ཆོས་གྲགས།
སྙིང་མེད་ལག་མགོ་སྒྲེང་བའི་ཕོ་རྒོད་ཚོ། །
སྐད་ཡིག་དུང་ཞེན་ཆེ་བའི་འུར་བཤད་ཀྱིས། །
སྐད་ཡིག་ཡར་རྒྱས་གཏོང་ལ་མི་ཕན་པས། །
དོན་ལྡན་བྱ་སྤྱོད་ཐོག་ནས་སྟོན་པ་གལ། །
ཀ་སོགས་ཡི་གེ་སྐད་དང་ཐག་རིང་བའི། །
ཁ་བ་ཅན་གྱི་སྐད་ཡིག་ཟབ་མོ་འདི། །
ག་དུས་ཡིན་ཀྱང་ཁ་སྟོང་ཚིག་སྟོང་གིས། །
ང་ཡིན་ཁོ་མིན་ཕྱོགས་རིས་སྟོན་ས་མིན། །
ཅ་ཟིང་ལུང་ཁུག་སྐད་མང་སྡེབ་པ་ཡིས། །
ཆ་འཇོག་མེད་པར་རང་རྒྱལ་གཞན་ཕམ་གྱིས། །
ཇ་ཡུན་ཙམ་ཡང་ལྷོད་མེད་ཞེན་ཁོག་གིས། །
ཉ་ཉོག་འབྲེལ་མེད་ཚིག་མདའ་འཕེན་པ་སྐྱོ། །
ཏ་ཐ་ག་ཏའི་སྐད་དང་རིག་གཞུང་ལ། །
ཐ་མལ་ཚིག་སྐམ་ཙམ་གྱིས་མི་ཕན་ཞིང་། །
ད་ཆ་ཕྱི་ནང་བོད་ཕྲུག་དུ་མ་ཞིག །
ན་མཉམ་རིགས་གཞན་དབང་དུ་འགྱུར་བཞིན་གདའ། །
པ་ཕ་ཨ་མའི་ཕ་མེས་རིག་གཞུང་ལ། །
ཕ་ཡུལ་བསམ་ནས་ཞེན་པ་དཀར་བ་ན། །
བ་གམ་ཁྲོད་ཀྱི་ཤེས་རིག་ལས་ཁུངས་ཀྱི། །
མ་བརྒྱབ་སྒོ་མོ་ཁྱེད་ཀྱི་ཆེད་དུ་དབྱེ། །
ཙ་ཀོ་ར་འདྲའི་སྡུག་སྐད་རྒྱག་པ་ལས། །
ཚ་བའི་ཡུལ་ནས་སྤྱི་དོན་བསྒྲུབ་པའི་སླད། །
ཛ་དྲག་བསམ་འཆར་དུས་ཐོག་ཤོད་པ་ལས། །
ཝ་སྐད་ཁྱི་སྐད་ལྟ་བུའི་ཀུ་ཅོས་ཅི། །
ཞ་ལོང་མིན་ན་ཤེས་རིག་གསལ་བཤད་ལྟོས། །
ཟ་རི་ཟི་རིའི་སྐད་ཆར་ཆ་འཇོག་མེད། །
འ་ལད་ལུང་ཚན་ཞེན་པས་བསླད་གྱུར་ན། །
ཡ་མེད་གྱི་ནར་འཇོག་ལས་གཞན་དུ་ཅི། །
ར་རིའི་དྲི་མ་ཅན་གྱི་རིགས་ཞེན་པ། །
ལ་ལུང་འདི་ནས་ལུང་ཚན་དབང་གྱུར་ཏེ། །
ཤ་ཚ་ཆེ་བའི་ལས་དོན་བསྒྲུབ་མཁན་རྣམས། །
ས་སྟེང་འདི་ནས་རྒྱང་ཕུད་གཏང་ཉེན་ཆེ། །
ཧ་ཅང་ཤོད་ཤོད་མང་ན་འཁྲུག་པའི་གཞི། །
ཨ་མདོ་ཁམས་དང་དབུས་གཙང་ཕྱོགས་རིས་ཀྱིས། །
ཨ་རིའི་བུ་ཕྲུག་སྐད་ཡིག་ཤེས་ལགས་སམ། །
དེ་རང་ངོ་།།
ཀ་ཁ་སྦྱོང་དགོས་མི་རིགས་ནི། །
ཁ་བ་ཅན་གྱི་ན་གཞོན་རེད། །
ག་དུས་ཡིན་ཡང་བོད་སྐད་རྒྱོབས། །
ང་ཚོའི་སྐད་ཡིག་མ་ཉམས་ཉོར། །
༅༅། སྐད་ཡིག་ལོའི་ཉམས་མི་ཡི་ལུང་པར་བསླེབས།
མི་ཡི་ལུང་པར་བོད་པའི་སློབ་གྲ་མེད།
བོད་སློབ་མེད་རྐྱེན་བོད་ཡིག་ག་་ནས་ཤེས།
ཁོར་ཡུག་མ་བསྟུན་ལས་དོན་བྱེད་རྒྱུ་དཀའ།
བོད་ཀྱི་སྐད་ཡིག་སྦྱོང་དགོས་བཤད་བཤད་ཀྱང།
སྦྱོང་སའི་ཁོར་ཡུག་མེད་པར་གང་དུ་སྦྱང།
བསམ་བློ་གང་ཡང་མ་གཏོང་སྟོང་བཤད་རེད།
སྟོང་བཤད་ག་ཚོད་བཤད་ཀྱང་ཕན་འབྲས་མེད།
རང་སྐད་ཡིག་ལ་དུང་བའི་ངར་སྒྲ་ཅིག་།
ཁོག་སྙིང་ནས་ཚོར་ན་ངོ་མཚར་རོ་།
ལག་སྨྱུག་རྩེར་བསླེབས་པ་ངོ་མ་བཟང་།
བོང་མི་ཡིན་ཚེ་འགན་རེ་ཡོད་།