ཡོང་ཁུངས། བོད་ཀྱི་དུས་བབ།
འཇིགས་བྲལ་གློག་བརྙན་ཕབ་སྐྲུན་པ་དོན་འགྲུབ་དབང་ཆེན་ལགས་རྒྱ་ནག་གི་བཙོན་འོག་ནས་ཀློད་གྲོལ་ཐོབ་སྟེ། དེ་རིང་ཉིན་གོང་བོད་ནང་གི་ཆུ་ཚོད་ ༡།༠༠ ཙམ་ལ་ཨ་མདོ་བ་ཡན་རྫོང་གི་རང་ཁྱིམ་དུ་འབྱོར་ཡོད་འདུག
ད་ལྟ་རང་བོད་ནས་གནས་ཚུལ་འབྱོར་བ་ལྟར་ན། ཕྱི་ལོ་༢༠༠༨ ཟླ་༣ ཚེས་༢༦ ཉིན། རྒྱ་ནག་གི་ཉེན་རྟོག་པས་མཚོ་སྔོན་ཟི་ལིང་ནས་འཛིན་བཟུང་བྱས་པའི་འཇིགས་བྲལ་གློག་བརྙན་ཕབ་སྐྲུན་པ་དོན་འགྲུབ་དབང་ཆེན་ལགས་རྒྱ་ནག་གི་བཙོན་འོག་ནས་ལོ་ ༦ གི་ཁྲིམས་ཆད་དུས་ཡུན་རྫོགས་ཏེ། དེ་རིང་ཉིན་རྒྱབ་བོད་ནང་གི་ཆུ་ཚོད་ ༣།༠༠ ཙམ་ལ་མཚོ་སྔོན་བ་ཡན་རྫོང་ཁོ་ཚེ་སྡེ་བའི་རང་ཁྱིམ་དུ་འབྱོར་ཡོད་འདུག
གནས་ཚུལ་ཁོ་སྤྲོད་པས་བརྗོད་པ་ལྟར་ན། ཉིན་འགའི་སྔོན་ལ་རྒྱ་ནག་གི་འབྲེལ་ཡོད་ཚན་པས་བརྡ་ལན་འབྱོར་ཏེ་ཚེས་ ༦ ཉིན་ཀན་ལྷོ་ཁུལ་བསང་ཆུ་རྫོང་ཐོག་ནས་ཀློད་གྲོལ་གཏོང་རྒྱུ་ཡིན་སྐོར་བརྗོད་དེ། ནང་མི་གཉེན་འབྲེལ་ཚོས་གྲ་སྒྲིག་བྱས་ཡོད་ཀྱང་། དེ་རིང་ཉིན་རྒྱབ་ཁོང་གློ་བུར་དུ་རང་ཁྱིམ་ལ་འབྱོར་ཡོད་འདུག ཁོང་གི་ད་ལྟའི་གཟུགས་གཞིའི་གནས་སྟངས་དང་བཙོན་ནས་ཇི་ལྟར་ཀློད་གྲོལ་བཏང་མིན་སོགས་ཀྱི་གནས་ཚུལ་གཞན་ད་སྔ་ཤེས་མ་སོང་ཟེར།
༢༠༠༨ ལོའི་རྒྱ་ནག་པེ་ཅིན་ཨོ་ལིམ་ཕིག་ལུས་རྩེད་འགྲན་འཚོགས་བསླེབ་ལ་ཉེ་སྐབས། དོན་གྲུབ་དབང་ཆེན་ལགས་དང་མགོ་ལོག་འཇིགས་མེད་རྣམ་གཉིས་ཀྱིས་བོད་ནང་གི་ས་ཁུལ་མང་པོར་གསང་སྟབས་ཀྱིས་སྐོར་སྐྱོད་བྱས་ཏེ། ས་གནས་མང་ཚོགས་ལ་པེ་ཅིན་ཨོ་རྩེད་ལ་འདོད་མོས་ཡོད་མེད་དང་བོད་ནང་གི་དངོས་ཡོད་གནས་སྟངས། ༧གོང་ས་མཆོག་དང་བྱེས་གྱར་བོད་མི་ཚོར་དད་པ་དམ་ཚིག་གང་འདྲ་ཡོད་མེད་བཅས་ཀྱི་སྐོར་ལ་གློག་བརྙན་ཕབ་སྐྲུན་བྱས་བར། ༢༠༠༨ ཟླ་ ༣ ཚེས་ ༢༦ ཉིན་རྒྱ་ནག་གཞུང་གི་ཉེན་རྟོག་པས་མཚོ་སྔོན་ཟི་ལིང་ནས་དོན་གྲུབ་དབང་ཆེན་ལགས་འཛིན་བཟུང་བྱས་ཏེ་ལོ་ ༦ གི་བཙོན་འཇུག་ཁྲིམས་ཐག་བཅད་དེ་ཟི་ལིང་གི་བཙོན་ཁང་ཞིག་ཏུ་ད་བར་བཙོན་འཇུག་མནར་གཅོད་མྱངས་ཡོད།
མགོ་ལོག་འཇིགས་མེད་ལགས་སྔ་ཕྱི་ཐེངས་ ༣ ཙམ་ལ་རྒྱ་གཞུང་གིས་འཛིན་བཟུང་བྱས་ཏེ་རྡུང་རྡེག་མནར་གཅོད་མང་པོ་བཏང་ཡོད་ཅིང་། ༢༠༡༢ ཟླ་ ༩ ཚེས་ ༣༠ ཉིན་ཀན་ལྷོ་ཁུལ་བསང་ཆུ་རྫོང་བང་དཀར་ཐང་གི་ལྟ་སྲུང་ཁང་ཞིག་ནས་བྲོས་ཐར་བྱུང་སྟེ། འདས་པའི་ལོ་གཅིག་ལྷག་རིང་བོད་ནང་གི་ས་གནས་མང་པོར་ཉེན་གཡོལ་བྲོས་བྱོལ་བྱས་མཐར་རྒྱ་གར་ནང་སྐྱབས་བཅོལ་དུ་འབྱོར་ཏེ། ཟླ་སྔོན་མའི་ཚེས་ ༢༨ ཉིན་ངྷ་རམ་ས་ལར་ཁོང་གི་གནས་ཚུལ་སྐོར་ཡོངས་ཁྱབ་གསར་འགོད་གསལ་བསྒྲགས་སྤེལ་ཡོད།
དོན་གྲུབ་དབང་ཆེན་ལགས་ཀྱི་ཕ་མ་གཉིས་དང་བཟའ་ཟླ་བུ་ཕྲུག་སོགས་རྒྱ་གར་ནང་སྐྱབས་བཅོལ་དུ་བསྡད་ཡོད་ཅིང་། ཕ་མ་གཉིས་ད་ལྟ་བཞུགས་སྒར་ངྷ་རམ་ས་ལར་བཞུགས་མུས་ཡིན།
དོན་དབང་ལགས་འཚམས་པོར་རང་ཡུལ་དུ་འབྱོར་བར་དགའ་བསུ་ཡོད་ལ།ཁོའི་ནང་མི་ཕ་མ་གཉིས་དང་བཟའ་ཟླ་བུ་ཕྲུག་ཚོ་མྱུར་དུ་མཇལ་ཐུབ་པའི་རེ་བ་སྨོན་ལམ་འདེབས་བཞིན་ཡོད།
ལོ་དྲུག་དཀའ་བ་སྤྱད་པའི་སྐྱེས་བུ་དེས། ལོ་དྲུག་བཙོན་ལ་སོང་བའི་བུ་འདི་སྐྱོབས།
ཧྲ་ཐེ། ལུས་པོ་བདག་པོ་ཡག་མོ་རྒྱོབ། འདི་གསར་བརྗེའི་མ་རྩ་རེད།
བཀྲ་ཤིས་བདེ་ལེགས་ཡོད། ངལ་གསོ་རྒྱོབ། སྐད་ཆ་བཤད་པར་བྲེལ་མི་རུང་།
དངོས་གནས་དཔལ་པོ་རེད། དགའ་བོ་བྱུང་སོང་
དངོས་གནས་རྒྱལ་ཁབ་ཆེད་དུ་དཀའ་ལས་རྒྱག་མཁན་ཟེར་ན་མི་དེ་ཚོ་རེད། དེ་མིན་ཨོ་སི་ཀྲོ་ལི་ཡར་ཐོན་རྫས་རྫུན་མ་འདྲ་བོ་དེ་ཚོ་ཅི་དྲགས།
དོན་གྲུབ་རྒྱལ་གྱི། བདེན་པ་ཉིད། རྒྱལ་གྱུར་ཅིག །
འཇིགས་བྲལ་གློག་བརྙན་ཕབ་བསྐྲུན་པ་དོན་གྲུབ་དབང་ཆེན་ལགས། མི་ལོ་དྲུག་གི་ཉེས་མེད་ཀྱི་མནར་གཅོད་འཁུར་ནས་རང་ཁྱིམ་དུ་འཚམས་པོར་འབྱོར་བ་དགའ་བསུ་ཞུ།
དོན་གྲུབ་དབང་ཆེན་སེམས་ཤུགས་ལས། །
འཇིགས་བྲལ་གློག་བརྙན་གསར་ཐོན་ཁྱབ། །
འོནད་ཀྱང་རང་ཉིད་ལོ་དྲུག་ཏུ། །
བཙོན་དུ་ཚུད་པ་སྤྱི་དོན་རེད། །
སྤྱི་དོན་བསྒྲུབས་པས་རང་དོན་དང་། །
བོད་དོན་གཉིས་ཀའི་དོན་གྲུབ་ཤོག །
རྟེན་འབྲེལ་བདེན་བརྡར་ལྟོས་གྲུབ་ཀྱིས། །
བདེན་པ་ཉིད་ནི་རྒྱལ་འགྱུར་ཅིག །
དཔའ་བོ་མོ་ཁོ་རེད། སྐུ་ཚེ་བརྟན། སྐུ་གཟུགས་བདག་སྐྱོང་གནང་རོགས།།
དཔའ་བོ་ངོ་མ་ཁོ་རེད། བོད་རྒྱལ་ལོ།།
ལྷ་མོ་དོན་གྲུབ་སྲིད་པ་གསུམ་གྱི་རྒྱན།།
དོན་གྲུབ་རྒྱལ་དེ་རིག་པའི་དཔའ་བོར་གྲགས།།
དོན་གྲུབ་དབང་ཆེན་དཔའ་བོའི་ཁྱུ་མཆོག་རེད།།
དོན་གྲུབ་རྣམ་གསུམ་འཇོག་ལུགས་དེ་འདྲ།།
དོན་གྲུབ་རྣམ་གསུམ་འཇོག་ལུགས་དེ་འདྲ་རེད།། ཅེས་བཅོས་རོགས།
དོན་གྲུབ་དབང་ཆེན་གློད་གྲོལ་བཏང་བའི་ཉིན་མོ་དེ། བོད་ཀྱི་གློག་བརྙན་དུས་སྟོན་ཉིན་མོར་གཞུང་འབྲེལ་གྱིས་གཏན་འབེབས་བྱས་ན་ཤིན་ཏུ་འོས་འཚམས་རེད།
འཇིགས་བྲལ་ཟེར་བའི་མིང་འདི་དོན་འགྲུབ་དབང་ཆེན་གྱིས་བཏགས་པ་ཞིག་ཡིན་ཚོད་མི་འདུག་པས། དེ་ན་སུ་ཞིག་གིས་མིང་འདི་གློག་བརྷན་དེ་ལ་བཏགས་པ་རེད། སུས་ཤེས་སམ། དྲ་ཉེ་ཚོ།