ཀླུ་སྨྱོན།
མདང་དགོང་ཉལ་ཁར་བྲིས་པའི་སྙན་ངག་དེ།
སྙན་ངག་འབྲི་དུས་ཀྱི་དམིགས་རྣམ་ཞེས་པའི་སྙན་ངག་ཡིན་ལ་མིན་ལ་དེ།
དེ་གཉིས་ལ་མི་གཏོགས་པའི་གཞས་ཚིག་ཐུང་ཐུང་དེ།
སེམས་ནང་ལ་འཁོར་ནས་འདང་ཞིག་བརྒྱབ་དུས།
ལོ་ཟླ་འདི་དག་གི་རིང་ལ་བྲིས་པའི་སྙན་ངག་དེ་ཚོས།
མ་ཤེས་མ་ཚོར་བའི་ངང་དོར་མ་གྱོན་འདུག
དེ་ཡང་ཁ་དོག་མི་འདྲ་བའི་དོར་མ་གྱོན་འདུག
རིང་ཐུང་མི་འདྲ་བའི་དོར་མ་གྱོན་འདུག
གོང་ཚད་མི་འདྲ་བའི་དོར་མ་གྱོན་འདུག
གཙང་བཙོག་མི་འདྲ་བའི་དོར་མ་གྱོན་འདུག
དོར་མ་གྱོན་པའི་སྙན་ངག་འདི་དག་གི་ཀློག་པ་པོ་ལས་ངན་དེ་དག་གིས་ཀྱང་དོར་མ་གྱོན་འདུག
ཞིབ་ཏུ་བསམས་ན་ལོས་ཀྱང་ཡིན་ཏེ།
དོར་མ་གྱོན་པའི་སྤྲིན་གསེབ་ནས་དོར་མ་གྱོན་པའི་ཆར་བ་ཞིག་བབས་ཤིང་།
དེས་དོར་མ་གྱོན་པའི་ཞིང་གྲོང་གི་ས་རྡུལ་དག་རེ་ཞིག་འཇགས་པར་བྱས་པ་དང་།
དོར་མ་འདོམ་མེད་གྱོན་པའི་བྱིས་པ་ཚོས་འཇའ་ཚོན་འཛིན་འདོད་ཀྱིས་ས་ལྡིང་གནམ་ལྡིང་བྱེད་བཞིན་འདུག
དོར་མ་གྱོན་པའི་གསར་བུ་གསར་མོ་ཚོས་དོར་མ་གྱོན་དགོས་པའི་ཡུལ་ཁྲིམས་འདི་ལ་སུན་སྣང་བྱེད་མགོ་ཚུགས་ཤིང་།
རང་སྣང་གང་དྲན་གྱི་སྙན་ངག་པ་ཚོས་ཀྱང་སྙན་ངག་ལ་དོར་མ་བསྐོན་དགོས་པར་ངོ་རྒོལ་ཁྲོམ་སྐོར་བྱེད་བཞིན་འདུག
ཉེན་སྲུང་དོར་མ་མཐུག་པོ་གྱོན་པའི་ཉེན་རྟོག་པ་ཚོས་སྲང་བར་ནས་དོར་མ་བརྟོལ་ཐུབ་པའི་མེ་མདའ་ངོམ་བཞིན་ཡོད་ཅིང་།
དོར་མ་བསྐོན་པའི་སྙན་ངག་གིས་ཁེངས་པའི་དུས་དེབ་དང་ཚགས་པར་འཚོང་ས་དག་ཏུ་ཀུ་ཅོའི་འུར་ཟིང་ཇེ་ཆེར་འགྲོ་བཞིན་འདུག
གལ་སྲིད་ང་རང་རྒྱལ་ཁབ་འདིའི་སྲིད་འཛིན་དུ་བསྐོས་པ་ཡིན་ན།
ངས་ཐོག་དང་པོར་སྙན་ངག་ལ་དོར་མ་བསྐོན་མི་དགོས་པའི་ཁྲིམས་ལུགས་ཤིག་ལ་མིང་རྟགས་འགོད་ངེས་ཡིན་ཞིང་།
གལ་སྲིད་ང་རང་ནམ་མཁར་བཞུགས་པའི་དཀོན་མཆོག་དེར་གྱུར་པ་ཡིན་ན།
ངས་མི་རྣམས་ཀྱིས་དོར་མ་གྱོན་མི་དགོས་པར་ལམ་ཁ་བཞི་མདོ་ནས་ཉི་མར་གང་འདོད་དུ་ལྡེ་ཆོག་པའི་ཆོས་ལུགས་ཤིག་གསར་བཏོད་བྱེད་ངེས་ཡིན།
དོར་མ་འདིས་དོན་ངོ་མར་ང་ཚོར་ཕན་ཐོགས་ཅི་ཞིག་འདུག
ལས་ཀ་མེད་ཅིང་ཡོན་ཏན་ཡང་མེད་པའི་མི་འདི་དག་གིས།
སྙན་ངག་ལ་དབྱར་དགུན་སྟོན་དཔྱིད་ཀྱི་དོར་མ་འདྲ་མིན་སྣ་ཚོགས་ཤིག་བསྐོན་ཅིང་།
སྙན་ངག་ལ་ཆོས་ལུགས་གྲུབ་མཐའི་དོར་མ་ཆ་ཁ་ཡར་རྡེབ་མང་པོ་ཞིག་བསྐོན་རྩིས་བྱེད།
སྙན་ངག་ལ་རིག་གཞུང་གུ་དོགས་རིང་ལུགས་ཀྱི་དོར་མ་སྐྱུག་བྲོ་བ་གང་མང་ཞིག་བསྐོན་དགོས་ཞེས་ཨུ་ཚུགས་དྲག་པོ་བྱེད།
དོར་མ་གོང་ཚད་ཆེ།
དོར་མ་ལྗིད་ཁོག་ཚ།
དོར་མར་དྲི་མ་ཁ།
དོར་མས་ཆོས་ཉིད་བསྒྲིབས།
དོར་མ་ཕམ་པར་རྒྱོབས་ཤིག
ངས་འཇིག་རྟེན་གྱི་ནག་ཉེས་ཆེ་ཤོས་ཏེ།
རང་གི་སེམས་གཏིང་ནས་བརྡོལ་བའི་སྙན་ངག་འདི་ཚོར།
འཁྲལ་འཁྲུལ་དང་རྫུ་བག་གི་དོར་མ་མཐུག་པོ་རེ་གཡོག་ན་མི་འདོད།
ངས་རང་གི་སོར་རྩེ་ནས་ཐོན་པའི་སྙན་ངག་འདི་ཚོ།
ངེད་ཅག་སྐྱེ་མ་ཐག་པ་དང་ཤི་མ་ཐག་པའི་གནས་སྐབས་དེ་ཇི་བཞིན།
གཅེར་བུ་གཅེར་རྐྱང་དུ་བཞག་ན་འདོད་ཀི
དོར་མ་གྱོན་པའི་སྙན་ངག་དག་མེ་ལ་སྲེགས་ཤིག
དོར་མ་གྱོན་པའི་ཀློག་པ་པོ་དག་ཆུ་ལ་སྐྱུར་ཅིག
ཧེ་རུ་ཀ་ལགས།དངོས་གནས་ཁྱོས་རྩོམ་ཡག་ཙམ་དུ་འབྲི་མི་ཐུབ་ན་ཁ་བརྡ་དྲ་ཀློག་པ་ཚོ་ཉོབ་ཀྱིན་ཡོད་པ་རེད།ས་ཆ་མང་པོ་མེད་པར་བཟོ་ཡི་ཡོད་པ་མ་རེད་དམ།
་ད་རེས་ཀུན་དླིང་ནང་ཀླུ་སྨྱོན་ལགས་ཁྱེད་རང་དང་ སྨོན་ལམ་ལགས་གཉིས་ཀྱི་གསུང་སྐད་དེ་མ་གཞི་དབུས་སྐད་ཡིན་པ་ལ་
རང་གི་ཕ་ཡུལ་གྱི་སྒྲ་མདངས་ཡོད་པ་ སུམ་རྟགས་མཐུན་པ་་ བོད་མི་མང་ཆེ་བས་གོ་ཐུབ་པ་ཞིག་སྐྱོན་གྱི་འདུག་པས་ ཕལ་ཆེར་དེ་རྩམ་ལ་
སྤྱི་སྐད་ཟེར་ཆོག་གམ།
ཨ་ལགས་ཀླུ་སྨྱོན་ཚང་དོར་མ་གོན་སྙིང་འདོད་ནས་ཚ་གི་ཚི་གེ་བྱེད་ཀྱི་འདུག གང་ཡང་ཡོད་པ་མ་རེད། སྒྲིག་རང་ཁུར་དང་སྡོམ་པ་རང་སྲུང་རེད། ད་དོར་མ་གོན། ཟླ་བ་ཆོས་འཛོམས་མ་དབང་བསྐུར། རྡོ་རྗེའི་དབང་བསྐུར། ཁ་སྦྱོར་ཡན་ལག་བདུན་ལྡན་གྱི་གོ་འཕང་མངོན་དུ་བྱོས། དེའི་སྟ་གོན་ལ་གཟན་ཤམ་གཡག་སའི་ས་ཆ་ཡག་པོ་ཞིག་འཚོལ།
ཨ་ལགས་ཀླུ་སྨྱོན་ཚང་དོར་མ་གོན་སྙིང་འདོད་ནས་ཚ་གི་ཚི་གེ་བྱེད་ཀྱི་འདུག གང་ཡང་ཡོད་པ་མ་རེད། སྒྲིག་རང་ཁུར་དང་སྡོམ་པ་རང་སྲུང་རེད། ད་དོར་མ་གོན། ཟླ་བ་ཆོས་འཛོམས་མ་དབང་བསྐུར། རྡོ་རྗེའི་དབང་བསྐུར། ཁ་སྦྱོར་ཡན་ལག་བདུན་ལྡན་གྱི་གོ་འཕང་མངོན་དུ་བྱོས། དེའི་སྟ་གོན་ལ་གཟན་ཤམ་གཡུག་སའི་ས་ཆ་ཡག་པོ་ཞིག་འཚོལ།
དཔྱད་བརྗོད་སྤེལ་བར་ཐུགས་རྗེ་ཆེ་ཞུ།
གཟན་ཤམ་གྱོན་ནས་ལོ་མང་ཐལ། །
དོར་མ་གྱོན་ནས་ལོ་མང་ཐལ། །
གཉིས་ཀ་གྱོན་ནས་ལོ་མང་ཐལ། །
ད་ནི་གཅེར་བུར་འབུད་ན་འདོད། །
ཨོ་ཡོང་ས་ནོར་འདུག འདི་རྐང་བསྣམ་བཙོང་ས་ཞིག་ཡིན་པ་འདྲ། ཡིན་ན་ཡང་། རིན་གོང་བྲིས་མི་འདུག་ག ལྟ་ཚོད་ལ་གོང་ཁེ་པོ་རྐྱང་རྐྱང་ཡིན་ས་རེད།
རྗེ་ཀླུ་སྨྱོན་གྲྭ་ཆས་ཐེངས་མང་གྱོན། །
དགོན་ཚོགས་མང་འདུལ་བའི་དཀྱིལ་དུ་བཞུགས། །
རྗེ་ཨ་ལགས་ཆོས་ཁྲིར་ཐེངས་མང་བཞུགས། །
དབང་རྡོ་རྗེ་བསྐོར་བའི་བུ་སློབ་མང་། །
བུ་ཀླུ་སྨྱོན་གྲྭ་ཆས་ཐེངས་མང་སྤོས། །
གནས་ཌམ་སི་ཁང་དུ་ཐེངས་མང་རྒྱུག །
སྨན་བུ་མོ་རྐུབ་ལ་ལེན་གསུམ་འཕུར། །
ཧ་ཧ། ཨ་ཁུ་ཀླུ་སྨྱོན་ལགས། བྲེལ་ཚབས་མ་མཛོད་དང་།
====================
གཟན་ཤམ་མནབས་ཏེ་ལོ་མང་ཕྱིན་ཀྱང་རུང་།།
དོར་མ་གྱོན་ཏེ་མི་ཚེ་རྫོགས་ཀྱང་རུང་།།
ཨ་ཁུ་ཀླུ་སྨྱོན་བྲེལ་ཚབས་མ་གནོངས་དང་།།
མི་རིང་གཅེར་བུར་ངང་གིས་འགྲོ་ངེས་རེད།།
སྐྱ་སེར་ཆས་ཀྱིས་ལོ་མང་ཟད་ཀྱང་རུང་།།
སྐྱ་མ་སེར་གྱིས་མི་ཚེ་རྫོགས་ཀྱང་རུང་།།
ལོ་གསར་མང་དུ་མཆོད་པའི་གོས་ཐོས་ལ།།
ཨ་ཁུའི་བསམ་དོན་མི་རིང་གྲུབ་ངེས་རེད།།
སྔ་དྲོ་བདེ་ལེགས།
ཆགས་ཅན་ངག་བཀྱལ་སྤུངས་སའི་དོ་ར་འདིར། །
ཆགས་སྲེད་གཏམ་གྱི་དམག་འཐབ་ཛ་དྲག་ཀྱང་།།
ཆགས་བྲལ་གཏམ་གྱི་སྒྱུ་མའི་ཟློས་གར་ཞིག །
ཆགས་མེད་འཁྱམས་པོ་ཞིག་ནས་སྟོན་ལ་སྒྲུག །
དོར་མ་དོར་མ་མ་དོར་དོར་མ་དེ།།
ཧེ་རུ་ཀ་ཡི་དོར་མ་དེ།
དོར་མ་མིན་པ་སུ་ཡིས་བརྗོད།
ཨ་བྱ་འདི་ན་བྱ་འདི། ཨ་རོ་ཆ་བོ། ཁ་སང་དེ་རིང་ཀླུ་སྨྱོན་ངོ་མ་སྨྱོན་པ་ཆགས་སོང་ཡོད་ས་རེད། ཨ་ལས་ངན་ཆ་བོ།