གནས་ཚུལ་སྤྲོད་མཁན། ངག་དབང་ལྷུན་གྲུབ།
༡༽ དད་པའི་གོ་དོན།
དང་པོ་དད་པའི་གོ་དོན་ནི། འདིར་ཆོས་དང་སྤྱི་ཚོགས་ཀྱི་གནས་སྟངས་གཉིས་ཀར་བསྟུན་སྟེ་དད་པའི་སྐོར་ཤོད་པ་ལ་ཐོག་མར་དད་པ་ཞེས་པ་ཅི་ཡིན་ཞེ་ན། རྒྱུ་མཚན་ཡོད་མེད་ལ་མ་ལྟོས་པར་ཡིད་ཆེས་པ་དེ་ཡིན། ནང་པས་ཡིད་ཆེས་པའི་སེམས་བྱུང་ཞིག་ལ་ངོས་འཛིན་བྱེད། གང་ལྟར་ཡང་དད་པ་ནི་རང་གི་འདོད་མོས་ཡོད་པའི་ཡུལ་ལས་སྐྱེ་བ་ཡིན་ཞིང་། བྱེད་ལས་དོན་དུ་གཉེར་བར་བྱེད། དེས་སྐབས་བབ་ཀྱི་བྱ་བ་མཐར་ཕྱིན་པ་ལ་གྲོགས་བྱེད་པ་ཡིན། ནང་པས་ལྟ་བ་གཏན་ལ་འབེབ་པའི་སྐབས་དད་པ་ལས་རྒྱུ་མཚན་གཙོ་བོ་བྱེད་དགོས་ཏེ། ཀུན་མཁྱེན་མི་ཕམ་པས་མཛད་པའི་༼ངེས་ཤེས་སྒྲོན་མེ་༽ལས། གཞི་ལམ་འབྲས་བུ་ཆོས་རྣམས་ལ།།ངེས་པས་ཡིད་ཆེས་འདྲོང་བ་དང་།།ཐོས་པས་དད་པ་བྱེད་པ་གཉིས།།ལམ་དང་དེའི་གཟུགས་བརྙན་བཞིན།།ཞེས་རྒྱུ་མཚན་ཤེས་པའི་ངེས་ཤེས་དང་རྨོངས་དད་གཉིས་ལ་ཁྱད་པར་ཆེན་པོ་ཡོད་པས་རྨོངས་དད་སྤོང་དགོས་པར་གསུངས་ཡོད།
ཉམས་ལེན་གྱི་སྐབས་སུ་རྒྱུ་མཚན་དང་རིགས་པས་ལྟ་བ་རྟོགས་ཟིན་པའི་དོན་ལ་དད་པ་གཙོ་བོ་བྱེད་དགོས་ཏེ། མདོ་ལས། དད་པ་མེད་པའི་མི་རྣམས་ལ།།དཀར་པོའི་ཆོས་ནི་མི་འབྱུང་སྟེ།།ས་བོན་མེ་ཡིས་ཚིག་པ་ལ།།སྨྱུག་གུ་(མྱུ་གུ)སྔོན་པོ་ཇི་བཞིན་ནོ།།ཞེས་གསུངས། དེ་ལྟར་ན་ལྟ་བ་འཚོལ་སྐབས་རིགས་པ་རྒྱུ་མཚན་དང་། ཉམས་སུ་ལེན་པའི་སྐབས་དད་པ་གཙོ་བོ་བྱེད་དགོས། ཚན་རིག་པ་ཁ་ཅིག་གིས་དད་པ་དང་ཤེས་རབ་འབྲེལ་བ་མེད་ལ།དད་པ་དང་རྒྱུ་མཚན་ནམ་རིགས་པའི་བར་ལའང་འབྲེལ་བ་མེད་པར་ངོས་འཛིན་བྱེད་ཀྱང་། ཤེས་རབ་དང་རྒྱུ་མཚན་ནམ་རིགས་པ་གཉིས་དང་འབྲེལ་བའི་དད་པ་ཡོད་དེ། གང་ཡིན་ཟེར་ན་ཡིད་ཆེས་ལ་རྒྱུ་མཚན་མཐོང་བ་དང་རྒྱུ་མཚན་མ་མཐོང་བ་གཉིས་ཡོད་པ་མྱོང་བས་གྲུབ། དེ་ལྟར་ན་དད་པ་ལ་རྨོངས་དད་ཡིན་པའི་ངེས་པ་མེད།
༢༽ དད་པའི་དབྱེ་བ།
དད་པ་ལ་དབྱེ་ན། དང་བའི་དད་པ་དང་། འདོད་པའི་དད་པ། རྒྱུ་མཚན་ཤེས་པའི་དད་པ་བཅས་གསུམ་ཡོད་པ་ལས། དང་པོ་དང་བའི་དད་པ་ནི། དམིགས་བསལ་གྱི་རྒྱུ་མཚན་མི་དགོས་པར་ཡུལ་གང་ཞིག་མཐོང་བ་ཙམ་གྱིས་སེམས་ལ་དགའ་སྣང་དང་མོས་པ་འབྱུང་བས་ཡིད་ཆེས་རང་བཞིན་གྱིས་ཡོང་བ་དེ་ཡིན། ཕྲུ་གུ་ཆུང་ཆུང་ཚོས་འགུལ་རིས་(ཀཱར་ཊུན་)གློག་བརྙན་གྱི་མི་སྣ་རྣམས་ལ་དགའ་ཞེན་གྱིས་འཛམ་གླིང་སྲུང་སྐྱོབ་བྱེད་མཁན་ཡིན་པར་ཡིད་ཆེས་བྱེད་པ་དེ་དང་བའི་དད་པ་རེད། བྱིས་པ་ཙམ་མིན་པར་ང་རང་ཚོར་ཡང་རང་གི་འདོད་ཕྱོགས་དང་མཐུན་པའི་སྒྱུ་རྩལ་མཁན། སྙན་གྲགས་ཆེན་བའི་ཆོས་ལུགས་མི་སྣ། གཞས་པ། རྩེད་མོ་བ། རི་མོ་བ། སྙན་ངག་པ། ལྟ་གྲུབ་སྨྲ་བ་སོགས་ཀྱི་མཚན་གོ་བ་ཙམ་དང་། དངོས་སུ་མཐོང་བ་ཙམ་གྱིས་དགའ་སྣང་དང་ཡིས་ཆེས་ཡོང་བ་ལྟ་བུ་ཡིན།
གུས་པར་མཚོན་ན་གཞན་དོན་སྒྲུབ་པའི་ཆོས་པ་རྣམ་དག་གི་རྣམ་ཐར་ཀློག་དུས་དང་བའི་དད་པ་རང་བཞིན་གྱིས་ཡོང་གི་འདུག དང་བའི་དད་པར་རྒྱུ་མཚན་གྱི་རྒྱབ་ལྗོངས་ཡོད་པའི་ངེས་པ་མེད་པས་མི་གཞན་ཞིག་གིས་སྐྱོན་བརྗོད་པ་ཙམ་གྱིས་དད་པ་ལོག་ཀྱང་སྲིད། ཡང་རྒྱུ་མཚན་དང་འབྲེལ་བའི་དང་བའི་དད་པའང་ཡོད།
གཉིས་པ་འདོད་པའི་དད་པ་ནི། རང་ཉིད་ཀྱི་སྒྱུ་རྩལ་དང་མཐུན་པའི་ལམ་ལུགས་ལ་མོས་པས་ཡིད་ཆེས་སྐྱེ་བ་ནི་འདོད་པའི་དད་པ་ཡིན། དཔེར་ན་རང་ཉིད་ནང་ཆོས་ཀྱི་ཉམས་ལེན་ལ་དགའ་བ་ལྟ་བུ་དང་། དེ་བཞིན་ཆོས་ལུགས་སོ་སོ་དང་། ལྟ་གྲུབ་སོ་སོ། ཚོང་གི་ལམ་ལུགས་སོ་སོར་ཡིད་སྨོན་དང་། དེར་སློབ་པ་གཉེར་བྱེད་འདོད་པ་དང་། འབྲས་བུ་འབྱུང་བར་རེ་བ་ལྟ་བུ་ཡིན། དཔེར་ན། སློབ་ཕྲུག་ཆུང་ཆུང་ཞིག་ལ་ཁྱོད་མ་འོངས་པར་གང་བྱེད་འདོད་པར་དྲིས་ན་དགེ་རྒན་དང་། སྨན་པ་སོགས་བྱེད་འདོད་ཡོད་པར་ཤོད་པ་ལྟ་བུ་རེད། འདི་དག་རང་གི་འདོད་པ་ལ་དད་པ་བྱེད་པ་ཡིན།
གསུམ་པ་རྒྱུ་མཚན་ཤེས་པའི་དད་པ་ནི། བརྟག་དཔྱད་ཀྱི་ལམ་ནས་རྒྱུ་མཚན་བཙལ་ཅིང་། རྒྱུ་མཚན་མཐིལ་ཕྱིན་པ་རྙེད་ནས་དེ་ལ་དད་པ་སྐྱེ་བ་ཞིག་ཡིན། འདི་ལ་ཕྱིར་མི་ལྡོག་པའི་དད་པ་ཡང་ཟེར། ཕྱིར་མི་ལྡོག་པའི་དད་པ་ནི་དངོས་ཡོད་དང་མཐུན་པའི་རྒྱུ་མཚན་ཤེས་ནས་ཐོབ་པ་ཡིན་པས་མི་གཞན་གྱིས་ལྡོག་ཕྱོགས་ཀྱི་སྐྱོན་བརྗོད་ཇི་ཙམ་བྱས་ཀྱང་དད་ལོག་མི་སྐྱེ་བས་ཕྱིར་མི་ལྡོག་ཅེས་བརྗོད། སྐབས་འདིར་ལུང་དང་། རིག་གཞུང་། ཆོས་ལུགས། ལྟ་གྲུབ་སོགས་ཀྱི་རྐྱེན་ལས་བྱུང་ཡང་རུང་མ་བྱུང་ཡང་རུང་མདོར་ན་དངོས་ཡོད་དང་མཐུན་པའི་རྒྱུ་མཚན་གྱི་རྒྱབ་ལྗོངས་དགོས། དཔེར་ན། བཟའ་ཚང་གཉིས་བར་ལ་མཚོན་ན་ལོ་མང་མཉམ་གཤིབས་བྱས་པའི་ཉམས་མྱོང་ལས་་ཕན་ཚུན་བར་ཡིད་ཆེས་བརྟན་པོ་སྐྱེ་བ་ལྟ་བུ་རེད། གང་ཡིན་ཞེ་ན་སྐྱིད་མཉམ་མྱོང་དང་སྡུག་མཉམ་འཁུར་བྱས་ནས་ག་དུས་ཡིན་ནའང་གཅིག་གིས་གཅིག་ལ་བསླུ་མ་མྱོང་བའི་རྒྱུ་མཚན་བྱས་པ་ལྟ་བུ་རེད།
མདོར་ན་དད་པ་འདི་ནི་དགའ་བ་དང་མོས་ཕྱོགས་ཀྱི་དབང་དུ་མ་སོང་བར་དངོས་ཡོད་རྒྱུ་མཚན་ལ་བརྟེན་པ་ཞིག་ཡིན། ནང་ཆོས་ནང་དུ་སྐྱབས་འགྲོ་ཉམས་སུ་ལེན་སྐབས་དད་པ་གལ་ཆེན་པོ་ཡིན། སངས་རྒྱས་ལ་ཞི་བདེའི་ལམ་སྟོན་པའི་ཚུལ་དུ་སྐྱབས་སུ་འགྲོ་དགོས་ཀྱི་ཡོད། དེ་ཡང་སངས་རྒྱས་ཡིན་པའི་རྒྱུ་མཚན་ཙམ་མིན་པར་ཁོང་ལ་ལམ་སྟོན་ནུས་པའི་ཡོན་ཏན་ཡོད་མེད་རིགས་པས་བརྟག་དཔྱད་བྱས་པའི་ལམ་ནས་རྙེད་དགོས། གལ་ཏེ་རྙེད་ན་ཕྱིར་མི་ལྡོག་པའི་དད་པ་སྐྱེ་བ་ཡིན། གལ་སྲིད་རྒྱུ་མཚན་མ་རྙེད་ན་སྐྱབས་འགྲོ་ཡང་དག་པ་ཞིག་ཉམས་སུ་ལེན་མི་ནུས་པར་བཞེད། སྐྱབས་འགྲོ་རྣམ་དག་ཅིག་སྐྱེ་བ་ལ་རྒྱུ་མཚན་ཤེས་པའི་དད་པ་འདི་མེད་ན་མི་འགྲིག་པར་གསུངས་ཡོད། དེ་འདྲ་ཡིན་དུས་དད་པ་ཡང་དག་ཅིག་ཡོང་བ་ལ་རྒྱུ་མཚན་ཡང་དག་འཚོལ་དགོས། རྒྱུ་མཚན་ཡང་དག་ལས་སྐྱེས་པའི་ཡིད་ཆེས་ནི་རང་གི་ཁོར་ཡུག དེ་བཞིན་འཚོ་བ་སོགས་དང་འབྲེལ་ཡོད་ཀུན་ལ་ཡོང་གི་ཡོད།
༣༽ དད་པ་དགོས་དང་མི་དགོས།
དད་པ་དགོས་དང་མི་དགོས་ཀྱི་ཐད་ལ་འཛམ་གླིང་འདིར་དར་ཁྱབ་བྱུང་བའི་ཆོས་ལུགས་ཀྱི་ངོས་ནས་ཞལ་གཅིག་གྱུར་གྱིས་དད་པ་དགོས་པ་ཙམ་དུ་མ་ཟད་གལ་ཆེན་པོ་ཡིན་པར་གླེང་། བན་བོན་གཉིས་ཀྱི་ཆོས་ལ་མཚོན་ན་ལྟ་བ་གཏན་ལ་འབེབ་སྐབས་དད་པར་གོ་ས་ཆེར་མེད་ཀྱང་ཉམས་སུ་ལེན་སྐབས་དད་པར་གོ་ས་ཆེན་པོ་ཡོད། དེ་ཡང་རྒྱུ་མཚན་ཤེས་པའི་དད་པ་དེ་ཡིན། དེ་ལྟར་ན་དད་པ་དགོས་མི་དགོས་ཀྱི་དྲི་བ་འདི་ཆོས་ལུགས་ཀྱི་སྤྱི་ཚོགས་ནང་དུ་དོགས་གཞི་ཆེན་པོ་མེད། དྲི་བ་འདི་སྤྱིར་བཏང་གི་སྤྱི་ཚོགས་དང་ལྷག་པར་ཆོས་མེད་རིང་ལུགས་པར་གལ་ཆེན་པོ་ཞིག་རེད།
རང་ཉིད་ཀྱི་བསམ་ཚུལ་བྱས་ན་དད་པ་ནི་སྤྱིར་བཏང་སྤྱི་ཚོགས་དང་ལྷག་པར་ཆོས་མེད་རྣམས་ལ་དགོས་པར་འདོད། རྒྱུ་མཚན་ནི་འཚོ་བའི་ནང་དུ་སེམས་ཁམས་ལ་ཕན་ཐོགས་པའི་དད་པའི་རྣམ་གྲངས་མང་པོ་ཡོད་པས་ཡིན། གཅིག་བྱས་ན་དད་པ་དགོས་པའི་བསམ་ཚུལ་འདིར་ནང་ཆོས་ཀྱི་གོམས་གཤིས་འཇགས་པ་ཡིན་སྲིད་ཀྱང་དྲི་བའི་ལན་དོན་མཐུན་ཡིན་མིན་ནི་དངོས་ཡོད་འཚོ་བ་ལ་ཕན་ཐོགས་ཡོད་མེད་ཐོག་ནས་ཐག་གཅོད་བྱེད་རྒྱུ་རེད། ཚན་རིག་པ་ཁ་ཅིག་གིས་བཤད་པ་ལྟར་དད་པ་དགོས་པར་བཤད་པ་ཙམ་གྱིས་བརྟག་དཔྱད་དང་རྒྱུ་མཚན་རིགས་པ་མི་དགོས་ཟེར་བ་མིན། ཚན་རིག་མི་དགོས་ཟེར་བ་མིན།
གསལ་པོར་བཤད་ན་རྨོངས་དད་དང་རྒྱུ་མཚན། རྨོངས་དད་དང་ཚན་རིག་འགལ་བ་མ་གཏོགས། དད་པ་སྤྱི་ལྡོག་ནས་རྒྱུ་མཚན་དང་ཚན་རིག་གཉིས་དང་འགལ་བའི་རྒྱུ་མཚན་མེད། ལྷག་པར་འཚོ་གནས་རིག་པར་ཕན་ཐོགས་ཡོད་པས་དད་པ་དང་བརྟག་དཔྱད་ཀྱི་ལམ་ལུགས་གཉིས་ཀ་དགོས་ཟེར་གྱི་ཡོད། དེ་གཉིས་རྣམ་པ་ཀུན་ཏུ་འགལ་བ་མིན་པ་གོང་དུ་དབྱེ་བའི་སྐབས་ཕྱོགས་ཙམ་རྟོགས་ནུས།
འདིར་སླར་ཡང་དཔེ་མཚོན་འགའ་ཞིག་ཞུ་རྒྱུ་ཡིན། དེས་ན་དད་པ་ལ་དབྱེ་འབྱེད་ཚུལ་བཞིན་བྱས་ནས་ང་ཚོའི་འཚོ་བ་ལ་ཕན་ཐོགས་མེད་པའི་དད་པ་མང་པོ་ཞིག་ངོས་བཟུང་སྟེ་སྤོང་དགོས་པ་ཡང་ཡོད། དཔེར་ན་ཕྱིན་ཅི་ལོག་ཏུ་འཛིན་པའི་དད་པ།ཡུལ་ལ་རྨོངས་པའི་དད་པ། དམག་ལ་དད་པ། ཆང་ལ་དད་ཆེ་བ་སོགས་ཡིན།
ཡང་གོང་དུ་ཞུས་པའི་དང་བའི་དད་པ་དང་། འདོད་པའི་དད་པ། ཕྱིར་མི་ལྡོག་པའི་དད་པ་གསུམ་ནི་ཆོས་ཙམ་དུ་མ་ཟད་སྤྱི་ཚོགས་འཚོ་བའི་ཁྲོད་དུ་དགོས་ཀྱི་ཡོད། དེ་གསུམ་གྱི་ནང་ནས་གལ་ཆེ་ཤོས་ཕྱིར་མི་ལྡོག་པའི་དད་པ་མེད་ཐབས་མེད་པ་ཡིན། འོན་ཀྱང་སྔ་མ་གཉིས་པོའང་འཚོ་བའི་ནང་དུ་ཡན་ལག་གལ་ཆེན་ཞིག་ཡིན། རང་གི་དགའ་མོས་ཅན་གྱི་སྒྱུ་རྩལ་མི་སྣ་ལ་དང་བའི་དད་པས་རང་ལ་དགའ་སྣང་ཡོང་བ་ལྟ་བུ་རེད། འཚོ་བའི་རྒྱུད་རིམ་ཁྲོད་མཐའ་གཅིག་ཏུ་རྒྱུ་མཚན་དང་བདེན་པ་ཁོ་ན་ལ་ལྟོས་ཀྱི་མེད། ལྟོས་ཀྱང་མི་དགོས། དེས་ན་འཚོ་བའི་ནང་དུ་རྒྱུ་མཚན་གང་ཡང་མེད་པ་དང་། ཡོད་ཀྱང་མ་རྟོགས་པ།རྟོགས་ཀྱང་མི་དགོས་པའི་ཡིད་ཆེས་ཀྱི་དད་པས་སེམས་ཁམས་ལ་ཞི་བདེ་བསྐྲུན་པ་མང་པོ་ཡོད།
རྒྱུ་མཚན་ཡོད་ཀྱང་རྟོགས་མི་དགོས་པའི་ཡིད་ཆེས་ཀྱི་དད་པ་དགོས་པ་ནི། ང་ཚོ་ག་ཚོད་ཤེས་ཡོན་ཅན་དང་། བསམ་ཡོད་ཅན། ཉམས་མྱོང་ཅན་ཡིན་ཡང་དངོས་ཡོད་འཚོ་བའི་ནང་དུ་གནས་ཚུལ་མང་པོ་ཞིག་མ་ཤེས་བཞིན་དུ་ཡིད་ཆེས་བྱས་པ་དང་། ཡང་མང་པོ་ཞིག་ཤེས་ཏེ་ཡིད་ཆེས་བྱེད་དགོས་པ་གཉིས་ཡོད་པ་འདི་དངོས་ཡོད་གནས་ཚུལ་རེད། དེ་འདྲ་ཡིན་དུས་ཆེ་ས་ནས་རྒྱལ་ཁབ་བར་གྱི་འབྲེལ་བ། ཆུང་ས་ནས་བཟའ་ཚང་བར་གྱི་འབྲེལ་བ་སོགས་ཀྱི་ནང་དུ་གནས་ཚུལ་འགའ་ཤས་ཡིན་ཤག་དང་མིན་ཤག ཡོད་ཤག་དང་མེད་ཤག་བྱས་ན་འཚོ་བ་ལ་ཕན་པའི་གནས་ཚུལ་མང་པོ་ཡོད། དགའ་རོགས་དང་། ཕ་མ་བུ་ཕྲུག དགེ་སློབ། ཚོང་གྲོགས་སོགས་ཕན་ཚུན་གྱི་འབྲེལ་བའི་བར་ལ་སྐྱོན་གཏན་ནས་མེད་ཅིང་ཡོན་ཏན་ཁོ་ན་ཡོད་པ་ཧ་ཅང་རྙེད་དཀའ་མོ་ཡིན་པས་སྐྱོན་མེད་ཤག་དང་ཡོན་ཏན་ཡོད་ཤག་གིས་དད་པ་བྱས་ན་འཚོ་བར་སྐབས་རེ་ཕན་ཐོགས་ཆེ། ཧ་ཅང་དགོས་མེད་ཀྱིས་རྒྱུ་མཚན་འཚོལ་རྒྱུ་མང་དྲགས་ནའང་ཕན་ཐོགས་མེད།
དེས་ན་རྒྱུ་མཚན་མ་ཤེས་ཀྱང་ཕན་ཐོགས་ཆེ་བའི་དཔེ་མཚོན་ཞིག་ཞུས་ན། ངའི་གྲོགས་པོ་བུ་ཚབ་ཅིག་ཡོད།ཁོང་ལ་ཆུང་དུས་ནས་མ་ཚབ་ཀྱིས་མ་དངོས་དང་འདྲ་བའི་བརྩེ་དུང་ཟབ་པོ་ཞེ་དྲག་གནང་བས། མ་ཚབ་ཡིན་པ་མི་ཤེས། འོན་ཀྱང་ཕྱིས་སུ་མ་ཚབ་ཡིན་པའི་གནས་ཚུལ་ཧ་གོ་བས་བརྩེ་བ་ཆུང་དུ་ཕྱིན་པར་བཤད་བྱུང་། ཁོང་གིས་མ་ཚབ་ཡིན་པའི་དངོས་ཡོད་གནས་ཚུལ་ཤེས་པ་དེ་མི་ཚེའི་ནང་དུ་བཅོས་སུ་མེད་པའི་ནོར་འཁྲུལ་ཆེན་པོ་ཞིག་ཤོར་འདུག གནས་ཚུལ་མང་པོ་ཞིག་ཧ་མ་གོ་ན་ཡག་ག་འདུག་ཅེས་གསུངས་བྱུང་། ཁོང་གི་དངོས་གནས་འཚོ་བའི་གནས་སྟངས་དང་འབྲེལ་བའི་མྱོང་ཚོར་འདིས་གནས་ཚུལ་འགའ་ཤས་མ་ཤེས་ན་ཕན་ཐོགས་ཆེ་བའི་དཔེ་མཚོན་གསལ་པོ་ཞིག་རེད།
གང་ལྟར་དངོས་ཡོད་རྒྱུ་མཚན་ཤེས་པས་མ་ཚབ་བུ་ཚབ་གཉིས་ཀྱི་འཚོ་བའི་བདེ་སྐྱིད་ལ་གནོད་པ་གསལ་པོ་རེད། ཁོང་གི་གསུང་དེས་རང་ཉིད་ནང་པའི་ལྟ་གྲུབ་སྦྱོང་སྐབས་རིགས་པ་རྒྱུ་མཚན་གཙོ་བོ་བྱེད་དགོས་པའི་གོམས་གཤིས་ཤུགས་ཆེན་པོ་ཡོད་པ་དེར་ཡོ་སྲང་ཆེན་པོ་བྱུང་བས་མི་ཚེའི་སློབ་ཁྲིད་གལ་ཆེན་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད། འོན་ཀྱང་གནས་ཚུལ་སྡུག་ཅག་གི་རིགས་ཆ་ཚང་རྟོགས་མི་དགོས་པར་སྒྲུབ་ཀྱི་མེད། ཤེས་ན་དགོས་པ་མེད་པ་དང་བཅོས་རྒྱུ་མེད་པའི་སྟེང་བདེ་སྐྱིད་ལ་གནོད་པའི་རིགས་ཤེས་མི་དགོས་ཟེར་གྱི་ཡོད།
ཡང་རྒྱུ་མཚན་མ་ཤེས་ནའང་ཡིད་ཆེས་བྱས་པས་ཕན་ཐོགས་པའང་མང་པོ་ཡོད། དཔེར་ན། རང་ཉིད་སྨན་ཁང་ཞིག་ལ་འགྲོ་དུས་སྨན་པས་གནང་བའི་སྨན་གྱིས་རང་ལ་ཕན་གྱི་རེད་བསམ་ནས་ཡིད་ཆེས་བྱས་ཏེ་བཟའ་རྒྱུ་མ་གཏོགས་ཕན་གྱི་ཡོད་མེད་བརྟག་དཔྱད་གཏོང་དུ་འགྲོ་དགོས་ན་སྨན་གྱི་སློབ་ཚན་གང་འཚམས་ཤིག་མ་སྦྱངས་པར་བརྟག་དཔྱད་བྱེད་ཀྱང་མི་ཐུབ། ནད་པས་སྨན་བཞེས་རྒྱུའི་ཆེད་དུ་སྔོན་ལ་སྨན་གྱི་སློབ་ཚན་སྦྱོང་མཁན་སུའང་མེད། དེ་ལྟར་ན་སྨན་པ་དང་སྨན་ལ་ཡིད་ཆེས་ཀྱིས་སྨན་བཞེས་ནས་ཕན་ཐོགས་པ་སྤྱི་ཚོགས་ནང་དུ་བརྒྱ་ཆ་མང་། འདི་བཞིན་ཨ་རི་ནས་པར་བསྐྲུན་བྱས་པའི་སྙན་གྲགས་ཅན་གྱི་དུས་དེབ་༼New Yorker༽ནེའུཡོ་ཀར་གྱི་ཕྱི་ལོ་༢༠༡༡ ལོའི་ཟླ་༡༢ ཚེས་༡༢ ལ་འགྲེམ་སྤེལ་བྱས་པའི་འདོན་ཐེངས་ཀྱི་ནང་དུ་སྤྱི་ལོ་༡༩༨༠ལོར་སྐུ་ཞབས་༼Levine and Gordon༽ལི་ཝིན་དང་གྷོར་ཌེན་གཉིས་ཀྱིས་ཉམས་ཞིབ་ཅིག་གི་སྐབས། [1]གཤག་བཅོས་བྱས་པའི་ནད་པ་མང་པོ་ཞིག་ཁག་གསུམ་དུ་ཕྱེ་ནས་སྡེ་ཚན་དང་པོར་གསང་བའི་ཐོག་ནས་ཟུག་གཅོག་སྨན་ངོ་མ་བྱིན། སྡེ་ཚན་གཉིས་པར་དངོས་སུ་ཟུག་གཅོག་སྨན་ཡིན་པར་བཤད་དེ་ཟུག་གཅོག་སྨན་སྤྲད། སྡེ་ཚན་གསུམ་པར་སྨན་ངོ་མ་ཡིན་པར་བཤད་དེ་ཟུག་གཅོག་སྨན་རྫུན་མ་སྤྲད། ཞིབ་འཇུག་བྱས་པའི་འབྲས་བུར་ནད་པར་ཕན་རླབས་ཆེ་ཆུང་འདྲ་འདྲ་བྱུང་ཡོད། གྲུབ་འབྲས་འདིས་ལུས་ལ་རང་བཅོས་ཀྱི་ནུས་པ་ཡོད་པར་གསལ་བཤད་བྱས་པ་རེད། འོན་ཀྱང་ངས་སྐབས་འདིར་ལུང་འདྲེན་བྱས་པའི་རྒྱུ་མཚན་ནི་ལུས་ལ་རང་བཅོས་ཀྱིས་ཐོན་པའི་ནུས་པ་དེ་སྨན་དངོས་མ་ཡིན་པར་ཡིད་ཆེས་ཀྱི་དད་པ་ལས་བྱུང་བ་ཤོད་འདོད་པ་ཡིན།
ཡང་དེབ་་ཅིག་གི་ནང་མི་ཁག་ཅིག་ལ་སྨན་གྱི་སྟེང་དུ་ནད་ལས་ཐར་བའི་སྨོན་ལམ་འདོན་དུ་བཅུག ཁག་ཅིག་ལ་སྨན་ཁོ་ན་སྦྱིན་ནས་ཚོད་ལྟ་བྱས་པའི་འབྲས་བུར་སྨོན་ལམ་འདོན་མཁན་རྣམས་ལ་ཕན་ཐོགས་ཆེ་བ་དང་དྲག་སྐྱེད་མྱུར་བའི་བརྒྱ་ཆ་མང་བ་བྱུང་བར་འཁོད་འདུག ཚོད་ལྟ་འདི་དག་ནི་ཆོས་དང་འབྲེལ་བ་མེད་པས་སྤྱི་ཚོགས་ནང་དུ་དད་པ་དགོས་པའི་དཔང་རྟགས་རེད།
ཡང་ཧ་ཅང་གད་མོ་ཤོར་བ་ཞིག་ལ་དད་པ་དགོས་པ་མེད་པར་ཤོད་མཁན་གྱི་ངའི་ངོ་ཤེས་ཁག་ཅིག་ཡོད། དད་པ་དགོས་པ་མེད་པར་འདོད་ཀྱང་གྷུ་གྷུལ་གྱི་དྲྭ་རྒྱར་ཡིད་ཆེས་ཆེན་པོ་བྱེད་ཀྱི་འདུག གང་ཡིན་ཟེར་ན་མི་ཞིག་གིས་དངོས་སུ་གནས་ཚུལ་བཤད་པ་དེ་བདེན་པ་ཡིན་མིན་གྷུ་གྷུལ་(Google)དྲྭ་རྒྱར་ཡོད་མེད་བལྟས་ནས་ཡོད་ན་བདེན་པ་དང་མེད་ན་རྫུན་པར་ངོས་འཛིན་བྱེད། བདེན་རྫུན་གྱི་ཁུངས་དེ་ལ་གཏུགས་པས་དེ་ལ་ཡིད་ཆེས་ཀྱི་དད་པ་བྱས་པ་གསལ་པོ་རེད། ངས་རྩེད་མོ་དང་འབྲེལ་ནས་གྷུ་གྷུལ་ནང་གི་གནས་ཚུལ་འབྲི་མཁན་མི་གཞན་ཞིག་ཡོད་པས་ཤུགས་ལ་ཁོང་ལ་དད་པ་བྱེད་ཀྱི་འདུག་པས་རང་གི་ལྟ་བ་དང་འཚོ་བའི་གནས་སྟངས་གཉིས་འགལ་བའི་སྐྱོན་བརྗོད་བྱེད་ཀྱི་ཡོད།
མ་ཟད་རྒྱུ་མཚན་ཤེས་པའི་དད་པ་ནི་དེ་ལས་ཀྱང་དགོས་མཁོ་ཆེ། སོ་སོའི་ལས་དོན་གང་འདྲ་ཞིག་སྒྲུབ་ཀྱི་ཡོད་ནའང་དེ་དང་འབྲེལ་བའི་གནས་ཚུལ་མགོ་མཇུག་ཡོངས་རྫོགས་ཤེས་རྟོགས་ཡོད་པའི་ཐོག་ནས་ཡིད་ཆེས་པ་ནི་གལ་ཆེན་པོ་ཡིན་པ་སྨོས་མེད་རེད། ལས་དོན་གང་འདྲ་ཞིག་སྒྲུབ་ནའང་དད་པ་འདི་ཡོད་ན་ལས་ཀ་བྱེད་བཞིན་པར་ཐེ་ཚོམ་མི་འབྱུང་ཞིང་། དད་པ་འདིས་རང་གི་ལས་དོན་ལ་སྤྲོ་བ་དང་སྤོབས་པ་སྐྱེ་བར་བྱེད། དཔེར་ན་ལམ་རྒྱུས་ཡོད་པའི་མི་ཞིག་ལམ་ལ་ཞུགས་པ་ལྟར་རེད།
མདོར་ན་ངས་འདིར་དད་པ་དགོས་པར་བཤད་པས་ཆོས་ལུགས་སྒྲུབ་ཀྱི་མེད་ལ།སངས་རྒྱས་དང་དཀོན་མཆོག་དང་ལྷ་སོགས་ལ་དད་པ་དགོས་པར་ཤོད་ཀྱི་མེད། མི་ཁ་ཤས་ཀྱིས་དད་པ་ནི་ཆོས་ལུགས་པས་ཉམས་ལེན་བྱེད་རྒྱུ་ཞིག་མ་གཏོགས་སྤྱི་ཚོགས་ནང་དུ་མཐའ་གཅིག་ཏུ་མི་དགོས་པར་བཤད་པ་ལ་ལན་མདོར་བསྡུས་ཤིག་འབུལ་གྱི་ཡོད། ལན་དེ་ཡང་དད་པ་ནི་སྤྱི་ཚོགས་ཀྱི་ཞི་བདེ་དང་སྒེར་གྱི་འཚོ་བ་ལ་ཕན་ཐོགས་པ་དང་། དད་པ་དེ་ལའང་དབྱེ་འབྱེད་ཀྱི་ཐོག་ནས་དགོས་པ་དང་མི་དགོས་པའི་རིགས་ཡོད་པར་གསལ་བཤད་བྱས་པ་ཡིན།
སྤྱི་ལོ་༢༠༡༣ལོའི་ཟླ་བ་༡༢ ལ་ཇར་མན་གྱི་རྒྱལ་ས་བྷར་ལིན་དུ་གསུངས།
[1] ཉམས་ཞིབ་ཀྱི་མ་རྩོམ་དྲྭ་ཐག་འདི་ནས་གཟིགས་ཐུབ། http://www.newyorker.com/magazine/2011/12/12/the-power-of -nothing
གང་ཡིན་ནམ།
དགོངས་དག་་་་ནོར་སོང་།
ཆབ་སྲིད་སྐོར་གྱི་ཉ་རྙོག་ཀློག་པ་ལས་འདི་རིགས་ཀློག་ན་སྐྱིད་ཤོས་རེད། མཁོ་སྒྲུབ་བྱེད་མཁན་ལ་ཐུགས་རྗེ་ཆེ་ཞུས་པ་ཡིན།
འོག་གི་དབྱིག་ཡིག་དྲ་ཐག་ངས་གློག་ཀླད་ནང་ནས་ཁ་འབྱེད་ཐུབ་ཀྱི་མི་འདུག དེ་མིན་དྲ་ཐག་གཞན་ཡོད་ན་བསྐུར་རོགས།
འོ་རག་སོང་། http://www.newyorker.com/magazine/2011/12/12/the-power-of-nothing
དད་པ་ལ་དབྱེ་ན། དང་བའི་དད་པ་དང་། འདོད་པའི་དད་པ། རྒྱུ་མཚན་ཤེས་པའི་དད་པ་བཅས་གསུམ་ཞེས་པ་འདི་། དཔེ་ཁུངས་གང་ལ་གཞི་བཅོལ་ནས་གསུངས་པ་ཡིན་ནམ། །
་་་་་་་་་་ ཁག་གསུམ་དུ་ཕྱེ་ནས་སྡེ་ཚན་དང་པོར་གསང་བའི་ཐོག་ནས་ཟུག་གཅོག་སྨན་ངོ་མ་བྱིན། སྡེ་ཚན་གཉིས་པར་དངོས་སུ་ཟུག་གཅོག་སྨན་ཡིན་པར་བཤད་དེ་ཟུག་གཅོག་སྨན་སྤྲད། སྡེ་ཚན་གསུམ་པར་སྨན་ངོ་མ་ཡིན་པར་བཤད་དེ་ཟུག་གཅོག་སྨན་རྫུན་མ་སྤྲད། ཞིབ་འཇུག་བྱས་པའི་འབྲས་བུར་ནད་པར་ཕན་རླབས་ཆེ་ཆུང་འདྲ་འདྲ་བྱུང་ཡོད། ་་་་་་་་་་
ཆོས་ཤོད་སྟངས་འདི། དབང་རྣོན་རིགས་པའི་རྗེས་འབྲངས་ཀྱི་ལུགས་སུ་གོའོ།།