ཆབ་མདོ་ངག་ཕུན།
སྔོན་གླེང་།
ཕ་ཡུལ་གཅིག་པ་ཤེས་ལྡན་པ་ཞིག་གིས་ཕ་ཡུལ་གཅིག་པའི་སྐད་འཕྲིན་ནང་དུ་འདྲ་པར་འདི་གཉིས་བཏང་བྱུང་ཞིང་། པར་འདི་གཉིས་མཐོང་མ་ཐག་སེམས་ནང་སྨྲ་མི་ཤེས་པའི་སྐྱོ་སྣང་སྐྱུར་མོ་ཞིག་སྐྱེས་བྱུང་བ་དང་འབྲེལ། པར་རིས་འདི་གཉིས་ལ་ལྟ་བཞིན་སྒྲུང་ཐུང་འདི་ཉིད་རང་ཉིད་ཀྱི་སེམས་ནང་དུ་གང་འཁོར་བ་རྣམས་ཡིག་ཐོག་ཏུ་ཕབ་ནས་བཅོས་སྒྲུང་འདི་ཉིད་བྲིས་པ་ཡིན། བཅོས་སྒྲུང་འདི་ཉིད་ནང་དུ་མི་ལ་ཕན་ཐོགས་པའི་ལེགས་བཤད་དེ་འདྲ་ཞིག་གང་ཡང་མེད་རུང་། པར་འདི་གཉིས་ཀྱི་སོ་སོའི་སྙིང་ནས་བརྩེ་བའི་དྲིན་ཅན་ཕ་མ་དང་ཁ་བྲལ་དུས་སེམས་ནང་དུ་སྡུག་བསྔལ་ག་ཚོད་ཅིག་ཡོད་པ་མཚོན་དོན་བྱས་ཡོད་ལ། ད་དུང་ཕ་མ་གཉིས་ལ་བུ་ཕྲུག་གིས་བརྩེ་དུང་ག་འདྲ་ཡོད་ཅིག་ཡོད་པ་མཚོན་པ་ཡང་བྱས་ཡོད།
དེ་བཞིན་དུས་རབས་ཉེར་གཅིག་ནང་དུ་སླེབས་ཟིན་ནའང་ད་དུང་རང་རྒྱལ་གཞན་ཕམ་གྱི་ལྟ་བ་ལངས་ཕྱོགས་ཀྱི་ཐོག་ནས་མི་དམངས་སྙོམ་ཆུང་རྣམས་ཀྱི་ཚེ་སྲོག་ག་འདྲ་ཞིག་འཕྲོག་གི་ཡོད་པ་མཚོན་པ་བྱས་ཡོད། ནོར་བ་གང་ཞིག་མཆིས་ཚེ་ཀློག་པ་པོ་རྣམས་ཀྱི་བཟོད་གསོལ་ཞུ་རྒྱུ་ལས་མ་འདས།
དྭ་ཕྲུག་གི་སྐྱོ་གར།
༄༅།། ཕྱི་ལོ་ ༢༠༡༤ ལོར། དབྱི་རག་རྒྱལ་ཁབ་ཀྱི་མ་མེད་པའི་བུ་མོ་ཆུང་ཞིག་གིས་དྭ་ཕྲུག་ཁང་དུ་ཨ་མ་ཞིག་བྲིས་ཤིང་། སེམས་ཆུང་ངང་ལྷམ་ཕུད་དེ་ཨ་མའི་པང་དུ་གཉིད་ཉལ་བའི་དཔར་རེད་ཟེར།
དེ་ཡང་དུས་རབས་ཉེར་གཅིག་པའི་ནང་དུ་རྒྱལ་ཁབ་གཅིག་གིས་ནང་ཕན་ཚུན་ཆབ་སྲིད་ཀྱི་ལངས་ཕྱོགས་མ་མཐུན་པའི་དབང་གིས་ནང་ཁུལ་རྩོད་གླེང་རྫོགས་རྒྱུ་མེད་པ་བྱུང་དང་འབྱུང་བཞིན་ཡོད། དེའི་དབང་གིས་དེང་རབས་ཀྱི་གོ་མཚོན་བེད་སྤྱད་ནས་ཕན་ཚུན་མི་བསད་ཁྲག་སྦྱོར་གྱི་གནས་སྟངས་ཤིག་ཏུ་གྱུར་པ་རེད། སྐབས་དེར་མི་དམངས་སྙོམ་ཆུང་དུ་མ་ཞིག་ཚེ་སྲོག་ཤོར་ཡོད་ལ། སྡོད་གནས་དུ་མ་ཞིག་ཀྱང་རྩ་གཏོར་ཕྱིན་ཡོད། བསམ་ཡུལ་ལས་འདས་པའི་མི་དམངས་དབྱིངས་ལ་དཀའ་སྡུག་འཕྲད་ཡོད་པ་རེད།
དེ་ཡང་དྭ་ཕྲུག་ཉི་མ་ཡང་དེ་འདྲ་ནང་གི་གཅིག་ཡིན་པ་རེད། ཉིན་གཅིག་རེས་གཟའ་ཉི་མ་ཉིན་གྱི་ཞོགས་པ་བསམ་འགྲུབ་ཀྱི་ནང་མི་རྣམས་ཞོགས་བཟས་ལ་རོལ་བཞིན་པའི་གནས་སྐབས་དེར། ཕྱི་ལོག་ཏུ་མེ་མདའི་སྒྲ་ནང་ལོག་ཏུ་གོ་ཡི་ཡོད་ནའང་དེ་དག་ནི་རྒྱུན་ལྡན་ལྟ་བུ་ཞིག་ཏུ་གྱུར་ཟིན་ནས་ག་དུས་ཤི་ཡོང་ན་བསམ་པ་ལས་གཞན་བསམ་བློ་གང་ཡང་འཁོར་གྱི་མེད། ནང་མི་རྣམས་སྣང་མེད་ལྟ་བུ་ཞོགས་ཟས་ལ་རོལ་ནས་བསྡད། སྐབས་དེར་དུས་རྒྱུན་དང་མ་འདྲ་བའི་འུར་སྒྲ་ཆེན་པོ་ཞིག་སྒྲ་གོ་བ་དང་། ནང་གི་ཁང་པ་ཡང་འགུལ་འགུལ་ཤིག་ཤིག་བཏང་། སྐབས་དེར་ཕ་བསམ་འགྲུབ་སྡོད་བློ་མ་བཟོད་ནས་ཁ་ལག་བཟའ་འཕྲོ་བཞག་སྟེ་སྡོད་གནས་ནས་ལངས་ཏེ་ཕྱི་ལོག་ཏུ་ལྟ་བར་ཕྱིན། ཕྱི་ལོག་ཏུ་ཐལ་བ་འཚུབ་ཚེ་གྱུར་ནས་ག་རེ་བྱུང་ཡོད་མེད་ཡག་པོ་ཞིག་མཐོང་གི་མེད། རིམ་གྱིས་ཐལ་རྡུལ་མེད་པ་འགྱུར་རྗེས་མི་སེར་སྡོད་གནས་དུ་མ་ཞིག་རྩ་གཏོར་བཏང་བ་དང་། དེ་བཞིན་སྙོམ་ཆུང་མི་དམངས་དུ་མ་ཤི་རྨས་བཟོས་པ་མཐོང་ཞིང་། གཡས་གཡོན་ནས་མེ་མདའ་འུར་སྒྲ་དང་། ཕྲུ་གུ་དང་བུད་མེད་ཀྱིས་ངུ་སྐད་ལས་གཞན་པ་གང་ཡང་གོ་རྒྱུ་མེད།
རིམ་གྱིས་ཛ་དྲག་གི་གནས་སྟངས་དེ་དག་ཏོག་ཙམ་ཞི་འཁོད་དུ་སོང་བ་དང་། མི་སེར་སྲོག་མགོ་ཐོན་པ་འགའ་ཤས་བྲོས་ས་གང་རྙེད་དང་། འགའ་ཤས་ཀྱིས་རང་སྲོག་མ་ལྟོས་པའི་རང་ནུས་ཡོད་ཚད་ཀྱིས་ནད་མ་དེ་དག་ཚེ་སྲོག་སྐྱོབ་ཐབས་སུ་འབད་བཞིན་ཡོད་པ་མཐོང་། བསམ་འགྲུབ་ཀྱང་རྨས་སྐྱོན་འཕོག་པའི་ནད་པ་དེ་དག་ལ་སྐྱབས་ཐབས་ལ་བྲེལ་བཞིན་བསྡད། དེ་འདྲ་སྐབས་དེར་ཁང་པའི་སྣེ་ཁུག་ཏུ་བཟའ་མི་གཉིས་ཤི་ཡོད་པ་མཐོང་ཞིང་། དེའི་འགྲམ་དེར་ཕྲུ་གུ་ལོ་གཅིག་མ་ཟིན་ཙམ་ཞིག་”ཨ་མ་”ཞེས་ཕ་མའི་ཕུང་པོ་ནས་འཐམ་ནས་ངུ་བཞིན་ཡོད། ཕྲུ་གུའི་ལུས་པོ་ཡོངས་རྫོགས་ཁྲག་གིས་ཁེངས་ཤིང་། ཕྲུ་གུའི་རྣམ་པ་དེ་དག་མཐོང་ཚེ་དངོས་གནས་དགྲ་བོ་ཡིན་ནའང་རང་དབང་མེད་པས་སྙིང་རྗེ་མི་སྐྱེ་པ་ཞིག་ག་ལ་སྲིད་སྙམ་པ་གྱུར་ཡོད།
བསམ་འགྲུབ་ཀྱིས་དེ་དག་མཐོང་རྗེས་སྙིང་ལ་གྲི་བཙུགས་པ་ནང་བཞིན་ན་ཟུག་བཏང་ཞིང་། ལམ་སང་ཕྲུ་གུ་དེ་སར་ཕྱིན་ནས་ཚུར་འཐེན་རུང་། ཕྲུ་གུས་ད་དུང་”ཨ་མ་”ཞེས་ཕུང་པོར་འཐམ་ནས་ངུ་བཞིན་ཕར་འཐེན་གྱི་འདུག་ཅིང་། ཕྲུ་གུས་བྱེེད་སྟངས་དེ་དག་མཐོང་རྗེས་གཡས་གཡོན་གྱིས་མི་ཚོགས་རྣམས་ཀྱང་རང་དབང་མེད་པར་མིག་ཆུ་གཏོང་བཞིན་”དཀོན་མཆོག་མཁྱེན་”ཞེས་སྡུག་སྐད་ཤོར་བཞིན་མཆིས། བསམ་འགྲུབ་ཀྱིས་ལམ་སང་ཕྲུ་གུ་དེ་ནང་དུ་འཁྱེར་ཡོང་བ་དང་། ཕྲུ་གུའི་གཟུགས་ལུས་ཡོངས་རྫོགས་ཁྲག་གིས་ཁེངས་ཡོད་པས་བཟའ་ཟླས་མཐོང་སྟེ་”ཁྱོད་ཀྱི་ཕྲུ་གུ་འདི་ག་ནས་འཁུར་ཡོང་བ་ཡིན་ནམ་”ཞེས་ཞེད་སྣང་དང་བཅས་རང་དབང་མེད་པ་ངག་ནས་སྐད་ཤུགས་ཆེན་པོས་ཤོར། བསམ་གྲུབ་ཀྱིས་”ང་ཕྱི་ལོག་ཕྱིན་པ་དང་། གཡས་གཡོན་ལ་མི་རོ་ལས་གཞན་གང་ཡང་མཐོང་རྒྱུ་མི་འདུག་ཅིང་། ཕ་མ་གཉིས་ཤི་བའི་འགྲམ་དུ་ཕྲུ་གུ་འདི་གཅིག་པུ་གསོན་པོར་ལྷག་འདུག་”ཅེས་སྨྲས། གཏམ་དེ་ཉིད་གོ་རྗེས་བཟའ་ཟླ་རང་དབང་མེད་པ་མིག་ཆུ་གཏོང་བཞིན་”དཀོན་མཆོག་མཁྱེན་ང་ཚོའི་ལུང་པར་གནས་སྟངས་འདི་འདྲ་ཞིག་གྱུར་དགོས་དོན་གང་ཞིག་ཡིན་ནམ། དཀོན་མཆོག་གི་ང་ཚོར་གཟིགས་དང་”ཟེར་བཞིན་ཕྲུ་གུ་དེ་པང་ཁར་ཉར་ནས་གཟུགས་པོ་བཀྲུས་ཤིང་གྱོན་ཆས་གཡོག །ཕྲུ་གུ་དེས་ད་དུང་ང་ཨ་མ་ས་འགྲོ་དགོས་ཡོད་ཅེས་ངུ་བཞིན་མཆིས། བུད་མེད་དེས་ཁྱོད་མ་ངུ་དང་ཞེས་ལག་གཉིས་དམ་པོ་འཐམ་ནས་ངུ་ཁ་སོས་རུང་དྭ་ཕྲུག་དེ་ནི་ད་དུང་སྐད་ཤུགས་ཆེན་པོས་ངུ་ནས་བསྡད། བུད་མེད་དེས་ངུ་ཁ་ག་ཚད་སོས་རུང་ངོ་མ་ལོན་ཞིང་། བུད་མེད་དེས་”ཁྱོད་ཀྱི་ཨ་མ་འཇིག་རྟེན་འདི་ནས་ཁ་བྲལ་ཟིན་པ་རེད། ངས་ཁྱོད་ལ་འབྲེལ་བཤད་ཇི་ལྟར་བྱེད་དགོས་རེད་”ཅེས་བརྗོད་པ་ལས་གཞན་བྱ་ཐབས་གང་ཡང་མ་རྙེད།
མཐཪ་བྱ་ཐབས་གང་ཡང་མ་རྙེད་པས་ཕྲུ་གུ་ངུ་བཞིན་”ཨ་མ་ཨ་མ་”ཞེས་ཡང་ཡང་འབོད་བཞིན་ཉལ་ཁུག །དྭ་ཕྲུག་བུ་མོ་དེ་ནི་མཚན་མོ་གཉིད་ལམ་དུའང་”ཨ་མ་”ཞེས་ཡང་ཡང་འབོད་ཀྱི་ཡོད། སྐབས་རེ་མཚན་མོ་དྭ་ཕྲུག་བུ་མོ་ཉལ་ཁུག་དུས་བུད་མེད་དེ་རང་ཉིད་ཀྱི་ཨ་མ་རེད་བསམ་ནས་བུད་མེད་དེར་འཐམ་ནས་ཉལ་ཁུག་གི་ཡོད། དེ་འདྲའི་གནས་སྟངས་ཟླ་བ་གཅིག་ཙམ་སོང་རྗེས་བུ་མོ་དྭ་ཕྲུག་དེ་ལུང་པ་དེར་དྭ་ཕྲུག་ཁང་ཞིག་ཡོད་པའི་དེའི་ནང་དུ་བསྐྱལ་བ་རེད།
དྭ་ཕྲུག་ཁང་དུ་སླེབས་རྗེས་བུ་མོ་དེ་ཉིད་གཞན་ལ་སྐད་ཆ་མང་པོ་མི་བཤད་ཅིང་། ངའི་ཨ་མ་ལགས་དང་པ་ལགས་ག་དུས་ང་ལེན་ཁ་སླེབས་ཡོང་གི་རེད་ཅེས་ཡང་ཡང་དྲིས་ཀྱི་ཡོད། སྐབས་རེ་སྒེའུ་ཁུང་ནས་ཕྲུ་གུ་འགའ་ཤས་ཕ་མ་མཉམ་དུ་ལག་པ་གཏད་ནས་ཁྲིད་འགྲོ་བ་མཐོང་དུས་དྭ་ཕྲུག་བུ་མོ་དེས་རང་ཉིད་ཀྱི་ཕ་མ་གཉིས་དྲན་ནས་མིག་ཆུ་གཏོང་གི་ཡོད། དེ་འདྲ་གནས་སྟངས་འོག་ཏུ་ཉིན་གཅིག་དྭ་ཕྲུག་བུ་མོས་ས་སྟེང་དུ་ཨ་མའི་གཟུགས་དབྱིབས་ཀྱི་རི་མོ་བྲིས། ཟུར་དུ་ལྷམ་ཕུད་ནས་ཨ་མའི་རུམ་དུ་བདེ་དྲོད་ངང་ནས་ཉལ་ཁུག་བྱས་ཉལ། དྭ་ཕྲུག་བུ་མོ་དེས་སེམས་ནང་དུ་རང་ཉིད་ཨ་མས་པང་དུ་བདེ་དྲོད་ངང་ནས་ཉལ་ཡོད་པ་ཚོར་སྣང་དང་འབྲེལ་ནས་ཉལ་ཁུག། དྭ་ཕྲུག་ལྟ་རྟོག་བྱེད་མཁན་མ་ཚབ་དེས་མཐོང་ཞིང་། མ་ཚབ་དེས་མཐོང་མ་ཐག་ངག་ནས་རང་དབང་མེད་པ་ཀྱེ་མ་དཀོན་མཆོག་གི་མཁྱེན། ང་ལ་མཐུ་དང་ནུས་པ་ཞིག་ཡོད་ན། ངས་དྭ་ཕྲུག་འདིའི་ཕ་མ་དང་འཕྲད་པ་བྱེད་ངེས། འདི་འདྲའི་ང་ལ་ནུས་སྟོབས་ཤིག་ག་ལ་ཡོད་ཅེས་མིག་ཆུ་གཏོང་བཞིན་ངག་ནས་ཤོར་བ་དང་།
མ་ཚབ་དེས་མི་ནི་འདི་འདྲའི་ཁྲེལ་གཞུང་མེད་པ་ཞིག་མ་རེད་དམ། ཕྲུ་གུ་འདི་དང་ང་ཚོ་ཚང་མ་མི་ཚེ་སྐྱོ་གར་རོལ་དགོས་པ་བཟོས་སོང་ཞིང་། ལྟོས་དང་ཕྲུ་གུ་འདི་དང་ཕྲུ་གུའི་ཕ་མ་ལ་ཉེས་པ་གང་ཡང་མེད་ཅིང་། བུ་མོ་འདིའི་ཉེས་མེད་མི་ཚེ་སྡུག་ལ་སྦྱར་སོང་།
སྐྱོ་གར་གྱི་གནས་སྟངས་འདི་དག་མཐོང་དུས་སེམས་ཁམས་སུ་ན་ཟུགས་བཏང་ཞིང་རང་དབང་མེད་པར་མིག་ཆུ་ཤོར་གྱི་འདུག །རྣམ་པ་ཚོས་ཀྱང་སེམས་རྣལ་དུ་ཕབ་ནས་ལྟོས་དང་དྭ་ཕྲུག་སྐྱོ་གར་འདི་དག་སུ་ཞིག་གི་རྟོགས། དངོས་གནས་མི་རྟོགས། ཕ་མས་སོ་སོའི་བུ་ཕྲུག་བྱམས་བརྩེས་བསྐྱངས་ཤིང་། འཁྱུག་ཙམ་ཡང་ཁ་བྲལ་མི་ཕོད་པའི་གློ་བུར་དུ་ཨ་མ་དང་ཁ་བྲལ་དགོས་བྱུང་དུས་ཕྲུ་གུས་སེམས་ཁམས་ནང་སྐྱོ་གདུང་གང་འདྲ་ཞིག་འཁོར་གྱི་ཡོད་དམ། ཕྲུ་གུའི་ལྟ་ས་རེ་ས་ནི་ཨ་མ་ལས་གཞན་པ་སུ་ཞིག་མེད་པ་དེ་ཉིད་གློ་བུར་མཐོང་རྒྱུ་མེད་པ་གྱུར་རྗེས་སེམས་ཁམས་སུ་སྡུག་བསྔལ་ག་ཚོད་གཅིག་ཡོད་པ་སུས་རྟོགས། དངོས་གནས་མི་རྟོགས་པ་ཞིག་རེད། ཆ་རྒྱུས་ཉིན་གཅིག་ཀྱང་མེད་ཅིང་། འདྲིས་གཤིབ་ཀྱང་དེ་ལས་མེད་པའི་མི་རྣམས་དང་མཉམ་དུ་གློ་བུར་གནས་སྡོད་བྱེད་དགོས་དུས་ལས་སླ་པོ་ཞིག་ག་ལ་ཡོད། དྭ་ཕྲུག་འདི་དག་གིས་སྐྱོ་གར་ངས་མཐོང་དུས་སྙིང་ཁམས་སུ་གྲི་བཙུགས་པ་དང་ཀུན་ནས་མཚུངས། རྒྱུ་མཚན་འདི་དག་ལ་བརྟེན་ནས་མ་འོངས་པ་གནས་སྟངས་འདི་འདྲའི་རྒྱལ་ཁབ་སུ་ཞིག་གི་ལུང་པ་ནང་དུ་མི་འབྱུང་བའི་རེ་བ་དང་སྨོན་ལམ་འདེབས་ཀྱི་ཡོད། བུ་མོ་དེ་ནར་གསོན་པ་དང་ལག་ཏུ་སྨྱུ་གུ་དང་ཤོག་གུ་ཞིག་བཟུང་ནས་ཨ་མ་དྲན་པའི་ཚོར་སྣང་འདི་ལྟར་ཞིག་བྲིས་སོ།།
ངའི་སྙིང་དབུས་ཀྱི་སྐྱེད་མ་ལགས།
ངས་ནམ་ཡང་བརྗེད་ཐབས་མེད་པ་ནི།
སྐྱེད་མའི་ལུས་ཐོག་ལ་དཀའ་སྡུག་གང་ཞིག་འཕྲད་ཀྱང་།
ད་དུང་སུན་སྣང་དང་།
འགྱོད་གདུང་སྤུ་ཙམ་མེད་པའི་འཛུམ་མདངས་དེ་རེད།
དྲིན་ཅན་གྱི་སྐྱེད་མ་ལགས།
ས་གཞི་ཡོངས་རྫོགས་ཁྲག་དམར་ལ་བསྒྱུར་རུང་།
ད་དུང་ཁྱོད་ཀྱི་ངའི་སྙིང་དབུང་བུ་མོ་ཞེས་འབོད་ཀྱི་ཡོད་པ་ངས་རྟག་ཏུ་རྣ་ ལམ་དུ་ཡང་ཡང་ཐོས་མྱོང་།
སུན་སྣང་དང་སྡུག་ཡུས་མེད་པར་ཨ་མས་ང་བརྩེ་བས་བསྐྱངས།
དྲིན་ཅན་གྱི་སྐྱེད་མ་ལགས།
ངས་ཁྱེད་ལ་ཁྲོ་གཉེར་གྱིས་རྣམ་འགྱུར་སྟོན་རུང་།
ད་དུང་ཉམས་སྣང་ཙམ་ཡང་མེད་པར་འཛུམ་གཉེར་གྱིས་བསུ་བར་བྱེད།
དྲིན་ཅན་གྱི་སྐྱེད་མ་ལགས།
གཟི་བརྗིད་ཅན་གྱི་ཨ་ལགས།
དེང་སྐབས་དྲིན་ཅན་ཨ་མ་ཁྱེད་དྲན་གྱི་འདུག།།
འོན་ཀྱང་ལས་ངན་གྱི་བུ་མོ་ང་།
ཁྱེད་དང་གཏན་ནས་བྲལ་སོང་།
ངས་སེམས་ཁོང་གི་རྨ་ཁ་དེ།
ལོ་དང་ཟླ་བ་སོང་ཡང་སེམས་ནས་གསོས་ཐབས་གཏན་ནས་མི་འདུག།
སྐྱེ་བ་སྔོན་མའི་ལས་འབྲས་ད་ལྟའི་ལུས་ཐོག་འདིར་སྨིན་པ་ཡིན་རྒྱུ་རེད།
ཀྱི་ཧུད།
སྐྱེད་མ་ལགས།
དེང་སྐབས་དངོས་གནས་ཧ་ཅང་དྲན་གྱིན།
དྲིན་ཅན་གྱི་སྐྱེད་མ་ལགས།
ཁྱེད་དངོས་གནས་དྲན་གྱིན།
ཡིད་སྐྱོ་བའི་དྭ་ཕྲུག་གཅིག་གི་གཏམ་རྒྱུད།
༄༅།། འདི་ནི་ཡིད་སྐྱོ་བའི་པར་ཞིག་རེད། ཕྲུ་གུ་འདིའི་ཕ་མ་གཉིས་ ཕྱི་ལོ་ ༢༠༡༤ ལོའི་སི་རི་ཡའི་ནང་འཁྲུག་རྩོད་ཁྲོད་ཚེ་ལས་འདས། ཕ་མ་གཉིས་དྲན་ཐེངས་རེར། ཕྲུ་གུ་འདི་དུར་སར་བརྒྱབས་ཏེ་ཕ་མ་གཉིས་སྤས་པའི་དུར་འགྲམ་དུ་ཉལ་ནས་ཕ་མ་གཉིས་ད་དུང་གསོན་ཡོད་པར་སྒོམ་ཞིང་ཕ་མའི་དྲོད་ཁུག་མྱོང་ཐབས་བྱས་ཡོད་པ་རེད་ཟེར།
དེར་བརྟེན་དེ་རིང་ངས་དཔར་རིས་འདི་ཉིད་སྦྱར་སྟེ་དངོས་སྒྲུང་ཡིད་སྐྱོ་པོ་ཞིག་འབྲི་པར་འདོད་ཅིང་། དེ་ཡང་དུས་རབས་ཉེར་གཅིག་པའི་ནུབ་ཕྱོགས་རྒྱལ་ཁབ་ནང་དུ་དངོས་སུ་བྱུང་བའི་གནས་ཚུལ་དངོས་སྒྲུང་ལམ་ནས་བྲིས་ཡོད། དེ་ཡང་སྔོན་མ་ཡིན་ན་རྒྱལ་ཁབ་ནང་དུ་གནས་སྡོད་བྱེད་མཁན་མི་རྣམས་ཞི་བདེའི་བག་ཕེབས་ཀྱིས་འཚོ་བ་རོལ་བཞིན་ཡོད། འོན་ཀྱང་སྐྱིད་གཅིག་རྒྱབ་ཏུ་སྡུག་ཅེས་པ་ལྟར་ལུང་པ་དེའི་ཆབ་སྲིད་ཀྱི་ཕྱོགས་ཁ་གཉིས་སུ་གྱུར། རིམ་གྱིས་གཞུང་འཛིན་པ་སུ་བྱེད་མིན་གྱི་ཐོག་ནས་ནང་ཁུལ་རྩོད་གླེང་ཤུགས་དྲག་བྱུང་ཞིང་། མཐར་ཕྱོགས་གཉིས་ཀའི་བསམ་ཤེས་མེད་པར་ནང་འཁྲུག་བྱེད་མགོ་ཚུགས་པ་རེད།
དེ་འདྲའི་གནས་སྟངས་འོག་ནས་ཡུལ་དེར་ཁྱིམ་ཚང་ཞིག་ཡོད་ཅིང་། ཁྱིམ་ཚང་དེར་བཟའ་ཚང་མི་གཉིས་དང་བུ་ཕྲུག་བཅས་གསུམ་ཡོད་ཅིང་། བུ་ཆེ་བ་དང་། བུ་མོ་གཉིས་སློབ་གྲྭར་ཐོན་ནས་ལས་ཀ་བྱེད་ཀྱི་ཡོད། བུ་ཆུང་ཤོས་དེ་ཕ་མ་གཉིས་དང་མཉམ་དུ་སྡོད་ཀྱི་ཡོད་ཅིང་། ལུང་པ་དེར་ཉིན་མོ་སློབ་གྲྭ་ཞིག་ཡོད་པས་བུ་ཆུང་བ་དེར་སློབ་གྲྭར་བཏང་གི་ཡོད། ཕ་མ་གཉིས་ཀྱི་བུ་ཕྲུག་ནང་ནས་ཆུང་ཤོས་ཡིན་དུས་ཧ་ཅང་གི་བྱམས་སྐྱོང་ཐོག་ནས་ལྟ་རྟོག་བྱེད་ཀྱི་ཡོད། ཨ་ཕ་ལས་འཚམས་གྲོལ་ནས་ནང་དུ་སླེབས་པ་དང་། དུས་ཚོད་ག་དུས་ཁོམ་པ་ཡོད་ན་བུ་ཆུང་དེ་གཉའ་བའི་སྒང་དུ་འཁྱེར་ནས་ཕྱི་ལོག་ཏུ་འཆམ་འཆམ་དུ་བསྐྱོད་ཀྱི་ཡོད། སྐབས་རེ་རེས་གཟའ་ཉི་མ་དང་དགུང་སེང་ནམ་ཡིན་ཕ་མ་གཉིས་ཀྱིས་བུ་ཕྲུག་ཁྲིད་དེ་སྤང་སྟེང་ལ་ཕྱིན་ནས་རྩེད་རིགས་འདྲ་མིན་སྣ་ཚོགས་བུ་ཕྲུག་མཉམ་དུ་རྩེད་དགར་རོལ་གྱི་ཡོད།
འཚམ་རེ་བུ་ཆུང་སྤང་དུ་བྲེད་རྡབ་ཤོར་ནས་རྨ་རྩག་རྩིག་བཟོས་པ་ཡིན་ན་ཨ་མས་སེམས་ནང་རྔམ་འཚབ་དང་བཅས་བུ་ཆུང་ཞེས་འདུ་མ་རྒྱུགས་ཀྱི་ཡོང་ནས་ལམ་སང་རྨ་དཀྲིས་རྒྱབ་པ་སོགས་ཀྱི་བྱམས་སྐྱོང་བྱེད་ཀྱི་ཡོད། འདི་འདྲ་ངང་ནས་ནམ་ཟླ་རིམ་གྱིས་རྫོགས། ཨ་མ་གཉིས་ཞོགས་པ་སྔ་པོ་ལངས་ཏེ་ཞོགས་ཇ་བསྐོལ་ནས་བུ་ཆུང་ཉལ་ས་ནས་བླངས། ཨ་མས་ད་རིང་སློབ་གྲྭ་དབུས་བརྙེས་པའི་ཉིན་མོ་རེད་ཟེར། ཨ་ཕས་སློབ་གྲྭར་སྐྱེལ་གྲབས་བྱས་པ་དང་། བུ་ཆུང་གིས་”ཨ་ཕ་ལས་ཀར་འགྲོ་དགོས་མ་རེད་དམ་”ཞེས་དྲིས། ཨ་ཕས་ཞལ་རས་འཛུམ་མདངས་སྟོན་བཞིན་”ང་དེ་རིང་ལས་ཀ་འགྲོ་དགོས་མ་རེད། དེ་རིང་དགུང་སེང་རེད་”ཟེར།
དེ་ནས་བུ་ཆུང་སློབ་གྲྭ་བསྐྱལ་ནས་ཚུར་ནང་དུ་ལོག་ཡོང་ནས་བསྡད། དེ་ཉིན་བུ་ཆུང་སློབ་གྲྭ་ཕྱིན་ནས་ནང་དུ་ཕ་མ་གཉིས་ལས་མེད། ཉིན་མོ་དེ་ནི་དུས་རྒྱུན་ལྟར་ནང་དུ་ལྷོད་ལྷོད་ངང་ནས་སྡོད་བཞིན་པའི་སྐབས་དེར། མཁའ་དབྱིངས་ནས་གནམ་གྲུ་དུ་མ་ཞིག་འཕུར་སྐྱོད་བྱེད་བཞིན་ཡོད་པས་སྒྲ་གོ་ཡང་རྒྱུན་ལྡན་ལྟར་ཡིན་གྱི་རེད་བསམ་ནས་སྣང་མེད་ལྟ་བུ་ནང་དུ་ལྷོད་ལྷོད་བྱས་ནས་བསྡད། གློ་བུར་གྲོང་ཁྱེར་དེར་ནམ་ཐོག་ནས་འབུམ་གཡུག་ཅིང་གྲོང་ཁྱེར་དེའི་ཁང་པ་དུ་མ་ཞིག་ཀྱང་སྟོར་བཤིག་བཏང་ཞིང་། སྐར་ཆ་ཁ་ཤས་རིང་དུ་གྲོང་ཁྱེར་ཐལ་རྡུལ་འཚུབ་ཚེ་བཟོས། མི་སེར་སྙོམ་ཆུང་དུ་མ་ཞིག་ཚེ་སྲོག་ཤོར། གྲོང་ཁྱེར་དེ་ནི་ངུ་འབོད་ཀྱིས་སྒྲ་ལས་གཞན་གང་ཡང་གོ་རྒྱུ་མེད་ཅིང་། གསོན་པོ་ལུས་པ་རྣམས་ཀྱིས་ས་འོག་ཏུ་ཚུད་པའི་མི་རྣམས་ཀྱི་ཚེ་སྲོག་སྐྱོབ་ཐབས་བྱེད་བཞིན་གནས། མི་སྐྱོབ་དམག་མི་རྣམས་ཀྱང་རིམ་གྱིས་འབྱོར་ནས་ས་འོག་ཏུ་ཚུད་པའི་ཤི་གསོན་རྣམས་ཚུར་སྟོན་ཐབས་བྱེད་བཞིན་གནས། བུ་ཆུང་ཚེ་ཐར་ནང་དུ་སླེབས་པ་དང་། ནང་གི་ཁང་པ་གྱང་ཁོག་ལས་གཞན་ཡང་མཐོང་རྒྱུ་མེད་ཅིང་། མཐའ་སྐོར་དུ་མི་ཚོགས་མང་པོས་ས་འོག་ནས་ཕུང་པོ་ཕྱི་རུ་འཐེན་བཞིན་འདུག་ཅིང་། འགའ་ཤས་ཀྱིས་ཕུང་པོ་འགྲམ་དུ་ངུ་འབོད་བྱེད་བཞིན་ཡོད་པ་མཐོང་། བུ་ཆུང་ཐར་པའི་ནང་གི་འགྲམ་དེར་མི་ཚོགས་དུ་མ་ཞིག་འཛོམས་ཡོད་པ་དང་། ཕུང་པོ་གཉིས་ཀྱི་སྒང་དུ་རས་དཀར་པོ་ཞིག་གཡོག་ནས་བཞག་ཡོད་པ་མཐོང་ཞིང་། བུ་ཆུང་ཐར་པ་ནང་གི་ཕྱོགས་དེར་རྒྱུག་གྲབས་བྱས་པ་དང་། གཡས་གཡོན་གྱིས་མི་རྣམས་ཀྱིས་བཀག་པ་དང་། བུ་ཆུང་ཐར་པས་ངས་ཕ་མ་གཉིས་ཡར་གེར་ཁང་པ་ནང་དུ་ཡོད་ཚུལ་བརྗོད་ནས་ཤུགས་ཀྱིས་འཐེན། བསམ་ཡུལ་ལས་འདས་པ་ཞིག་ཏུ་གྲོང་པ་ཁྱིམ་མཚེས་ཚོས་ཁྱོད་རང་གི་ཕ་མ་གཉིས་འཇིག་རྟེན་འདི་ནས་ཁ་བྲལ་སོང་ཟེར་ཞིང་། འགྲམ་དུ་བཞག་ཡོད་པ་ཕུང་དེར་མཛུབ་མོ་བཙུགས། ངུ་བཞིན་ངས་ཕ་མ་གཉིས་ཞེས་སྐད་འབོད་བྱས་ཤིང་། ཤུགས་ཆེན་པོས་དེབ་ཁུག་སར་གཡུག་ནས་ཨ་མ་ཞེས་ཕུང་པོར་འཐམ་གྲབ་བྱེད་དུས་མི་རྣམས་ཀྱིས་བཟུང་སྟེ་འཐམ་མ་བཅུག།
དུས་དེ་ནས་བཟུང་སྟེ་བུ་ཆུང་ཐར་པ་ཕ་མ་མེད་པའི་དྭ་ཕྲུག་གཅིག་ཏུ་གྱུར་བ་རེད། དེ་ནས་མི་རྣམས་ཀྱི་རོགས་པ་བྱས་ཤིང་ཕུང་པོ་དུར་སར་སྦས། དུས་དེ་ནས་བཟུང་སྟེ་བུ་ཆུང་ཐར་པ་སློབ་གྲྭ་ནང་དུ་བསྡད་པ་ལས་ནང་དུ་སྡོད་ས་མེད། སློབ་གྲྭ་ནང་དུ་བསྡད་དུས་ཕ་མ་གཉིས་ཧ་ཅང་དྲན་དུས་གཞན་གྱི་མི་མཐོང་སར་མིག་ཆུ་ཤོར་བ་ནི་གྲངས་ཀྱི་མི་ལངས། སློབ་གྲྭ་དགུང་སེང་དང་དུས་ཚོད་ག་དུས་རག་ནས་ཕ་མ་གཉིས་ཀྱི་ཕུང་པོ་སྦས་སའི་ས་ཕྱོགས་དེར་ཡོང་ནས་ཕ་མ་གཉིས་སྐུ་ཕུང་སྦས་སའི་བར་དེ་ཉལ་གྱི་ཡོད་ལ། ཕ་མ་གཉིས་དྲན་ཐེངས་རེར། ཕྲུ་གུ་འདི་དུར་སར་བརྒྱབས་ཏེ་ཕ་མ་གཉིས་སྤས་པའི་དུར་འགྲམ་དུ་ཉལ་ནས་ཕ་མ་གཉིས་ད་དུང་གསོན་ཡོད་པར་སྒོམ་ཞིང་ཕ་མའི་དྲོད་ཁུག་མྱོང་ཐབས་བྱས་ཡོད་བྱེད་ཀྱི་ཡོད། སྐབས་རེ་ཆུང་དུས་ཕ་མ་གཉིས་ཀྱི་བྱམས་བརྩེས་གསོ་སྐྱོང་གནང་བ་དེ་དག་ཀྱང་ཡང་དྲན་ཡོང་གི་ཡོད་ལ། དེ་དག་དྲན་ཐེངས་རེར་དབང་མེད་དུ་སྙིང་དུ་ན་ཟུག་གཏོང་གི་ཡོད་ལ། ཕ་མ་གཉིས་སྦས་སའི་དུར་ས་དེར་པུས་མོ་བཙུགས་ནས་ཨ་མ་ཞེས་ཡང་ཡང་འབོད་ཀྱི་ཡོད། སྐབས་རེ་ནམ་མཁའི་ལྷ་མོ་ཡང་བུ་ཆུང་གིས་སེམས་སྡུག་གི་བྱེད་སྟངས་དེ་དག་ལ་སྙིང་རྗེ་ཚད་མེད་འཁྲུངས་ཤིང་མཁའ་དབྱིངས་སུ་ཆུ་འཛིན་མཁྲིགས་ཤིང་། ཆར་པ་སིལ་སིལ་འབབ་ཀྱི་ཡོད། དེ་དག་ནི་ནམ་མཁའི་ལྷ་མོ་ཡང་བུ་ཆུང་ལ་སེམས་གསོ་བྱེད་ཀྱི་ཡོད་པ་མཚོན། བུ་ཆུང་གི་སེམས་ནང་དུ་སྐབས་རེ་ཕ་མ་གཉིས་གསོན་པོ་བསྡད་ཚེ་ཅི་མ་རུང་སྙམ་ཞིང་། གལ་སྲིད་ཕ་མ་གཉིས་འཇིག་རྟེན་གྱི་ཁམས་འདིར་ཚོར་གནས་ཡོད་ཚེ། འཇིག་རྟེན་གྱི་ཁམས་འདིར་ང་ལས་སྐྱིད་པ་ཞིག་སུ་ཡོད་ཅེས་ཁེར་ལབ་བྱེད་ཀྱི་ཡོད།
རིམ་གྱིས་ལོ་ཟླ་རིམ་གྱིས་རྫོགས་ཤིང་། བུ་ཆུང་ཡང་ཆེན་པོ་ཆགས་ནའང་ཕ་མ་གཉིས་སྦས་སའི་དུར་ས་དེར་ཡང་ཡང་བསྐྱོད་ཀྱི་ཡོད་ལ། སེམས་ནང་དགའ་སྡུག་གནས་སྟངས་ཚང་མ་དུར་སར་ཡོང་ནས་ཕུང་པོ་དེར་བཤད་ཀྱི་ཡོད། ལྷག་པར་ཕ་མ་གཉིས་ཚོར་བཞུགས་སྐབས་སུ་བུ་ཆུང་ཐར་པ་འདི་ལྟར་བསླབ་བྱ་ལས་མི་ལ་ཕན་མ་ཐོག་ན་གནོད་སྐྱེལ་མི་རུང་ཞེས་བསླབ་བྱ་ཡང་ཡང་རྒྱབ་ཀྱི་ཡོད་པ་དེ་དག་སེམས་ནང་བཟུང་ནས་ལས་དོན་བྱེད་ཀྱི་ཡོད་པ་རེད་དོ། ཉིན་གཅིག་རི་སྒང་ཞིག་ཏུ་བསྡད་དེ་ཨ་ཕ་དྲན་པའི་དྲན་གདུང་འདི་ལྟར་ཞིག་བྲིས་སོ།།
དྲིན་ཅན་གྱི་ཨ་ཕ་ལགས།
ལོ་ཟླ་རིམ་གྱིས་རྫོགས་སོང་།
ཡིན་ཡང་ཨ་ཕའི་ཞལ་རས་ནམ་ཡང་བརྗེད་ཐབས་མི་འདུག
ཁྱེད་ཀྱི་སྐུ་དྲིན་གྱིས་ང་མི་ཡུལ་ལ་འཚོ་ཞིང་གནས།
དྲིན་ཅན་གྱི་ཨ་ཕ་ལགས།
ངས་དཔེ་ཁུག་རྒྱབ་ཏུ་འཁྱེར་ནས་གྲོང་གསེབ་ཀྱི་རྐང་ལམ་ཀྱག་ཀྱོག་དེད།
དྲིན་ཅན་ཨ་ཕས་ངའི་མགོ་ལ་བྱིལ་བྱིལ་བྱེད་ཅིང་།
རྩེད་མོ་ལ་མགོ་མ་འཁོར་སློབ་སྦྱོང་བྱོས་ཤིག་གསུངས།
དྲིན་ཅན་གྱི་ཨ་ཕ་ལགས།
ཁྱེད་ཀྱི་ཡོད་ཚད་བུ་ཕྲུག་གི་དོན་དུ་བློས་བཏང་མཛད།
བྱམས་བརྩེའི་འཛུམ་རླབས་ནམ་ཡང་བརྗེད་ཐབས་མི་འདུག
དྲིན་ཅན་གྱི་ཨ་ཕ་ལགས།
ཁྱེད་ནི་སྤུན་མཆེད་ལ་བརྩེ་བ་ཟབ་ལ།
ཁྱིམ་མཚེས་བར་མཐུན་ལམ་དེ་ལས་ཀྱང་ཟབ།
དྲིན་ཅན་གྱི་ཨ་ཕ་ལགས།
ཁྱེད་ནི་རྟག་ཏུ་ཞི་བདེ་བག་ཕེབས་སུ་གནས་ཤིང་།
ཞལ་རས་ནས་ཁྲོས་པའི་རྣམ་འགྱུར་བསྟན་མ་མྱོང་།
དྲིན་ཅན་གྱི་ཨ་ཕ་ལགས།
ཨ་ཕ་ཁྱིམ་གཞི་དྲོད་མོ་ནང་ཡོད་དུས་ཁྱིམ་ཚང་དྲོད་ལྷིང་ངེར་གནས་པའི་སྣང་བ་ཤར།
དེང་སྐབས་དྲིན་ཅན་ཨ་ཕ་ཞེ་དྲག་དྲན་གྱིན།
དྲིན་ཅན་ཨ་ཕ་ལགས།
ཁུ་སིམ་མེར་གནས་པའི་འཇིག་རྟེན་འདི་རུ།
ཅི་འདྲའི་རྙོག་འཛིང་མང་བ་ལ་ཨང་།
དྲིན་ཅན་གྱི་ཨ་ཕ་ལགས།
ནམ་ཟླ་རིམ་སོང་ལ་ཕྱི་དྲན་རེ་བྱེད་དུས།
བློ་འགྱོད་ཧ་ཅང་སྐྱེ་གིན།
ཨ་ཕ་ལ་མི་འདོད་པའི་རྣམ་འགྱུར་ལན་མང་བསྟན་མྱོང་།
དྲིན་ཅན་གྱི་ཨ་ཕ་ལགས།
ཁྱེད་སྐུ་འཚོ་བཞུགས་དུས་སུ་འགྱོད་བཤགས་ཞུ་ཐུབ་མ་སོང་།
དངོས་གནས་ང་ལས་ངན་ཞིག་མ་རེད་དམ།
དྲིན་ཅན་གྱི་ཨ་ཕ་ལགས།
ཨ་མ་དྲན་པའི་སྐྱོ་གདུང་།
གནས་མི་ཡུལ་ས་མཐའ་ལུང་པ་ནས།།
དྲིན་ཆེ་བའི་ཨ་མ་དྲན་པའི་གཏམ།།
དྲིན་ཨ་མས་གསན་པའི་རེ་མེད་ཀྱང་།།
རང་སེམས་པ་གསོ་བའི་མཚོན་བྱེད་དུ།།
སེམས་མ་བཟོད་ཤོག་དཀར་སྟེང་ལ་ཕབ།།
དྲིན་ཆེ་བའི་ཨ་མས་ཁོག་ནང་དུ།།
ཟླ་དགུ་དང་ཞག་པོ་བཅུ་ཙམ་འཁུར།།
ཟས་གང་ཞིམ་ཟ་སྙིང་འདོད་ན་ཡང་།།
ཟ་མ་ཕོད་ཁོག་ནང་ཕྲུ་གུ་ལ།།
གནོད་དོགས་ནས་ཡིད་གཟབ་གང་དགོས་གནང་།།
དྲིན་ཆེ་བའི་ཨ་མའི་ཞལ་རས་དྲན།།
གནས་འཇིག་རྟེན་སྟེང་ལ་སྐྱེས་མ་ཐག།།
དྲིན་ཨ་མས་དཀའ་སྡུག་མྱོང་ན་ཡང་།།
དབུགས་ཧེར་གྱིས་ང་ཡི་ཕྲུ་གུ་ཞེས།།
ཞལ་འཛུམ་གྱིས་ཁེངས་བཞིན་ཕྱག་གིས་བཟུང་།།
རྐྱེན་བར་ཆད་མི་འབྱུང་སྨོན་ལམ་འདེབས།།
དྲིན་ཆེ་བའི་ཨ་མ་ཡིད་ལ་འཁོར།།
རས་གང་འཇམ་བུ་ཆུང་ཟེར་བཞིན་གཡོག།།
ཟས་གང་ཞིམ་བུ་ཆུང་ཟེར་བཞིན་སྟེར།།
མི་གཞན་གྱིས་རྡུང་དོགས་སེམས་ཁྲལ་གནང་།།
དུས་ནམ་ཁོམ་པང་ཁར་བླངས་ནས་འཁུར།།
དྲིན་ཆེ་བའི་ཨ་མ་ཡིད་ལ་འཁོར།།
ཉིན་གང་པོར་ལས་ཀ་གནང་ན་ཡང་།།
དུས་ད་དུང་ངལ་བ་ཁྱད་བསད་ཀྱིས།།
མ་ང་ཡི་སྙིང་གི་གཅེས་ཕྲུག་ཅེས།།
ཞལ་འཛུམ་གྱིས་ཁེངས་བཞིན་བརྩེ་བས་བསྐྱངས།།
གནས་ཡག་བཙོག་མེད་པར་སྣ་ཆུ་འཇིབ།།
གཅིན་བཙོག་པའི་མལ་ས་གང་ན་ཡང་།།
དེ་རྣམས་ལ་བཙོག་མེད་གཙང་མར་བཟོ།།
དྲིན་ཆེ་བའི་ཨ་མ་ཡིད་ལ་འཁོར།།
དུས་ནམ་ཁོམ་དྲིན་ཆེན་མ་ལོ་ཡིས།།
མི་གཞན་ལ་མཐོང་ཆུང་དམའ་འབེབས་དང་།།
ལས་ངན་པའི་བྱ་བ་སྤོང་དགོས་ཟེར།།
གྲོགས་ངན་པའི་མཉམ་དུ་མ་འགྲོ་ཟེར།།
མི་རྒན་པའི་ཞལ་ལ་ཉན་དགོས་ཟེར།།
ཕན་ཐོགས་པ་མེད་པར་མ་འཁྱམས་ཟེར།།
བློ་འཕེལ་འབྲས་མེད་པའི་ཁ་བརྡ་སོགས།།
དུས་ནམ་ཡང་འགོ་བོ་མ་འཁོར་ཟེར།།
གནས་རིག་པ་ཁག་ལ་བརྩོན་དགོས་ཟེར།།
རིན་བྲལ་བའི་བསླབ་བྱ་གནང་ན་ཡང་།།
ཉན་མ་ཤེས་ཁྲོ་བའི་རྣམ་པར་སྟོན།།
དུས་ད་ལྟ་དྲན་དུས་སེམས་རེ་སྐྱོ།།
དྲིན་ཆེ་བའི་ཨ་མ་ཡིད་ལ་འཁོར།།
ངས་བསམ་ཤེས་ཐོབ་དུས་དྲིན་ཆེན་མ།།
གནས་འདི་རུ་མ་བཞུགས་ཕྱི་མའི་ལམ།།
བཞུད་ཟིན་པའི་ཡིད་སེམས་དབང་མེད་སྐྱོ།།
དྲིན་ཨ་མའི་བསླབ་བྱ་ཉན་མ་ཤེས།།
དྲིན་ཨ་མའི་དཀའ་སྡུག་རྟོགས་མ་ཐུབ།།
དྲིན་ཨ་མའི་སེམས་ཚོར་ངས་མ་ཤེས།།
ཡིད་སྐྱོ་ཞིང་བྲང་ཁོག་ཟུག་གཟེར་ཁེངས།།
ལས་ངན་པའི་བུ་ཆུང་ང་ལས་སུ།།
དྲིན་ཆེ་བའི་ཨ་མ་དེ་ཉིད་ལ།།
སྐུ་སྨྱུང་ནས་མལ་སར་ལྷུང་དུས་སུ།།
སྨན་ཕོར་ཆུ་གང་ཞིག་བླུགས་མ་ཐུབ།།
དུས་ད་ལྟ་བསམ་དུས་བློ་ཕམ་སྐྱེ།།
དུས་ད་རེས་དྲིན་མཇལ་མ་ཐུབ་ཀྱང་།།
ཚེ་ཕྱི་མར་དྲིན་འཇལ་ཐུབ་པ་སྨོན།།
ཞེས་པ་འདི་ནི་གུས་པས་ལོ་མང་པོ་སྔོན་ནས་བྲིས་ཤིང་། དེ་རིང་བསྐྱར་དུ་འདི་རུ་བཀོད། འབྲེལ་མེད་འདྲ་ཞིག་ཆགས་སོང་བས་དགོངས་འགལ་མེད་པ་ཞུ། གཅིག་བྱས་ན་སྙན་པོ་འདྲ་ཡོང་ཤེས་ཆེ་སྙམ། ཆབ་མདོ་ངག་ཕུན་གྱིས་ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༡༧ ཉིན་མོར་ཕུལ།
དེ་འདྲའི་ཡིད་སྐྱོ་བའི་གནས་སྟངས་འདི་ཀློག་དུས་་་ཁ་ཆེ་བལ་པོའི་རྣམ་ཐར་ཡིད་ལ་དྲན་བྱུང།
ད་ཤོད་དང། སྐྱབས་མེད་མགོན་མེད་ཀྱི་གནས་སྟངས་འདི་འདྲའི་སྐབས་སུ། ཆོས་ལུགས་རིས་མེད་ཀྱི་
སྟོན་པ་རྣམས་གང་དུ་བཞུགས། དཀའ་ངལ་དང་ དཀའ་སྡུག་གི་མནར་བའི་སྐབས་སུ་རིས་མེད་
དཀོན་མཆོག་གི་སྐྱོབས་མི་ཐུབ་ན་། ད་ནི་མགོན་སྐྱབས་སུ་ལ་ཞུ། སྐྱབས་མེད་མགོན་མེད་རང་དུ་
གནས་ན་་ད་ནི་ཅི་བྱེད། རང་གི་རང་སྐྱོབ་པ་ལས་གཞན་གང་ཡང་མ་མཐོང།