ཨེ་མ་ཧོ།
ན་མོ་གུ་རུ་བིརྱ་དྷཱ་ར་ཡེ།།
ཆོས་ལ་རོལ་ཞིང་ཆོས་ཀྱི་བཅུད་མྱོང་བའི།།
གཟུར་གནས་བློ་གྲོས་ལྡན་པའི་དྲ་གྲོགས་ཀུན།།
འདི་བདེ་ཕྱི་སྐྱིད་དལ་འབྱོར་སྙིང་པོ་ལོན།།
འཇིགས་མེད་རྟུལ་ཞུགས་སྤྱོད་པས་འཚོ་གྱུར་ཅིག།
ལྷག་བསམ་དགེ་བས་འབེལ་གཏམ་ཞུས་ན་ཡང་།།
དཀར་ནག་དགེ་སྡིག་དབེན་པའི་འཇིག་རྟེན་འདིར།།
དྲང་བདེན་རིན་ཐང་རི་བོང་རྭ་དང་མཚུངས།།
ད་ནི་རེ་ཞིག་དབྱངས་གསལ་མཚམས་འཇོག་བྱ།།
དབུ་རང་མི་གླེང་དྲང་ངེས་ཤེས་འཁན་དཀོན།།
དཀར་ནག་མི་བཤད་སྒེར་སྤྱོད་ཐོ་ཅོ་ཙམ།།
ཆོས་ཆོལ་མི་བསམ་ཉེ་རིང་ཆགས་སྡང་གོ།
ཀུན་སྤང་བྱ་བྲལ་ངང་དུ་སྤྱོད་པ་གཤེགས།།
ལ་དྭགས་རྒན་དང་ཀླུ་དབང་དགེ་རབ་དང་།།
དྲི་མེད་ལྷག་བསམ་བན་དེ་བོན་པོ་འགས།།
ཕྱི་ནང་རུ་ཤན་གནང་བར་བཀའ་དྲིན་ཆེ།།
བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་ཤོག།
ཅེས་པ་རབ་གནས་མེ་བྱའི་ལྷ་བབས་ཟླ་བའི་དབང་ཕྱོགས་རྒྱལ་བ་དང་པོར་ཆོས་རྗེ་དམ་པའི་སྐུ་ཚ་ལྕགས་ཁུང་བླ་མ་ཚེ་དབང་དང་སློབ་དཔོན་བཀའ་དྲིན་ཅན་སོགས་ཀྱིས་ཞལ་གདམས་དང་རང་གིས་བྱ་བ་རླབས་ཆེན་འགྲུབ་པའི་དགའ་ཚོར་ཀྱིས་ཕྲན་ཚེགས་ཀྱི་བྱ་བ་དང་དྲྭ་ཐོག་གི་གླེང་མོལ་རྣམས་རེ་ཞིག་མཚམས་བཞགས་པ་དང་ཁྱད་པར་ཁ་བརྡ་དྲ་བདག་དང་ངོས་ལ་བློ་བ་དཀར་བ་དག་ལ་ཐུགས་སྨན་གསོ་བའི་ཆེད་དུ་དབྱིན་ཡུལ་ཀུན་བཟང་ཆོས་གླིང་ནས་ཤྲཱིཿཨེ་མ་ཧོས་ཐ་ཚིག་ཏུ་བསྒྲགས་པར་དགེའོ།། །།