ལོག་སྨྲ་ཚར་གཅོད།
བསྡུས་གྲྭ་བལྟས་ཏེ་ཕན་མེད་རིགས་སྐམ་རྩ་བ་བཙུགས།།
རིགས་ལམ་སྦྱངས་ནས་བན་ཆུང་སེམས་པ་རྡོ་ལ་སྦྱར།།
བློ་རིགས་བལྟས་ཏེ་ཀླད་པའི་དབང་རྩ་ཤེས་པར་འཛིན།།
རྟགས་རིཌ་སྦྱངས་ཏེ་ཚུལ་གསུམ་དོན་དངོས་དཔོག་བྱེད་འཁྲུལ།།
ཚད་མར་སྦྱངས་ཏེ་རང་སྟོན་མཆོག་འཛིན་གཞན་འཁྲུལ་བསྒྲུབས།།
ཕར་ཕྱིན་བལྟས་སྟེ་མི་སྲིད་འབྲས་བུར་ས་ལམ་བཀོད།།
དབུ་མར་སྦྱངས་ནས་རང་གཞན་སྤྱི་སྒེར་རྩ་མེད་བཟོས།།
མངོན་པར་བལྟས་ཏེ་ཉི་ཟླ་འཁོར་ཕྱོགས་ཕྱིན་ཅི་བསློགས།།
འདུལ་བར་སྦྱངས་ཏེ་ལུས་སེམས་དབང་མེད་བཙན་དུ་བཀག །
སྔགས་ལུགས་སྦྱངས་ཏེ་ཡོད་ཚད་ལྷ་ཡི་རྣམ་རོལ་བལྟས།།
སུམ་རྟགས་སྦྱངས་ནས་རི་མོའི་རྩིག་པར་ཁྲིམས་སུ་བཅས།།
སྙན་ངག་སྦྱངས་ནས་མི་སྲིད་ཡོད་དགུར་སྒྲོ་བཏགས་བྱས།།
ཧིན་དྷི་སྦྱངས་ནས་ཕོ་མོའི་འདོད་སྲེད་སྒོ་མོ་ཕྱེས།།
དབྱིན་ཡིག་སྦྱངས་ཏེ་ཁྲེལ་མེད་མགོ་སེའི་ལྟ་བར་བྱང་།།
ལྟ་གྲུབ་སྦྱངས་ཏེ་དུག་གསུམ་དགག་བཞག་སྤོང་གསུམ་བསྲེས།།
ཚན་རིག་སྦྱངས་ཏེ་ཆོས་ལུགས་རྨོངས་དད་འཆིང་རྒྱ་བཀྲོལ།།
ཐམས་ཅད་སྦྱངས་ཀྱང་དངོས་དོན་ལོག་པའི་ལྟ་གྲུབ་མང་།།
རིག་ཚད་བཀླགས་ཀྱང་དོན་དངོས་བཤད་པའི་དཔེ་ཚོགས་ཉུང་།།
ཡོད་ཚད་མྱངས་ཀྱང་དགོས་དམིཌ་དབེན་པའི་བློ་སྦྱོང་མང་།།
ངེས་ཚད་བསྒོམས་ཀྱང་ཕན་འབྲས་ལྡན་པའི་ཉམས་རྟོགས་ཉུང་།།
བསྡུས་གྲྭ་བལྟས་ཏེ་ཕན་པའི་རིགས་ལམ་རྩ་བ་བཙུགས། །
རིགས་ལམ་སྦྱངས་ནས་སློབ་ཆུང་སེམས་པ་མཐོ་ལ་སྦྱར། །
བློ་རིགས་བལྟས་ཏེ་ཀླད་རྩ་དབང་ཤེས་སོ་སོར་ཤེས། །
རྟགས་རིགས་སྦྱངས་ཏེ་ཚུལ་གསུམ་དོན་དངོས་དཔོག་པ་མཚར། །
ཚད་མར་སྦྱངས་ཏེ་ནང་པའི་སྟོན་པ་འཁྲུལ་མེད་བསྒྲུབས། །
ཕར་ཕྱིན་བལྟས་སྟེ་མ་ཐོས་ས་ལམ་མང་པོ་གོ །
འདུལ་བར་སྦྱངས་ཏེ་ལུས་སེམས་གཉིས་ཀ་དལ་བར་གྱུར། །
སྔགས་ལུགས་སྦྱངས་ཏེ་ཡོད་ཚད་བདེ་གཤེགས་སྙིང་ཡོད་མཐོང་། །
རང་བློ་ཤེས་བྱ་ཀུན་ལ་སྦྱངས་གྱུར་ཀྱང་།
སྙིན་པོ་ལེན་པར་མ་ཤེས་ནག་ཁུངས་འཁྱམས།
ཚིག་གཅིག་ཤེས་པའི་སྙིང་པོ་ལེན་ཤེས་ན།
སྦྱངས་ཚད་དོན་ལྡན་འབྱུང་བར་མངོན་སུམ་མཐོང་།
གོ་རྒྱུ་ཡོད་ཀི་མོ།
སྙིང་བོ་ཡོད་མེད་མི་ཤེས་སྟེ།
གོ་བ་མེད་པ་མངོན་སུམ་རེད།
བྱིན་རླབས་ཡོད་མེད་མི་ཤེས་སྟེ།
རྩིག་རྒྱུ་མང་བ་དངོས་མཐོང་རེད།
ཆོས་སྐལ་མེད་པའི་ཁྱོད་ལྟ་བུ།།
སློབ་དཔོན་མེད་པའི་བདག་ལྟ་བུས།།
དད་པ་བྱས་རུང་སྟོང་བ་རེད།
སྨད་པ་བྱས་རུང་དོན་མེད་རེད།
ཆོས་ལ་སྐྱབས་སུ་མཆིའོ།
ཆོས་རང་ལ་སྐྱབས་སུ་མཆིའོ།
ཆོས་ཡང་དག་ལ་སྐྱབས་སུ་མཆིའོ།
ཆོས་ཁོ་ན་ལ་སྐྱབས་སུ་མཆིའོ།
བདག་གི་ཁ་འདོན་ཉིན་རེར་འཆག་མེད་མ་བཞུགས་སོ།
རང་གི་བློ་ལ་མ་འཐད་ན།།
གཡོ་སྒྱུའི་ཐབས་འཕྲུལ་སྣ་ཚོགས་ཀྱིས།།
འཆལ་གཏམ་སྨྲ་བའི་རང་ལུགས་འདི།།
ཀུན་གྱིས་ཉམས་ལེན་བྱེད་ས་ཡིན།།