(དཔའ་མོ་རིན་ཆེན་གྱི་བུ་ཆུང་བའི་ཚབ་ཏུ།)
འབའ་སྲས།
ཁ་སང་ནུས་པའི་ཨ་མའི་འོ་མ་ཞིམ་པོ།།
ད་ནས་བཟུང་སྟེ་མེད་ཅེས་མཆི་མ་གཏོང་ཞོར།།
གཅེན་མོས་ཆུ་འཁྱག་ཁྱོར་གང་བདག་ལ་བླུད་སོང་།།
དོན་གྱིས་ཨ་མ་ཐག་རིང་གང་དུ་ཆས་སམ།།
གཅེན་མོའི་མིག་ཆུ་བཞུར་བ་ཆད་པ་མི་འདུག །
གཅེན་པོ་ངུ་བའི་སྐད་ལ་བར་མཚམས་མ་ཆད།།
ང་ཡང་ངུ་བཞིན་ཨ་མའི་འོ་མར་སྒུག་ཡོད།།
དྲིན་ཆེན་མ་ལོ་མ་འགྱངས་ཕྱིར་ལ་ལོག་ཤོག །
གཅེན་མོས་འགྲམ་པ་བདག་ལ་ཡང་ཡང་བརླན་ནས།།
གཅེན་པོས་ལག་པས་མགོ་ལ་བྱིལ་བྱིལ་བྱས་ཏེ།
མ་ངུ་མ་ངུ་ཟེར་ཞོར་ཁོང་གཉིས་ངུས་པས།།
བདག་ལ་ཨ་མ་མེད་པའི་སྣང་བ་བྱིན་སོང་།།
གཅེན་མོ་ངུས་པའི་མིག་གི་མཆི་མ་ཟིལ་ཟིལ།།
གཅེན་པོ་སྐྱོ་བའི་ངག་གི་ངུ་སྐད་ལྷིང་ལྷིང་།།
དེ་རིང་བདག་གི་མིག་དང་རྣ་ལ་ལྷུང་སོང་།།
ཨ་མ་ངེད་ཚོར་གཏན་དུ་གྱེས་པ་ཡིན་ནམ།།
བདག་གི་མགོ་བོ་ཨ་མའི་བྲང་ཁར་བརླན་ཞིང་།།
ཨ་མའི་ལག་པས་ང་རང་པང་དུ་ཉེར་ཏེ།།
ཞིམ་པའི་འོ་མ་ཉིན་རེར་ཐེངས་གསུམ་འཇིབ་པ།།
དེ་རིང་ནས་བཟུང་གཏན་དུ་ཆད་པ་ཡིན་ནམ།།
བུ་ཆུང་ང་ལ་འཇིག་རྟེན་མི་ཡུལ་འདི་ནས།།
དྲིན་ཆེན་མ་ལོ་མ་གཏོགས་སུ་ཞིག་མི་མཁོ།།
ཨ་མ་མེད་ན་བུ་ང་བདག་མེད་གྱུར་བས།།
དྭ་ཕྲུག་ཅིག་གི་ལས་དབང་བདག་ལ་མ་སྟེར།།
དྲིན་ཆེན་མ་ལོ་དེ་རིང་གང་ན་ཡོད་དམ།།
འཇིག་རྟེན་ཕར་རོལ་ཞིག་གི་གླིང་ན་མེད་ན།།
འགྲོ་འདུག་མི་འཁྱོང་དམར་འབྱར་བུ་ལོ་ང་ཡིས།།
ནམ་ཡང་ཨ་མ་ཁྱེད་ལ་རེ་སྒུག་བྱས་ཡོད།།
གལ་སྲིད་ཨ་མ་ཁྱེད་ནི་ཕྱིར་ཡོང་མེད་ན།།
བུ་ངས་ཨ་མ་ཟེར་ནས་སུ་ལ་འབོད་དགོས།།
བུ་ཕྲུག་གཞན་གྱིས་ཨ་མ་འབོད་པར་ཐོས་ན།།
དྭ་ཕྲུག་བུ་ངའི་སེམས་པ་ཅི་ཙམ་མི་སྡུག །
འཇིག་རྟེན་འདི་ཡི་བྱིས་པའི་རྩེད་ར་ཆུང་ཆུང་།།
ཨ་མའི་བྱམས་བརྩེ་འོད་ཀྱིས་བསྐྲུན་པ་ཡིན་པས།།
ཨ་མ་ཁྱེད་ནི་ང་དང་གཏན་དུ་གྱེས་ན།།
བུ་ངའི་རྩེད་ར་མུན་པར་གྱུར་བ་མིན་ནམ།།
དོན་གྱིས་མ་ལོ་འཇིག་རྟེན་འདི་ནས་མེད་ན།།
ཅིའི་ཕྱིར་འཇིག་རྟེན་གཞན་ལ་ཕེབས་པའི་ཚིག་གཅིག །
བུ་ཆུང་ང་ལ་གྱེས་པའི་གཏམ་དུ་གསོལ་དང་།།
ཆེ་བར་གྱུར་ཚེ་ཨ་མའི་ལོ་རྒྱུས་འབྲི་ཆོག །
ལྷགས་རླུང་གདུག་རྩུབ་ཀྱིས་མྱོས་ཤིང་།།
སྡོང་ལོ་མྱ་ངན་གྱིས་འཐོར་དུས།།
སྟོན་ཟླའི་ཁེར་རྐྱང་གི་སེམས་པ།།
ཨ་མའི་པང་ཁུགས་ལ་ཆས་འགྲོ།།
ཡུན་ཐུང་མཇལ་འཛོམས་ཀྱི་སྤྲོ་སྣང་།།
གྱེས་ཁའི་མིག་ཆུ་ལ་འཐིམ་འགྲོ།།
སྐྱོ་སྣང་སྐྱི་བསེར་གྱི་རླུང་བུ།།
མ་ཁོགས་རྒྱང་རིང་ལ་བྱིན་སོང་།།
དཔའ་མོ་རིན་ཆེན་གྱི་བུ་ཆུང་ཁྱེད་ད་ཕྲུག་མ་རེད་ ཁྱེད་ནི་བོད་རྒྱལ་ཁབ་ཀྱི་རྒྱལ་སྲས་ཞིག་རེད་།
འདང་དགོང་རྨི་ལམ་ཞིང་ནས། །
དྲིན་ཅན་མ་ལོར་མཇལ་བྱུང་། །
བྱམས་ལྡན་མ་ལོའི་འཛུམ་ཞལ། །
བུ་མོའི་ཕྱོགས་སུ་འཁོར་འདུག །
རྨི་ལམ་ནང་ནས་མཇལ་བའི། །
བྱམས་ལྡན་མ་ལོའི་བཞིན་བཟང་། །
ཞོགས་ཀ་མལ་ནས་ལངས་དུས། །
མིག་ལ་ཡང་ཡང་ཤར་ཡོང་། །
བྱམས་བརྩེ་བཀའ་དྲིན་ཅན་གྱི། །
ཨ་མ་མ་ལོ་ཁྱེད་ཀྱིས། །
བུ་མོ་ང་རང་བསྐྱུར་ཏེ། །
ས་ཆ་གང་ན་ཞུགས་ཡོད། །
བྱམས་ལྡན་མ་ལོ་ཁྱེད་ལ། །
རང་གི་ཤ་ལས་སྐྱེས་པའི། །
བུ་མོར་བརྩེ་བ་ཡོད་ན། །
འགྱོགས་པོར་ཕྱི་ལ་ཕེབས་ཤོག །