངས་ཤིག་ལབ་སོང་ལ། བོད་སྐད་མི་ཤེས་སམ་ཞེས་དྲིས་པ་ན། ལྕེ་སྣར་དང་བཅས་བོད་སྐད་བཤད་སོང་། དེ་མ་ཁད་པར་རྒྱ་མོ་ཚོམས་ཆེན་སྤྱི་གཉེར་བ་ཞིག་ཡོད་པ་དེ་ཚུར་ཡོང་སྟེ་ཞབས་ཞུ་བ་དེ་ཚོར་སྡང་མིག་དང་བཅས་རྒྱ་སྐད་ཤོད་ཅེས་བཤད་ཡོད་པ་བརྗེད་སོང་ངམ་ཞེས་མ་རངས་པའི་ཚུལ་བསྟན་ཏེ་ཕྱིན་སོང་བར། དར་ཅིག་ལ་ང་ཚོ་ཚང་མ་ཧད་དེ་ལུས་ཤིང་། ཅུང་ཟད་ནས་རྒྱུས་ལོན་བྱས་པར། ལས་ཀའི་སྒང་ལ་བོད་སྐད་བཤད་མི་ཆོག་ཅེས་གཏན་འཁེལ་བྱས་ཡོད་ཚུལ་རྟོགས། འདི་འདྲའི་གཏན་འཁེལ་ནི་ཅི་ཞིག་ཅེས་ཡང་བསྐྱར་ཡ་མཚར་ཧོན་འཐོར་ལ་ལུས་དགོས་བྱུང་།
དྲང་མོར་བཤད་ན། ཁོ་བོ་སྒེར་ནས་འདི་འདྲའི་གནས་ཚུལ་མཐོང་བ་ནི་ཐེངས་དང་པོ་ཡིན་མོད། དེའི་རྗེས་ཏག་ཏག་ལ་སྟབས་བདེའི་འདྲི་བརྩད་རོབ་ཙམ་བྱས་པར། དེ་འདྲའི་དོན་ནི་རྒྱུན་ལྡན་པར་ཡོད་ཚུལ་གོ་ཐོས་བྱུང་། གཅིག་བྱས་ན། མི་མང་བོའི་འདོད་པར་བོད་པ་ཁེ་ལས་པ་དང་སྤྱི་གཉེར་བ་མང་དུ་ཐོན་ཞིང་རང་ལ་བདག་པའི་ལས་གྲྭ་སྣ་ཚོགས་ཚུགས་རྒྱུ་ནི་གནད་འདི་བསྒྱུར་བའི་ཐབས་ལམ་ཉག་གཅིག་གོ་ཞེས་སྙམ་སྲིད་མོད། དོན་དངོས་སྟེང་འདི་བཞིན་བྱས་པ་ཁོ་ནས་འགྲུབ་པ་ཞིག་ག་ལ་ཡིན་ཏེ། ལམ་ལུགས་སྒྲིག་སྲོལ་གྱིས་གཏན་ལ་མ་ཕབ་པ་གང་ཞིག་ཡུན་གནས་རང་བཞིན་དང་གཏན་སྲོལ་རང་བཞིན་དུ་ཆགས་མི་ཐུབ་བོ། །
ལས་གྲྭ་མི་འདྲ་བ་དང་ལས་ཁུངས་མི་མཚུངས་པ་དག་གི་ལས་གཉེར་བ་དང་འགོ་ཁྲིད་རྒྱ་རིགས་ཡིན་པར་བརྟེན་ངེས་པར་རྒྱ་སྐད་བཤད་དགོས་པའི་སྒྲིག་ལམ་གཏན་འཁེལ་བྱ་རུང་ཞེས་རྒྱུ་མཚན་འདྲེན་ན། ཁོ་ཚོ་བོད་རིགས་རང་སྐྱོང་ས་ཁུལ་དུ་ཡོད་བཞིན་པར་བོད་སྐད་སློབ་མི་དགོས་པ་དང་བོད་སྐད་བཤད་མཁན་ལ་དམའ་ཕབ་རུང་ཚུལ་རང་སྐྱོང་བཅའ་ཁྲིམས་གང་དུ་འདུག ཡང་ལ་ལས་གནས་ལུགས་དེ་ལྟར་ཡིན་རུང་དོན་དངོས་ནི་འདི་བཞིན་ཡིན་པས་ཐབས་བཀོད་མེད་པར་བརྗོད་ངེས་མོད། ན་ནིང་དོ་ཚིགས་རྒྱལ་ཁབ་ནས་ཁྲིམས་སྐྱོང་རང་བདག་འདི་རྒྱལ་ཇུས་ཆེན་པོར་བསྒྲགས་བཞིན་པས། བོད་མི་ཚོས་གོ་སྐབས་འདིར་བསྟུན་ཏེ་རང་ལ་བདག་པའི་ཁྲིམས་དབང་ཡང་སྲུང་མི་ཐུབ་ཅིང་རྩོད་མི་ནུས་པ་གང་ལ་ཐུག
སྔ་མ་མ་བྱུང་བས་ད་ལྟ་རྩོད་དགོས་པ་རེད་ལ། སྔོན་ཆད་མ་ནུས་པས་དེང་སང་འབད་དགོས་པ་ཡིན་པས་ན། ང་རང་གི་འདོད་པར་བོད་མི་ཚོར་དགོས་ངོ་མ་ནི། ཁྲིམས་སྐྱོང་རང་བདག་གི་རྩ་བའི་སྲིད་ཇུས་དང་ཁ་ཕྱོགས་དམ་གཉེར་སྒོས། རང་རང་སོ་སོར་འབྲེལ་བའི་ལས་ཀ་གང་ལ་འཕྲད་པའི་སྐབས་དང་། ལྷག་པར་རང་སྐྱོང་ས་ཁུལ་གྱི་སྐད་ཡིག་རང་དབང་གི་ཁྲིམས་འདི་ལ་སོ་སོས་ཡིད་ཆད་མེད་པར་ཁྲིམས་སྲུང་རྩོད་ལེན་བྱེད་དགོས་སྙམ།
དེ་མ་ཡིན་པར་སྲིད་ཇུས་ནི་དོན་མེད་དང་ལམ་ཕྱོགས་ནི་ཅི་དགར་འགྲོ་ངེས་གཏན་པར་བསམ་པའི་སྟེང་རང་གིས་དོན་གྱི་ཕ་རོལ་མཐོང་སོང་བའི་ཟོལ་དང་ཆེ་ས་ཞིག་ནས་འདང་རྒྱག་བཞིན་པའི་བཟོ་བསྟན་ཏེ་ཁ་ཡ་མི་བྱེད་ཚེ། སྒེར་སེམས་ཀྱི་མངོན་རྟགས་གཤའ་མའོ། །
༢༠༡༥.༨.༡༧• འཇང་ས་དམ་གྲོང་།
རྒྱ་ནག་རྩ་ཁྲིམས་འོག་ཏུ་གནས་བབ་འདི་ལས་ལྷག་ཡོད་པ་མ་རེད། གནས་སྟངས་འདིར་དབུ་མ་བ་ཚོས་ཇི་ལྟར་གདོང་ལེན་བྱེད་ཀྱི་ཡིན་ནམ། རང་བཙན་པ་ཚོས་ཇི་ལྟར་བྱེད་ཀྱི་ཡིན་ནམ།
རྨེ་རུ་ཡུལ་ལྷ་ཐར། འདི་ན་གཞོང་པ་སྟོང་པའི་གཞོང་འཛིངས་དང་། རང་དོན་ཕྱོགས་རིས་ཀྱི་གཏམ་ཙམ་ལས་སྤྱི་དོན་དོན་ཆེན་འདི་ལྟ་བུ་ལ་སྲིད་སྐྱོང་གིས་ཀྱང་ཐུགས་སྣང་གནང་གི་མེད་པས། མི་མང་གིས་དོ་སྣང་ག་ལ་བྱེད་ཤེས། ངས་ཀྱང་ཆ་ཚང་ཀློག་ཐུབ་མ་སོང་། མིག་གིས་ལྟ་ཞོར་ལ། གཞོན་པའི་བོད་སྐད་མ་ཤེས་ན། གསུངས་པ་དེར། ཚིག་གཞན་དེ་ཚོ་བཞིན་འདིར་ཡང་གཞོན་པས་ཞེས་བྱེད་སྒྲ་དགོས་སམ་སྙམ། ངས་ནོར་ཡོད་ན་དགོངས་དག སྐུ་ཉིད་ལ་བཀའ་དྲིན་ཆེ་ཞུ་དགོས་པ་དེ་མ་ཞུས་པར་ཞུ་དག་བཏང་བ་འདྲ་བོ་ཆགས་སོང་། རྒྱས་པ་ཞིབ་ཏུ་བཀླགས་ཏེ་ཞུས་ཆོག་པ་ཞུ།
བོད་ཀྱི་སྐད་ཡིག་ལ་སེམས་འཚབ་བྱས་པ་ནི། ཤིནད་ཏུ་ཕན་ཡོན་ཆེན་པོ་ཡོད་རེད་དོ།།
བོད་པའི་སྐད་ཡིག་ལ་སེམས་འཚབ་གནང་བ་ནི། ཚེ་འདི་ཕྱི་གཉིས་ཀ་ལ་ཕན་པའི་སེམས་འཚབ་ཅིག་རེད་དོ།།