Mind, body, spirit – སེམས། ལུས། སྲོག་གམ་བླ།
Anxiety – སྐྱོ་སྡུག སྐྱོ་སྣང་། སེམས་སྡུག
Stress – མནར་གདུང་། གནོན་ཤུགས།
Depression – ཡིད་གདུང། ཡིད་ཞུམ།
Neuroscience – དབང་རྩ་རིག་པ།
Contemplative – མཉམ་བཞག སྒོམ། དམིགས་གཏད།
Mindfulness – དྲན་པ་མཉམ་བཞག དྲན་ཤེས། ཡིད་གཏད།
Emotion – སེམས་ཚོར། སེམས་འགུལ། ཡིད་འགྱུར།
Mind and life institute – སེམས་དང་ཚེ་སྲོག་ཞིབ་འཇུག་ཁང་།
My mind tells okay, but my heart doesn’t – ངའི་སེམས་ཀྱིས་ཁས་ལེན་བྱེད་མོད། སྙིང་གིས་ཁས་ལེན་མི་བྱེད་ཀི
spirit : འདུ་ཤེས་ བློ་ ༼བློ་སྟོབས་༽ Tibetan spirit : བོད་མའི་འདུ་ཤེས་
stress : དྲེལ་ཚུབ་
depression : རླུང་ནད་
comtemplative : བསམ་གཏན་
emotion : ཚོར་བ་
“my mind tells alright, but my heart does not”
ངའི་བློ་ལ་ཡོད་ཀྱང་ བསམ་པས་མི་འདོད་
དེ་འདྲ་མིན་འགྲོ་ མཐའ་མའི་དབྱིན་ཡིག་ཐོག་བཤད་སྲོལ་ཇི་མ་ཇི་བཞིན་བོད་སྐད་ཐོག་ཨ་ཡོད་ ཡིན་ནའང་དོན་དང་མཚུངས་པ་ཞིག་གཏན་གཏན་ཡོད་ཀྱི་རེད་ ཏོག་ཙམ་སྒུག་དང་དྲྭ་གྲོགས་གཞན་ཚོས་བྲི་ཞག་རེད་
ཨ་ཁུ་སྨན་པ།
གོང་གི་དེ་ཚོ་ཁྱེད་རང་ནས་ཡག་པོ་བསྒྱུར་འདུག བསམ་བློ་བཏང་རུང་བསམ་ཚུལ་དམིགས་བསལ་ཞུ་ཡ་མི་འདུག
འོན་ཀྱང་། མཐའ་མའི་བརྗོད་པ་ཐུང་ངུ་དེ་ལ་གངས་འདབས་ལགས་ཀྱིས་གསུངས་བ་དེར་གོ་རྒྱུ་ཞིག་འདུག གཞན།
ལྷ་རྗེ་ལགས་ཀྱི་དགོངས་པའི་མཐིལ་ན་གང་ཡོད་པ་དེ་ག་འགྲིག་འདུག་སྙམ།
ཞོར་ལ། ལྷ་རྗེ་ལགས་ལ་རེ་བ་ཆུང་ཆུང་ཞིག་ཞུ་རྒྱུ་ཡོད། བོད་མི་ཚོའི་ཉིན་རེའི་འཚོ་བ་སྐྱེལ་སྟངས་ཚུན་ལ་འབྲེལ་བའི་འཕྲོད་བསྟེན་གྱི་ཤེས་བྱ་རྣམས་ཁ་བརྡའི་ཐོག་ལ་ཆར་ར་འབབ་འབབ་གནང་རོགས་མཁྱེན། འཕྲོད་བསྟེན་གྱི་ཞིང་ས་སྐམ་པོ་ཆགས་འདུག མཐར་ཨ་ཁུ་སྨན་པའི་སྐུ་གཟུགས་གསལ་ཐང་ཡོང་བར་ཤོག
བརྡ་ཆད་འདི་ཚོ་ངེས་པར་དུ་ཤེས་ཡོན་ཅན་མང་པོ་ཕན་ཚུན་བགློ་གླེང་གནང་ནས་གཏན་འབེབས་དགོས་གལ་ཆེ་བས། ཁྱེད་ཀྱིས་འདི་ལྟར་བགློ་གླེང་གི་ཚུལ་དུ་བཀོད་པར་བསྔགས་བརྗོད་ཡོད།
Strees –དྲེལ་ཚུབ་ཅེས་འགྱུར་བཅོས་གནང་འདུག་པས་དོན་གང་ཡིན་མི་ཤེས། སྤྱིར་བཏང་མནན་པའི་དོན་ཡིན་སྙམ།
Mindfulness-དྲན་པ་མཉམ་བཞག་ཅེས་པ་བོད་སྐད་ལ་མི་བདེ་བས། དྲན་པ་ཉེ་བར་བཞག་པ་ཞེས་དེང་སངས་བྱེད་སྤྱོད་གནང་བ་བཞིན་བཞག་ན་ལེགས་སྙམ།
My mind tells okay but my heart doesn’t- ངའི་སེམས་ལ་བསམ་ཀྱང་སྙིང་སྟོབས་ཀྱིས་མ་འདང༌། ལྟ་བུར་བཞག་ན་གང་འདྲ་འདུག
ནོར་བཅོས། དེང་སངས། དེང་སང༌། ལ་བཅོས་གནང་ཡོད་པ་ཞུ།
བསམ་བློའི་དཔྱད་གཞིར་དོན་དག་འདི་རེ་གླེང་བར་དགའ་བསུ་ཡོད། སྤྱིར་སྟངས་ཐ་སྙད་ཇི་འདྲ་ཞིག་ཡིན་ཡང་དེས་གང་བརྗོད་རྒྱུའི་དོན་དེ་གསལ་པོ་བྱས་ནས་སྟོན་ཐུབ་མི་ཐུབ་ནི་ཐ་སྙད་རང་སྟེང་གི་ནུས་པ་ཞིག་མིན་པར་སྤྱི་ཚོགས་ཀྱི་གོམས་པ་དང་འབྲེལ་ཡོད་པ་རེད། དེར་བརྟེན་emotionལ་ཚོར་བ་ཞེས་བརྗོད་ཀྱང་འགྲིག་ལ་སེམས་ཚོར་ཞེས་བརྗོད་ཀྱང་འགྲིགས་པ་ཡིན།
འོན་ཀྱང་ངེས་པར་ཤེས་དགོས་པའི་གནད་དོན་ཅིག་ཡོད་པ་ནི། emotion ཞེས་པའི་ནང་དོན་མཚོན་བྱེད་དུ་བཀོལ་བའི་སྐབས་ཚོར་བ་ཞེས་བརྗོད་ཀྱང་རུང་སེམས་ཚོར་ཞེས་བརྗོད་ཀྱང་རུང་མ་ཡིག་emotionབཀོལ་སྤྱོད་བྱེད་མཁན་སྤྱི་ཚོགས་ཀྱིས་མ་ཡིག་འདི་བཀོལ་དུས་ཀྱི་སེམས་ཚོར་དང་གོམས་པ། དེ་བཞིན་གོ་དོན་སོགས་བློར་འཆར་རྒྱུའི་གོམས་གཤིས་ཞིག་བུ་ཡིག་གམ་བོད་ཚིག་སྤྱོད་མཁན་ཚོའི་བསམ་བློའི་ནང་ཡོད་དགོས་པ་ཞིག་རེད། འདི་ཡོད་སོང་ན་emotion གྱི་སྐད་དོད་ལ་བོད་ཚིག་ཀ་བ་ཞེས་བརྗོད་ཀྱང་དོན་ཇི་བཞིན་མཚོན་ཐུབ་པ་ཡིན། དེར་བརྟེན་ཡིག་སྒྱུར་གྱི་བྱ་བར་ཞུགས་པའི་སྐབས་ཐ་སྙད་རང་སྟེང་ནས་དོན་ཇི་བཞིན་མཚོན་པ་ཞིག་ཡོང་རྒྱུའི་གུ་དོགས་དེ་འདྲ་མི་བྱེད་པར་ནང་དོན་ལ་འགྲེལ་བཤད་གཙང་མ་ཞིག་བརྒྱག་ཐབས་བྱ་རྒྱུ་དེ་གལ་ཆེན་ཡིན།
སྤྱིར་རང་རེ་བོད་པས་སྤྱོད་པའི་ཚོར་བ་དང་སེམས་ཚོར་ཞེས་པའི་ཐ་སྙད་དང་emotion ཞེས་པའི་ཐ་སྙད་གཉིས་ལ་ཁྱབ་ཆེ་ཆུང་གི་ཁྱད་པར་ཤིན་ཏུ་ཆེན་པོ་ཡོད། ང་ཚོས་བཤད་པའི་སེམས་ཚོར་དང་ཚོར་བ་ཡིན་ན་ཁོང་ཚོས་ཤོད་པའི་emotionཡིན་མི་དགོས་པ་དང་། ཁོང་ཚོས་ཤོད་པའི་emotionཡིན་ན་ཡང་ང་ཚོས་འབོད་པའི་ཚོར་བ་དང་སེམས་ཚོར་ཡིན་མི་དགོས་པ་དེ་འདྲ་ཤིན་ཏུ་མང་པོ་ཡོད།
གོང་དུ་ངའི་སེམས་ཀྱིས་ཁས་ལེན་བྱེད་ཀྱི་འདུག ཡིན་ནའི་སྙིང་གིས་ཁས་ལེན་བྱེད་ཀྱི་མི་འདུག་ཅེས་བསྒྱུར་འདུག
འདི་ནི་བརྗོད་པ་དེ་གཉིས་གང་དུ་གནས་ཡོད་པའི་རྩོམ་ཡིག་སྤྱིའི་གོང་འོག་གི་འབྲེལ་ལ་བལྟ་དགོས་པ་ཞིག་ཡིན་པ་མ་གཏོགས་ཐད་ཀར་སེམས་དང་སྙིང་ཞེས་བསྒྱུར་ན་གོ་ལོག་དོན་ལོག་ཏུ་འགྲོ་རྒྱུའི་ཉེན་ཚབས་ཡོད་པ་ཞིག་ཀྱང་ཡིན།
དཔེར་ན་སྐབས་རེ་mind, brain, heart, ཞེས་པའི་ཚིག་འདི་གསུམ་ཐད་ཀར་སེམས། ཀླད་པ། སྙིང་ཞེས་པར་བསྒྱུར་མི་རུང་བར་སེམས་དང་རྣམ་དཔྱོད། ཀུན་སྤྱོད་ཅེས་སུ་གོ་དགོས་པའི་སྐབས་ཀྱང་ཡོད་པ་རེད། དཔེར་ན་ཉེ་ཆར་ཝ་ཤིན་ཌོན་དུ་འཚོགས་པའི་སེམས་དང་སྲོག་གི་ཞིབ་འཇུག་ལྟེ་གནས་ཀྱིས་ཚོགས་འདུ་ཞིག་བསྐོང་ཚོགས་གནང་བའི་སྐབས་བརྗོད་གཞིར་how to cultivate healthy mind, brain, heart.ཞེས་བཞག་གནང་ཡོད་ཅིང་དེའི་སྐབས་ཀྱི་ཐ་སྙད་འདི་དག་ཐད་ཀར་སེམས་དང་སྙིང་། ཀླད་པ་ཞེས་གོ་ན་མི་འགྲིག་པ་ལྟར་ཡིན་ནམ་སྙམ།
ནོར་འཁྲུལ་བྱུང་ན་བཟོད་གསོལ་ཞུ། འཇིགས་མེད་བློ་གྲོས་ཀྱིས།
ལྷོ་ཕྲུག་སྣ་བོ་ཆེས་དགོངས་ཚུལ་ཡག་པོ་ཞེ་དྲག་གསུང་གནང་འདུག སྤྱིར་བཏང་སྐབས་དོན་ལ་གཟིགས་རྒྱུ་གནད་ཀྱི་དམ་པ་ཡིན་མོད། Emotion- སེམས་ཚོར་ཞེས་ཐ་སྙད་ཀྱི་དོད་དུ་བཀོལ་ན་བདེན་པར་འདུག ཚོར་བ་སེམས་ཚོར་དང་ལུས་ཚོར་གཉིས་ལས་ Emotion གཙོ་བོ་སེམས་ཚོར་ལ་གོ་དགོས་པར་སྣང༌།
དྲ་གྲོགས་ཚོས་དགོངས་ཚུལ་གསུངས་པར་ཐུགས་རྗེ་ཆེ།
གངས་འདབས་ལགས་ནས།
stress ལ་དྲེལ་(བྲེལ)ཚུབ་ཅེས་བསྒྱུར་འདུག་མོད། བྲེལ་འཚུབ་ནི་བྲེལ་བ་ཆེན་པོ་ལ་གོ་དགོས་པས་དབྱིན་སྐད་དུ་ hurrying དང་ nervous གོ་དགོས་སྙམ། stress ནི་ཅི་ཞིག་གིས་ལུས་སེམས་གཉིས་གནོན་བཙིར་རམ་རྡུང་རྡེག་ཐེབས་ཡོད་པའམ་མནར་ཡོད་པ་ལ་གོ་དགོས་འདྲ།
ཡང་ depression ལ་རླུང་ནད་ཅེས་བསྒྱུར་འདུག་པར། བོད་སྨན་གཞུང་དུ་རླུང་ནད་ནི་སྤྱི་མིང་ཞིག་ཡིན་ལ་དེའི་ཁོངས་སུ་ནད་དེའི་རྒྱུའམརྟགས་སྐྱོ་སྣང་ anxiety དང་stress མནར་གདུང་། depression ཡིད་ཞུམ། དངངས་སྐྲག་ fear བཅས་སེམས་དང་འབྲེལ་བའི་ཚོར་སྣང་མང་པོ་ཞིག་ཡོད། my mind tells alright, but my heart does not” ངའི་བློ་ལ་ཡོད་ཀྱང་བསམ་པས་
མི་འདོད་ཅེས་བསྒྱུར་པར་གོ་དོན་ཉེ་བོ་འདུག གང་ཡིན་ཟེར་ན་མཚམས་རེར་ང་ཚོས་ངས་བློ་ལ་འབབ་ཀི་ར། སེམས་གིས་ཁ་མི་ཉན་གི་ཟེར་བ་དང་གཅིག་མཚུངས་ཡིན་པ་འདྲ།
ལྷོ་ཕྲུག་སྣ་བོ་ཆེ་ནས་ emotion ལ་ཚོར་བར་ཞེས་བརྗོད་ཀྱང་འགྲིག་ཟེར་བར། སྒང་ནེ་འཇིགས་མེད་ཀྱིས་གསུངས་པ་ལྟར་ emotion ནི་སེམས་ཚོར་ཁོ་ན་ལ་གོ་དགོས་པ་ཞིག་རེད་སྙམ། ཚོར་བ་ལ་མཐོང་ཚོར་དང་རེག་ཚོར་སོགས་དབང་ཤེས་གཞན་གྱི་ཚོར་བ་ཡང་ཡོད་པས་ཚོར་བའི་སྔོན་ལ་སེམས་འབྲི་དགོས་པ་དང་། emotion སེམས་ཚོར་ནང་དུ་དགའ་བ་དང་སྡུག་པ། སྐྲག་པ། ཁྲོ་བ། ང་རྒྱལ། བརྩེ་བ་སོགས་མཚོན་པའི་སེམས་ཚོར་སྐོར་ཞིག་རེད། ཡིན་ནའང་ཉིད་ཀྱིས་གསུངས་དོན་ལྟར་ཡིག་སྒྱུར་སྐབས་སྤྱིར་བཏང་སྐབས་དོན་ལ་གཟིགས་རྒྱུ་གནད་ཀྱི་དམ་པ་ཡིན་ཞེས་པ་ཤིན་ཏུ་རྨད་པའི་གསུང་ཞིག་རེད།
རིག་འབྱུང་ལགས། ཁྱེད་སྐུ་ཁམས་བཟང་། གུས་ནས་ཉིད་ཀྱི་ཞུ་དོན་ལྟར་འཕྲོད་བསྟེན་གྱི་ཤེས་བྱ་རེ་ཁ་བརྡའི་ཐོག་འགོད་ཐུབ་བྱེད་ངེས།
གསོ་བྱེད་མཆོག་ གོང་གི་ངས་བྲིས་པའི་དོན་དེ་རྣམས་ བོད་མིའི་རྒྱུན་སྤྱོད་ཐ་སྙད་རྣམས་བེད་སྤྱོད་བྱེད་གང་ཐུབ་བྱས་་པ་ལགས་
Hurrying: ནི་རྒྱན་ཚིག་དང་ ད་ལྟ་བ་བྱེད་བཞིན་པའི་བྱ་ཚིག་རེད་ དེ་ལ་ བྲེལ་བ་ཚ་བའི་ ཡང་ན་བྲེལ་བ་ཚ་བཞིན་་ལྟ་བུ་མན་འགྲོ་
Nervous: བློ་འཚབས་ ཞེད་སྣང་ ཚ་གི་ཚིག་གི་
Depression: ལ་ཡང་རླུང་ནད་ནང་བཞིན་ ནང་གསེས་མང་པོ་ཡོད་རེད་ depression ནི་ག་དུས་ཡིན་ཡང་ཡིད་ཞུམ་ཡོད་དུས་སྤྱོད་པའི་ཐ་སྙད་ཞིག་རེད་ འོན་ཀྱང་སྐབས་རེ་depression དེས་རླུང་ལངས་བདེ་བོ་ཆགས་ཀྱི་ཡོད་ དེའི་སྐབས་ རྒྱུ་རྐྱེན་ལ་གཞིགས་ནས་རླུང་ལངས་པ་རང་རེད་སྙམ་། དོན་དག་ཡང་སྙིང་ང་ཚོས་ཡིག་བསྒྱུར་སྐབས་བོད་སྐད་ནང་ཡོད་བཞིན་པའི་བརྡ་ཆད་ཀྱི་ཐ་སྙད་རྣམས་སྤྱོད་གང་ཐུབ་བྱ་དགོས་ ལྷག་པར་དུ་སེམས་ཁམས་རིག་པ་དང་འབྲེལ་བ་ཡོད་པའི་ཐ་སྙད་རྣམས་སྤྱོད་སྐབས་ ནང་དོན་རིག་པའི་ནང་གཏན་ལ་བབས་ཡོད་པའི་ཐ་སྙད་དེ་ཚོ་སྤྱད་ན་དགེ་མཚན་ཆེ་། ཚན་རིག་ལག་རྩལ་གྱི་ཐ་སྙད་ཡིན་ཚེ་གསར་པ་ལྷུ་བསྒྲིགས་དགོས་པའི་རྒྱུ་མཚན་ཡོད་ངེས་ དེ་ནི་བསམ་ཚུལ་ཙམ་ཞིག་ཡིན་
བདེ་མོ་བྱོས་།
གོང་དུ་དྲ་གྲོགས་ཚང་མས་དགོངས་ཚུལ་ཞེ་དྲག་ཡག་པོ་གསུངས་འདུག
གནད་དོན་འདིའི་འདྲའི་ཐོག་སྐད་ཆ་མང་ཙམ་བཤད་པས་བོད་པའི་རིག་གཞུང་ཕུན་སུམ་ཇེ་ཚོགས་སུ་འགྲོ་བར་ཕན་ཐོགས་འབྱུང་རྒྱུ་གདོན་མི་ཟ་བ་ཡིན།
སྤྱིར་སངས་རྒྱས་པའི་ཆོས་ལུགས་ནང་བཞིན་སེམས་ཁམས་ཀྱི་རྣམ་གཞག་འདི་འདྲའི་ཞིབ་ཚགས་གཏན་འབེབས་བྱས་པ་ཞིག་ད་ཕན་འཇིག་རྟེན་ནང་བྱུང་མེད་པ་དེ་དངོས་ཡོད་རེད། དེ་བཞིན་སེམས་ཀྱི་གྲངས་འབོར་ཡན་ཆད་གྲངས་ཀྱིས་མི་ལོང་པ་ཞིག་ཏུ་ཐག་བཅད་ཅིང་ཉོན་མོངས་གཅིག་པུར་ཡང་བརྒྱད་ཁྲི་བཞི་སྟོང་གི་རྣམ་གཞག་གསུངས་ཡོད་པ་ཡིན། འོན་ཀྱང་རྣམ་གྲོལ་དོན་གཉེར་གྱི་གཙོ་བོའི་དགོས་དམིགས་ལ་བརྟེན་ནས་རགས་པ་ཙམ་གྱིས་གྲངས་ངེས་ཤིག་གཏན་འབེབ་བྱས་པ་མ་གཏོགས་བརྒྱད་ཁྲི་བཞི་སྟོང་རེ་རེ་ནས་ངོས་འཛིན་གྱིས་མིང་འདོགས་དང་བཅས་པ་གནང་བ་ཞིག་ད་ཕན་བྱུང་མེད།
དེང་དུས་ཀྱི་ལྟ་སྟངས་ནང་བཞིན་བྱས་ན་ཞིབ་ཚགས་མིན་པའི་སྐྱོན་ཆ་ཞིག་ཏུ་འདོད་དགོས་པ་རེད་ལ་༸གོང་ས་མཆོག་ནས་ཀྱང་གནད་དོན་འདི་འཐུས་ཤོར་ལྟ་བུ་ཞིག་དང་འབྱུང་འགྱུར་དེང་དུས་སེམས་ཁམས་རིག་པས་ངོ་སྤྲོད་བྱས་ཤིང་ནང་ཆོས་ནང་ཐ་སྙད་གསལ་ཁ་མེད་པའི་བསམ་བློའི་རིགས་མང་དག་ཅིག་ལ་ཐ་སྙད་གསར་པ་འདོགས་དགོས་པའི་བཀའ་སློབ་ཡང་ནན་ཏན་གྱིས་གནང་ཡོད།
སེམས་བྱུང་ལ་མཚོན་ན་མངོན་པ་འོག་མ་ནས་ལྔ་བཅུ་རྩ་གཅིག་དང་མངོན་པ་གོང་མ་ཀུན་བཏུས་སུ་བདུན་ཅུ་དོན་ལྔའི་གྲངས་འདྲེན་ཙམ་ཞིག་མ་གཏོགས་མེད་ཚོད་ཡིན།
སྐབས་དོན་དང་འབྲེལ་ནས་བཤད་ན་Emotion ཞེས་པའི་ཐ་སྙད་ཀྱི་སྐད་དོད་ཅིག་བོད་སྐད་ནང་མེད་པ་དེ་ཡང་གསལ་པོ་རེད། འདི་ང་ཚོས་འོལ་ཚོད་ཀྱིས་བཤད་པའི་སྐད་ཆ་མ་རེད། དོན་གྱི་ལོ་ཙྪ་བ་དགེ་བཤེས་ཐུབ་བསྟན་སྦྱིན་པ་སོགས་ནས་དེ་ལྟར་གསུངས་ཡོད། འོན་ཀྱང་ང་ཚོས་གོང་དུ་བཤད་པ་ནང་བཞིན་ཚོར་བ་དང་སེམས་ཚོར་སོགས་སུ་བསྒྱུར་གྱིན་ཡོད་པ་རེད། བོད་སྐད་ནང་ཐ་སྙད་འདིའི་སྐད་དོད་ཅིག་མེད་པ་དེ་བོད་སྐད་སྐྱོ་དྲགས་ནས་མ་རེད། ནུབ་ཕྱོགས་པས་སྤྱོད་པའི་ཐ་སྙད་འདིའི་ནང་དོན་དང་གཤིས་ཀ་རིག་གཞུང་གི་རྒྱབ་ལྗོངས་སོགས་བོད་པའི་སྤྱི་ཚོགས་ནང་དེ་སྔ་ཕན་ཆན་བྱུང་མ་མྱོང་བ་ཡིན་ཙང་འདིའི་དོན་ཇི་བཞིན་མཚོན་ཐུབ་པའི་སྐད་དོད་ཅིག་ང་ཚོའི་གཤིས་ཀའི་ནང་མ་འཇགས་པ་རེད།
ནུབ་ཕྱོགས་པ་ཁོ་རང་ཚོར་ཡང་ཐ་སྙད་འདིར་འགྲེལ་བཤད་ཐག་ཆོད་པོའི་གཙང་མ་ཞིག་ནི་ཡོད་རབས་མི་འདུག
འོན་ཀྱང་ཐ་སྙད་འདིའི་གོ་བ་རགས་རིམ་ཙམ་ཞིག་སྟོན་པའི་དབྱིན་ཡིག་ཐོག་གི་སྐད་ཆ་ཞིག་འདིར་འགོད་རྒྱུ་ཡིན།
སྐད་ཆ་འདི་༸གོང་ས་མཆོག་གིས་ Emotion གྱི་གོ་བ་དང་འབྲེལ་ནས་དྲི་བ་ཞིག་བཏང་གནང་བར་ཚན་རིག་པ་ Daniel Brown ནས་བསྐྱོན་པའི་ལན་འདེབས་ཤིག་ཡིན། An emotion has at least three necessary components: the felt bodily experience, the cognition or thought, and an expressive reaction. Ir you have just the bodily sense without the thought, for example, then it’s not an emotion because the thought helps distinguish the kind of emotion. If you have just a thought without a bodily sense, that’s not an emotion either.
གུ་ཡངས་ས་ནས་བཤད་ན་བོད་སྐད་ཐོག་གི་ཚོར་བ་ཞེས་པའི་ཐ་སྙད་འདི་ཡུལ་གང་ཞིག་ཚོར་མཁན་ཞིག་དང་མྱོང་མཁན་ཞིག་གི་སྟེང་ནས་གོ་སྐབས་ཞིག་ཡོད་པ་རེད། འོན་ཀྱང་གཞུང་ལུགས་ཀྱི་འགྲོ་ལུགས་ནང་བཞིན་བྱས་ན་དེ་འདྲའི་གོ་བ་ཙམ་ཞིག་མིན་པར་སེམས་བྱུང་ཀུན་འགྲོ་ལྔའི་ནང་གི་ཚོར་བ་ལ་གོ་དགོས་པ་ཡིན། དེར་བརྟེན་དེང་དུས་ཀྱི་Emotionདང་གོ་དོན་གང་ས་ནས་མི་འདྲ་བ་ཆགས་པ་རེད།
དེ་བཞིན་སེམས་ཚོར་ཞེས་བརྗོད་དུས་ཀྱང་ལུས་ཚོར་སོགས་ལས་བརྒལ་ཏེ་ནང་ཡིད་ཀྱི་ཤེས་པ་ལ་བརྟེན་པའི་ཡུལ་མྱོང་གི་བློའི་རིགས་ཤིག་དང་དེ་ཡང་བསམ་བློའི་གནས་བབ་ལྷིང་འཇགས་དང་རང་བཞིན་དུ་གནས་པ་ལས་ཅུང་ཟད་འཕགས་ཏེ་གཡོ་བའི་འགྱུ་བ་གང་ཙམ་ཡོད་སྐབས་ཀྱི་མྱོང་རྟོགས་ཀྱི་རིགས་ཤིག་ལ་གོ་ཡིན་ཡོད་པ་རེད།
འདི་ལྟར་ན་ཡང་Emotionདང་མ་འདྲ་སའི་ཆ་མང་དུ་ཡོད་པ་ནི་གསལ་པོ་ཡིན་སྙམ།
གང་ལྟར་ཡང་Emotionགྱི་གོ་བ་དག་གཙང་ཞིག་ང་ཚོའི་བློར་འཆར་རྒྱུ་ཞིག་བྱུང་ཕྱིན་དེ་ནས་བཟུང་ཁོའི་དོད་དུ་ཚོར་བ་བསྐོལ་ཡང་འདྲ་སེམས་ཚོར་བསྐོལ་ཡང་འདྲ་སྐབས་ཐོག་སྒྲ་དེ་ཐོས་པ་དང་Emotion གྱི་གོ་བ་ཡོངས་རྫོགས་གསལ་ལྷང་ངེར་འཆར་རྒྱུ་ཞིག་ཡོང་ངེས་པ་ནི་ཆོས་ཉིད་ཡིན།
ད་དུང་དྲ་གྲོགས་ཚོས་དགོངས་ཚུལ་མང་ཙམ་གསུང་རོགས།
འཇིགས་མེད་བློ་གྲོས་ཀྱིས།
ལྷོ་ཕྲུག་སྣ་བོ་ཆེ་མཆོག་ཁྱེད་རང་རྒྱན་མཚན་རྩེ་ནས་ཕྱིན་ཏེ་རྒྱན་མཚན་རྩེ་རང་ལ་སླེབས་སོང་།
ད་བདེ་མོ་བྱོས་སསྐུ་ལས་ཁག་སོངས་།
ཁ་བརྡ་ཡག་པོ་བྱེད་གི་འདུག སེམས་ཚོར་དང་སེམས་འགྱུ་གཉིས་ལན་ཤོས་འདྲ་ཞིག་འདུག དབང་ཤེས་ཟེར་ནས་ཡིད་ལ་ལྟོས་མ་དགོས་པའི་ཚོར་བ་ཡན་གར་བ་རང་སྐྱ་ཐུབ་པ་ཞིག་ཡོད་པར་བརྗོད་པ་དེ་ལ་ཡིད་ཆེས་མེད།
ཁ་སང་བརྗོད་པ་མཐའ་མ་དེའི་འགྱུར་མ་གཏོགས་འཚོ་བྱེད་བུ་ལགས་ནས་གང་བསྒྱུར་བ་དེ་ཚོ་ཡག་པོ་འདུག་ལབ་པ་ཡིན།
འོན་ཀྱང་། དྲ་གྲོགས་ཚོས་བགྲོ་གླེང་ཡག་པོ་གནང་འདུག་པ་མ་ཟད་ཚིག་འབྲེལ་ཡང་མ་འདྲ་བ་རེ་འཁྱེར་ཡོང་གི་འདུག
ད་ནི་ངེད་ཀྱིས་ཀྱང་རྨོངས་འཆར་འགའ་སྤུངས་ཀྱི་ཡིན།
གོང་དུ་གངས་འདབས་ལགས་ནས། དེ་རྒྱན་ཚིག་དང་ད་ལྟ་བ་བྱེད་བཞིན་པའི་བྱ་ཚིག་རེད་གསུང་འདུག
དེ་རྒྱན་ཚིག་དང་མིང་ཚིག་རེད་མ་གཏོགས་ད་ལྟ་བ་བྱེད་བཞིན་པའི་བྱ་ཚིག་མ་རེད། རྒྱུ་མཚན་གང་གིས་ཞེ་ན།
དེ་ད་ལྟ་བྱེད་བཞིན་པའི་བྱ་ཚིག་ཆགས་དགོས་ན། མིང་ཚིག་གམ་རྒྱན་ཚིག་འདིའི་སྔོན་ལ་ངེས་པར་དུ་བྱ་ཚིག་གི་གྲོགས་Helping verb; (is, are, was, were, will be, would be, should be, might be, can be )སོགས་གང་རུང་ཞིག་ངེས་པར་དུ་སྦྱར་དགོས་ཀྱི་ཡོད་རེད།
ཡང་གངས་འདབས་ལགས་ནས། (depression ) དེ་ནི་ག་དུས་ཡིན་ཡང་ཡིད་ཞུམ་ཡོད་དུས་སྤྱོད་པའི་ཐ་སྙད་ཞིག་རེད་གསུངས་འདུག འོན་ཀྱང་། (depression) དེ་ག་དུས་ཡིན་ན་མ་རེད།
(depression )ཟེར་བ་དེ་ག་དུས་ཡིན་ན་ཡིད་ཞུམ་པའི་དོན་ལ་སྤྱོད་པའི་ཐ་སྙད་ཞིག་མིན་པའི་རྒྱུ་མཚན་ནི་དཔལ་འབྱོར་རིག་པའི་ཐོག་ནས་རེད། དཔལ་འབྱོར་རིག་པའི་ནང་དུ་(depression )ཟེར་ན་ཉམས་རྒུད་ཀྱི་སྐོར་ནས་གླེང་གི་ཡོད་རེད་མ་གཏོགས་ཡིད་ཞུམ་མ་ཞུམ་གྱི་དོན་དག་བཤད་ཀྱི་ཡོད་མ་རེད། དཔེར་ན། (great depression)ཟེར་དུས་ཕྱི་ལོ་༡༩༣༠གཡས་གཡོན་ཏུ་བྱུང་བའི་འཛམ་གླིང་སྤྱི་ཡོངས་ཀྱི་དཔལ་འབྱོར་ཉམས་རྒུད་དེ་ལ་གོ་གི་ཡོད་པ་རེད། འདི་ཞོར་འཕྲོས་ཙམ་ཡིན་།
དབྱིན་ཡིག་གི་ཐ་སྙད་ཕལ་ཆེ་བར་འགྲེལ་བཤད་གཅིག་མ་གཏོགས་མེད་པ་དེ་འདྲ་ཡོང་གི་མ་རེད། ཚིག་མཛོད་བསྔོགས་ན་ཡང་དེ་མཚུངས་རེད། ཉུང་མཐར་ཡང་འགྲེལ་བཤད་མ་འདྲ་བ་གཉིས་གསུམ་འཁྱེར་ཡོང་གི་རེད། གཙོ་བོ་དབྱིན་ཡིག་གི་ཐ་སྙད་དེ་ཚོར་གོ་བ་ལེན་དུས། ཐ་སྙད་དེ་བེད་སྤྱོད་གཏོང་སའི་ཁྱབ་ཁོངས་དེ་ལ་བསམ་བློ་བཏང་ནས་བསྒྱུར་ན་དོན་གྱི་སྒང་གི་འབབ་གི་རེད་སྙམ།
ནོར་བཅོས། ཚིག་འགྲེལ།
དཔལ་འབྱོར་མིའི་སྤྱི་ཚོགས་ཀྱི་སྲོག་དང་དབུགས་ནང་བཞིན་ལྟ་མཁན་ཞིག་ཡིན་ན་དཔལ་འབྱོར་ནང་ depression ཟེར་དུས་དཔལ་འབྱོར་ཉམས་རྒུད་རང་མ་གཏོགས་གཞན་དེ་དང་འབྲེལ་བའི་མིའི་སེམས་ཁམས་སོགས་ལ་འབྲེལ་བར་ལྟ་བའི་མྱིག་རྡོ་གཉིས་ཞར་བསྡད་ཡོད་པ་རེད།
དཔལ་འབྱོར་ཁོ་ན་ལས་ལྡོག་སྟེ་མི་དང་མིའི་སྤྱི་ཚོགས་ལ་ལྟ་བའི་མཉེས་གཤིན་དང་བའི་མིག་དང་ལྡན་པ་ཞིག་ཡིན་ཕྱིན་དཔལ་འབྱོར་ཉམས་རྒུད་དེ་གཙོ་བོ་མིན་པར་དེའི་རྒྱབ་ལོགས་ཀྱི་མི་དང་མིའི་སྤྱི་ཚོགས་དང་དེ་དག་གི་བསམ་བློའི་དཀའ་ངལ་དེ་ཡིད་ལ་ཐེངས་དང་པོར་འཆར་བར་ངེས།
དེས་ན་གོང་གསལ་གྱི་ depression ཉམས་རྒུད་ལ་སྒྱུར་མཁན་དེ་ནི་དཔལ་འབྱོར་ཉམས་རྒུད་གཅིག་པོ་མ་གཏོགས་མིའི་སྤྱི་ཚོགས་ཀྱི་སེམས་ཁམས་མི་མཐོང་ཞིང་། ཐ་སྙད་ཀྱི་འབྱུང་ཁུངས་དང་འཕེལ་རིམ་ལ་དཔྱོད་པའི་བློ་མིག་ལྡོང་བ་ཞིག་ཏུ་ངེས། དེས་ན་བློ་མིག་ལྡོང་བྱེད་དེའང་དཔལ་འབྱོར་རང་ལ་མིག་གཅེར་རྒྱུ་མང་དྲགས་པ་རེད། དངོས་པོ་གང་ཞིག་ཐོག་མིག་གཅེར་རྒྱུ་མང་དྲགས་ན། དེ་ནས་ཧོབ་ཏེ་སྒང་ལ་དངོས་པོ་གཞན་ཞིག་ལ་ལྟ་བའི་ཚེ་ཁྱེད་ཀྱི་མིག་ཟུང་གཉིས་རབ་རིབ་ཏུ་གྱུར་ཏེ་གསལ་བོ་མི་མཐོང་བ་དེ་བཞིན་རེད།
དཔལ་འབྱོར་ནང་ depression ཟེར་བ་ནི། དཔལ་འབྱོར་ཉམས་རྒུད་དེ་དེའི་རྒྱབ་ལོགས་ཀྱི་མི་དང་མིའི་སྤྱི་ཚོགས་ཀྱི་སེམས་ཁམས་དང་འབྲེལ་བསྡད་ཡོད་པ་དེ་དཔལ་འབྱོར་རང་སེམས་ལ་སྒོམ་མཁན་ཞིག་ཡིན་ན་སེམས་ངོར་འཆར་མི་སྲིད་པའི་དེང་རབས་དཔལ་འབྱོར་བ་ཚོའི་རང་གཤིས་དེ་སྤྱི་ཚོགས་ཀྱི་བརྟག་གཞིར་ཕུལ་བ་ཞིག་ལས་གཞན་མ་འདས།
ཉིན་ཞིག་འཛམ་གླིང་གང་སར་འཇིགས་སྐུལ་རིང་ལུགས་པ་ཕྱོགས་གང་སར་བྱུང་བ་ཡིན་ཏེ་ང་ཚོའི་སྤྱི་ཚོགས་ལ་དཀའ་ངལ་འཕྲད་པ་ཡིན་ན། ཐ་སྙད་འདི་གས་གཏོར་མང་བའི་དོན་ཞིག་ལའང་འགྱུར་མི་སྲིད་པ་མ་རེད།
ཐ་སྙད་ཟེར་བ་འདིའང་མི་ཞིག་ནང་བཞིན་ཕ་མེས་ཡང་མེས་ཡོད་པ་དང་། བུ་རབས་ཚ་རྒྱུད་ཕྱོགས་དང་ཕྱོགས་སུ་གྱེས་བཞིན་པའི་མི་ཕལ་བ་ཞིག་དང་སྦྱར་ནས་འགྲེལ་བརྗོད་བྱས་ན་འོས་ཤོས་སུ་མཐོང་།
གོང་དུ་ depression ཞེས་པ་འདི་དཔལ་འབྱོར་དང་འབྲེལ་སྐབས་ སེམས་ཞུམ་པའི་དོན་ཡོད་མ་རེད་ཅེས་གསུངས་འདུག དེ་ལ་ཡང་བརྩད་གཅོད་ཅིག་གནང་རོགས། ངས་གསར་འགྱུར་ཐོག་ནས་གོ་བ་ནི་འདི་ལ་ཡང་སེམས་ཞུམ་པའི་དོན་ཡོད་པ་མ་ཟད། སྤྱི་ཚོགས་ཡོངས་རྫོགས་སེམས་ཞུམ་པའི་དོན་ཡོད་རེད་ཅེས་གོ་བྱུང་། དཔལ་འབྱོར་གྱི་བརྒྱ་ཆའི་སྐོར་ཅིག་བཤད་ནས་དེ་ནི་ཉོ་མཁན་ཡིན་པ་དང་། ཉོ་མཁན་གྱི་སེམས་ཞུམ་པའི་སྐོར་ཡང་བཤད་ཀྱིན་འདུག ང་ལ་གོ་ནོར་ཐེབས་པ་རེད་དམ། འདི་དྲི་བ་ཞིག་ཡིན་ལགས།
འཇིགས་སྐུལ་རིང་ལུགས་པ་ཕྱོགས་གང་སར་བྱུང་བ་ཡིན་ཏེ་ཞེས་པ་གང་སར་བྱུང་སྟེ་ཞེས་བཅོ་བར་བྱ།
འབྲོག་རྒན་མགོན་ཕྱག་དང་དགེ་རབ་གཉིས་ཀྱི་དོགས་སློང་འདི་གཞི་ནས་བྐླགས་རྒྱུ་བྱུང་།
ནང་ལས་དེ་ཚར་བཅུག་དང་། ངེད་ཀྱི་བསམ་ཚུལ་ཁྱོད་གཉིས་ཀྱི་མདུན་ལ་བཞག་ཆོག
རེད་རེད། ཁྱོད་གཉིས་ཀྱིས་མིའི་སེམས་ཁམས་ལ་གཙོ་འགན་ཁུར་ནས་བརྗོད་འདུག རེད་རེད། བྱང་ཆུབ་སེམས་དཔའ་ཁྱོད་གཉིས། ཧ་ཧ། ཨ་ལ་ཀུ་རེ་ཡིན་ད།
ཁྱེད་རང་གི་དྲིན་ཆེན་ཕ་མ་གཉིས་ཀྱིས་གནང་བའི་ཡ་ཐོད་ཀྱི་ཐོ་རེངས་སྐར་ཆེན་ལྟ་བུའི་གསལ་བྱེད་ཀྱི་མིག་དེ་གཉིས་དཔལ་འབྱོར་ཁོ་ནས་བསླད་པ་ཡིན་ན་མི་ལ་མིག་གཉིས་ཡོད་པ་དོན་མེད་རེད།
(Great depression )ལབ་དུས་དཔལ་འབྱོར་ཉམས་རྒུད་ཀྱི་དོན་གཙོ་བོར་སྟོན་གྱི་ཡོད་རེད་དམ་དཔལ་འབྱོར་ཡིད་ཞུམ་ལབ་ན་དོན་གྱི་གནད་ལ་འབེབ་ཀྱི་ཡོད་མེད་ལ་དགེ་རབ་དང་འབྲོག་རྒན་ཁྱོད་གཉིས་ཀས་བསམ་བློ་ཐོངས་། དེ་གཅིག་ཡིན། ཁྱེད་ཀྱི་ར་བཟི་བའི་སྤྱན་གསལ་ལ་མི་གསལ་ལ་དེ་ལས་གསར་བུ་ངའི་མིག་དབང་དེ་རྣོ་བ་ཡོད། དེ་གཉིས་ཡིན།
སྤྱིར་བཏང་ནས་དཔལ་འབྱོར་གྱི་སྐོར་ནས་བཤད་དུས་ཡར་ལ་འཕར་མ་འཕར་དང་མར་ལ་ཉམས་མ་ཉམས་ཀྱི་སྐད་ཆ་གཅིག་པོ་མ་རེད། བཟང་སྤྱོད་ཟེར་བ་ཞིག་ཀྱང་ལམ་ལུགས་དེའི་ཁོངས་སུ་དགོས་ཀྱི་འདུག་སྙམ་པའི་བསམ་ཚུལ་དེ་ངེད་སྔ་མོ་ནས་ཡོད་རེད། ཡོད་པའི་ཁུངས་དེ་ངེད་ཀྱིས་བྲིས་བའི་ཨ་རིའི་དཔལ་འབྱོར་ཉམས་རྒུད་ཀྱི་སྐོར་དེ་རུ་གསལ་ཡོད་ལ་ཁ་སྔོན་རླུང་འཕྲིན་གྱི་སྒང་ལ་ཡང་དེ་ལྟར་བཤད་ཡོད། བཟང་སྤྱོད་ཟེར་བ་ཞིག་དེའི་ཁོངས་ལ་དགོས་ཀྱི་འདུག་བརྗོད་དོན་ཡང་མཐར་གཏུགས་ན་ཁྱེད་གཉིས་ཀྱི་ཡིད་ཞུམ་དེ་སྐྱོབ་པའི་སླད་དུ་ཡིན།
དྲང་མོར་བཤད་ན། མཚམས་ལན་རེར་འབྲོག་རྒན་ཆང་འཐུང་ཁྱེད་ཀྱིས་གཞན་གྱི་བསམ་ཚུལ་ཞིབ་ཚགས་མ་ྐློག་པར་མཆན་བུ་འདེབས་རྐྱང་བྱེད་ཀྱི་འདུག
དོ་དགོང་ཡང་ཕལ་ཆེར་ཁྱེད་རང་ར་བཟི་ཡོད་པ་འདྲ། ར་བཟི་བ་དང་ཁོང་ཁྲོ་ལངས་བའི་སྐབས་སུ་མ་གཏོགས་འབྲོག་རྒན་ཁྱོས་བསམ་ཚུལ་འབྲི་གི་མ་རེད་ལ་མཆན་བུ་ཡང་འདེབས་ཀྱི་མ་རེད། བསྐྱར་དུ་ཁྱེད་ལ་ཀུ་རེ་ཐེངས་གཅིག་བྱས་བ་ཡིན།
གོང་གི་ངེད་ཀྱི་སྐད་ཆ་ཇི་སྙེད་ཅིག་འབྲོག་རྒན་མགོན་ཕྱག་གམ་མགོན་པོ་ཚེ་རིང་ལགས་ལ་ཀུ་རེ་བྱས་བ་རང་ཡིན། རྒྱུ་མཚན། ཁོང་ནི་འབྲོག་པ་ཁ་རུ་ཁ་ཐུག་དེ་འདྲ་རེད།
ཁ་རུ་ཁ་ཐུག་གི་གཤིས་ཀ་དེ་ལ་ངེད་ཀྱང་འཐད། ཤིན་ཏུ་ནས་འཐད། ཁ་རུ་ཁ་ཐུག་གི་གཤིས་ཀ་དེ་ལ་གུས་བཀུར་ཡང་བྱེད་ཀྱིན་ཡོད།
ད་ནི་ཁྱེད་གཉིས་ལ་ཀུ་རེ་རྩེད་རྒྱུ་མཚམས་བཞག་ནས་བསམ་ཚུལ་དངོས་ཀྱི་སྒང་ལ་འབབ་གི་ཡིན།
དགེ་རབ་ལགས་དང་མགོན་ཕྱག་ལགས་གཉིས་ཀྱི་བསམ་ཚུལ་ནི། (depression ) ཟེར་བའི་ཐ་སྙད་འདི་དཔལ་འབྱོར་གྱི་ནང་ལ་འཁྱེར་ཡོང་བ་ཡིན་ན་ཡང་། ཡིད་ཞུམ་པའི་དོན་ཞིག་སྟོན་གྱི་ཡོད་པའམ་ཡང་ན་དེའི་དོན་ཞིག་ཀྱང་ཤུགས་ལ་ཡོང་དགོས་ཀྱི་རེད་ཟེར་བ་དེ་རེད།
དེ་ལ་རྒྱུ་མཚན་མེད་པ་མ་རེད། འོན་ཀྱང་། (great depression ) ཟེར་དུས། ༡༩༣༠ཡས་མས་ཀྱི་འཛམ་གླིང་སྤྱི་ཡོངས་ཀྱི་དཔལ་འབྱོར་ཉམས་རྒུད་དེ་ལ་གོ་གི་ཡོད་པ་རེད།
དེའི་སྐབས་ཀྱི་དཔལ་འབྱོར་ཉམས་རྒུད་ལབ་དུས། བཟོ་གྲ་ཁག་གི་ཅ་དངོས་ཐོན་སྐྱེད་ཀྱི་གྲངས་ཚད་ཆགས། ལྕི་བའི་བཟོ་ལས་ལ་བརྟེན་པའི་བཟོ་གྲ་མང་པོའི་སྒོ་བརྒྱབ། ལས་བཟོ་བའི་ལས་ཀ་ཤོར། ནུས་བའི་འབྱུང་ཁུངས་བེད་སྤྱོད་ཀྱི་འབོར་ཆུང་དུ་ཕྱིན། རྒྱལ་ཁབ་ཕན་ཚུན་དབར་གྱི་ཚོང་ཟོག་སྐྱེལ་འདྲེན་བསྐུམས། ཡོ་རོབ་ཤར་ནུབ་དང་བྱང་ཨ་རི་གཙོས་བའི་ནུབ་ཕྱགས་རྒྱལ་ཁབ་ཁག་གི་ནང་དུ་སྐྱབས་བཅོལ་བའི་གྲངས་ཚད་འཕར་བ་སོགས་གནས་སྟངས་སྤྱི་ཡོངས་དེ་ལ་( great depression ) ལབ་ཀྱི་ཡོད་རེད་། དེར་བརྟེན། འདི་ལ་དཔལ་འབྱོར་ཉམས་རྒུད་ལབ་ན་གནས་སྟངས་སྤྱི་ཡོངས་དེ་སྟོན་ཐུབ་ཀྱི་རེད་མ་གཏོགས་ཡིད་ཞུམ་མ་ཞུམ་གྱི་སྐད་ཆ་འདི་གཅིག་པོ་གཞི་རྩར་བཟུང་ན་དེས་གནས་སྟངས་སྤྱི་ཡོངས་སྟོན་ཐུབ་གི་མ་རེད། ལས་བཟོ་བའི་ལས་ཀ་ཤོར་ན། ཡིད་ཞུམ་དང་ཞུམ་དང་། སེམས་སྐྱོ་དང་སྐྱོ། གདུང་བས་མནར་དང་མནར། འོན་ཀྱང་། རྒྱུ་མཚན་དེ་གཙོ་བོར་བཟུང་ནས་འདིའི་སྐབས་ཀྱི་ ( depression ) ལབ་ན། ཡིད་ཞུམ་ཀྱི་དོན་དེ་ཡོང་དགོས་རེད་ལབ་ན། ཁྱབ་ཆུང་བ་རེད། དཔལ་འབྱོར་སྤྱི་ཡོངས་ནས་ཉམས་རྒུད་ཕྱིན་པ་ལ་བརྟེན་ནས་ཡིད་ཞུམ་པ་དང་སྐྱོ་བ། མནར་བ་བཅས་ནས་ཡོང་བ་ནི་བརྗོད་མ་དགོས་བ་ཞིག་རེད། དཔེར་ན། ( geat depression )སྐབས་སུ་འཛམ་གླིང་སྤྱི་ཡོངས་ཀྱི་ལས་བཟོ་བའི་གྲངས་འབོར་གྱི་བརྒྱ་ཆ་༢༥ཙམ་ལས་མེད་ཆགས་པ་རེད་ལབ་ཀྱི་ཡོད་རེད། འདི་ཞོར་འཕྲོས་ཡིན། མདོར་དོན། ངེད་ཀྱིས་( depression ) བརྗོད་ན་ཡིད་ཞུམ་མ་རེད་ལབ་ཀྱི་མེད། འོན་ཀྱང་། ཐ་སྙད་འདི་དཔལ་འབྱོར་རིག་པའི་ནང་ལ་འཁྱེར་ཡོང་ན་ཡིད་ཞུམ་མ་ཞུམ་གྱི་དོན་གཙོ་བོར་སྟོན་གྱི་ཡོད་མ་རེད་ལབ་ཀྱི་ཡོད། མེད་པའི་རྒྱུ་མཚན་གོང་གི་དེ་ཡིན།
ཞོར་ལ་གསར་བུ་ངས་རྒད་པོ་ཁྱོད་གཉིས་ལ་དོགས་སློང་ཆུང་ཆུང་ཞིག་ཞུ་གི་ཡིན།
ཁྱེད་གཉིས་ཀྱི་བསམ་ཚུལ་ནང་བཞིན། དཔལ་འབྱོར་གྱི་དཀའ་ངལ་འཕྲད་པའམ་དཔལ་འབྱོར་ཉམས་རྒུད་དུ་ཕྱིན་པའི་སྐབས་སུ། ཡིད་ཞུམ་པའི་དོན་ཞིག་ཞོར་ལ་སླེབས་དགོས་བ་གཅིག་པོར་བསམ་བློ་བཏང་ན། དཔེར་ན། ( economic deflation )ཟེར་དུས་ཁྲོམ་ར་སྤྱི་ཡོངས་ནས་ཅ་དངོས་ཀྱི་རིན་གོང་མར་ཆགས་པ་ལ་བརྗོད་ཀྱི་ཡོད་པ་རེད། ཅ་དངོས་ཀྱི་རིན་གོང་དེ་ཡང་མར་ཆགས་པ་ཙམ་མ་ཡིན་པར་མུ་མཐུད་ནས་ཆགས་པ་དེ་ལ་ཟེར་གྱི་ཡོད་རེད། ཅ་དངོས་ཀྱི་རིན་གོང་མུ་མཐུད་ནས་མར་ཆགས་པ་ལ་བརྟེན་ནས། བཟོ་གྲ་ཁག་གི་ཐོན་སྐྱེད་ཀྱི་གྲངས་འབོར་མར་ཆགས་ཡོང་གི་ཡོད་པ་རེད། ཐོན་སྐྱེད་ཀྱི་གྲངས་འབོར་མར་ཆགས་ན། ལས་མེད་ཀྱི་གྲངས་འབོར་འཕར་རྒྱུ་ཡིན་པ་ནི་བརྗོད་མ་དགོས་བ་ཞིག་རེད། འདིའི་རྒྱབ་ན་ཡང་ཡིད་ཞུམ་ནི་ཡོད་ཡོད་པ་ཞིག་རེད། མ་རེད་དམ།
དེ་ནས། ( economic inflation ) ལབ་ན། ཁྲོམ་ར་སྤྱི་ཡོངས་ནས་ཅ་དངོས་ཀྱི་རིན་གོང་ཡར་འཕར་བ་ལ་བརྗོད་ཀྱི་ཡོད་པ་རེད། ཅ་དངོས་ཀྱི་རིན་གོང་དེ་ཡར་འཕར་བ་ཙམ་མ་ཡིན་པར་མུ་མཐུད་ནས་བསྟུད་མར་ཡར་འཕར་བ་ལ་ཟེར་གྱི་ཡོད་པ་རེད། ཡར་འཕར་སྟངས་དེ་ཡང་ཁྲོམ་རའི་རིན་གོང་(market price )གི་སྒང་ལ་རྒྱུན་མཐུད་ནས་འཕར་བ་དེ་ལ་བརྗོད་ཀྱི་ཡོད་པ་རེད། ཅ་དངོས་ཀྱི་རིན་གོང་བླ་ལྷག་འཕར་བ་ཡིན་ན། ཉོ་མཁན་མང་པོ་ཞིག་གི་ལག་པ་བསྐུམས་དགོས་ཆགས་ཀྱི་ཡོད་པ་ནི་བརྗོད་མ་དགོས་བ་ཞིག་རེད། འདིའི་རྒྱབ་ན་ཡང་ཡིད་ཞུམ་ནི་ཡོད་ཡོད་པ་ཞིག་རེད། འོ་ན།
( economic deflation དང་ economic inflation )འདི་གཉིས་ལ་ཡང་ཡིད་ཞུམ་ལབ་ན་དོན་ལ་གནས་ཀྱི་རེད་དམ། དེ་ཙམ་ཡིན།
དེ་རིང་དཔལ་འབྱོར་གྱི་སྐོར་ནས་ཅུང་ཙམ་བཤད་རྒྱུ་བྱུང་བར་དགའ་སྤྲོ་བྱུང་། སང་ཉིན་གནངས་ཉིན་ནས་བཟུང་། ངེད་ཀྱིས་ཀྱང་དུས་ཚོད་དང་བསྟུན་ནས་དཔལ་འབྱོར་རིག་པའི་རྨང་གཞིའི་ཤེས་བྱ་ནས་འགོ་བཙུགས་ཏེ་དྲ་གྲོགས་ཚོ་དང་མཉམ་དུ་གླེང་མོལ་ཞུ་གི་ཡིན། དེ་དུས། དགེ་རབ་དང་མགོན་ཕྱག་གཉིས་ཀ་ངེད་ཀྱི་སྐུ་མགྲོན་གཙོ་བོ་གཉིས་ཡིན། ད་གཉིད་གི་ཡིན།
ད་ལྟ་བསྐྱར་དུ་སྒང་གི་མཆན་བུ་རྣམས་ྐློག་པའི་སྐབས་སུ།
ངེད་ཀྱི་མཆན་བུ་༡༥བའི་ཁོངས་སུ་། དབྱིན་ཚིག( hurrying )དེ་ཆད་འདུག
དེ་བསྐྱར་དུ་བཀོད་ན་འདི་ལྟར། གོང་དུ་གངས་འདབས་ལགས་ནས། ( hurrying ) དེ་རྒྱན་ཚིག་དང་ད་ལྟ་བ་བྱེད་བཞིན་པའི་བྱ་ཚིག་རེད་གསུང་འདུག
( hurrying )དེ་རྒྱན་ཚིག་དང་མིང་ཚིག་རེད་མ་གཏོགས་ད་ལྟ་བ་བྱེད་བཞིན་པའི་བྱ་ཚིག་མ་རེད། རྒྱུ་མཚན་གང་གིས་ཞེ་ན།
( hurrying )དེ་ད་ལྟ་བྱེད་བཞིན་པའི་བྱ་ཚིག་ཆགས་དགོས་ན། མིང་ཚིག་གམ་རྒྱན་ཚིག་འདིའི་སྔོན་ལ་ངེས་པར་དུ་བྱ་ཚིག་གི་གྲོགས་Helping verb; (is, are, was, were, will be, would be, should be, might be, can be )སོགས་གང་རུང་ཞིག་ངེས་པར་དུ་སྦྱར་དགོས་ཀྱི་ཡོད་རེད།
ཁྱེད་རང་གིས་དཔལ་འབྱོར་དང་འབྲེལ་ནས་རྗོད་བཞིན་པའི ་depression གྱི་ཚིག་འདིས་ཐ་སྙད་རང་སྟེང་ནས་དཔལ་འབྱོར་དང་འབྲེལ་བའི་སེམས་ཁམས་དེ་སྟོན་ཐུབ་ཀྱི་འདུག
དེ་མིན ་inflation དང་ deflation གཉིས་ཐ་སྙད་རང་སྟེང་ནས་སེམས་ཁམས་དང་འབྲེལ་བ་ཡོད་པ་མི་ཤེས་དཀའ།
འབྲོག་རྒན་ཁྱོད་ཀྱིས་མི་ཤེས་ན། ཁ་ནང་ལ་མཛུ་གུ་རྒྱོབ་ནས་སྡོད།
ཨ་ལ་ཀུ་རེ་ཡིན།་ སྒང་གི་ཁྱེད་ཀྱི་མཆན་བུ་དེའི་གོ་བ་ངེད་ཀྱིས་ལོན་མ་སོང་། དེར་བརྟེན།
གནས་སྐབས་ལ་ལན་རྒྱག་རྒྱུ་ཅང་མེད། ད་ཉིན་གུང་ཞལ་ལག་མཆོད་དུ་འགྲོ་གི་ཡིན་།
སོ་སོས་སོ་སོར་ཞེ་ས་འདྲ་མ་བརྒྱབ་ན། འདི་བ་ནས་ཞེ་ས་རྒྱག་མཁན་འདྲ་རེག་གི་མི་འདུག
རིག་འབྱུང་གི་ཨེ་རླུང་དྲི་བ་དྲི་ལན་དེར་ཉན་པ་ཡིན། ཆབ་སྲིད་དཔྱད་བརྗོད་པ་ཞིག་ཀྱང་རེད་ལ། ཀུ་རེ་ཡིན།
ད་བར་ཁ་བརྡ་ཐོག་ཡོང་ཐུབ་མ་སོང་།
གངས་འདབས་ལགས་ནས། Hurryingནི་རྒྱན་ཚིག་དང་ད་ལྟ་བ་བྱེད་བཞིན་པའི་བྱ་ཚིག་རེད་ དེ་ལ་ བྲེལ་བ་ཚ་བའི་ ཡང་ན་བྲེལ་བ་ཚ་བཞིན་་ལྟ་བུ་མན་འགྲོ་ ཟེར་བར། དབྱིན་ཡིག་གི་རྗེས་འཇུག ing བྱ་ཚིག་གི་མཐར་སྦྱར་བས་བྱ་ཚིག་དེ་མིང་ཚིག་དང་རྒྱན་ཚིག་ཏུ་ཆགས་འགྲོ་ལ་དེར་ gerund ཞེས་འབོད་ཀྱི་ཡོད།
ཕྱི་ལུགས་སེམས་ཁམས་རིག་པ་བ་ཚོས་ Depression ལ་ anxious depression དང་ agitated depression ། sluggish depression བཅས་སེམས་སྡུག་ཅན་དང་ཁྲོང་ཁྲོ་ཅན། རྨོངས་འཐིབས་ཅན་གྱི་ཡིད་ཞུམ་བཅས་རིགས་ཆེན་པོ་གསུམ་དུ་དབྱེ་སྲོལ་ཡོད། དེ་ལ་བོད་སྨན་གཞུང་གི་རྣམ་གྱུར་རླུང་མཁྲིས་བད་ཀན་གསུམ་སྦྱར་ཏེ་འགྲེལ་བཤད་བརྒྱབ་ཆོག depression ནི་ག་དུས་ཡིན་ཡང་ཡིད་ཞུམ་ཡོད་དུས་སྤྱོད་པའི་ཐ་སྙད་ཞིག་རེད་ ཅེས་པ་བདེན་མོད། དེ་ཡོད་པ་ཙམ་གྱིས་རླུང་ལངས་བདེ་བོ་ཆགས་དགོས་པའི་ངེས་པ་མེད་པར་མགོ་འཐོམ་རྨོངས་པ་དང་དངངས་སྐྲག་ཁོ་ན་མ་གཏོགས་རླུང་ལངས་རྒྱུ་མེད་པ་ཡང་ཡོད།
ལྷོ་ཕྲུག་སྣ་བོ་ཆེ་ནས་སེམས་ཚོར་སྐོར་སངས་རྒྱས་ཆོས་ལུགས་དང་འབྲེལ་ནས་མོལ་མཆིད་གནང་བར་ཐུགས་རྗེ་ཆེ། བོད་སྨན་གཞུང་དུ་ནད་རིགས་སྤྱི་ལ་ལུས་ཀྱི་ནད་དང་སེམས་ཀྱི་ནད་ཅེས་དབྱེ་ཡོད་ནའང་སེམས་དང་འབྲེལ་བའི་ནད་གཞི་རིགས་གདོན་ནད་ཁོངས་སུ་བཅུག་ཡོད་པ་ཙམ་ལས་སེམས་ཀྱི་སྐོར་ལ་འགྲེལ་བཤད་རྒྱས་པོ་མེད། སངས་རྒྱས་ཆོས་ལུགས་ཏུ་བཤད་པའི་སེམས་དང་སེམས་བྱུང་གི་ཐོག་ནས་དེང་རབས་ཕྱི་ལུགས་པས་སྤྱོད་པའི་སེམས་དང་འབྲེལ་བའི་དོན་དག་མང་པོ་ཞིག་ལ་འགྲེལ་བཤད་རྒྱག་རྒྱུ་ཡོད་ཀྱི་རེད།
སེམས་དང་སེམས་བྱུང་ནི་གློག་དང་འོད་བཞིན་དུ། གཅིག་མེད་ན་གཞན་དེར་ནུས་པ་མེད་པ་དང་དོན་སྟོན་མི་ཐུབ་པ་གཅིགས་མཚུངས་རེད། སེམས་ཀྱིས་རང་ཡུལ་གྱི་དོན་གྱི་གཙོ་བོ་རིག་པར་བྱེད་པ་དང་། སེམས་བྱུང་གིས་རང་ཡུལ་གྱི་དོན་གྱི་བྱེ་བྲག་རིག་པར་བྱེད་ཀྱི་ཡོད་ཟེར་བ་དེ་དང་། ༸གོང་ས་མཆོག་གིས་ Emotion གྱི་དྲི་བ་ཞིག་བཏང་གནང་བར་ཚན་རིག་པ་ Daniel Brown གྱིས་བསྐྱོན་པ་བཞིན། སྒོ་ལྔའི་རྣམ་ཤེས་དང་་ཡིད་ཤེས་གཉིས་ཀ་ཟུང་དུ་ཞུགས་པའམ་དབང་ཤེས་ཁག་གིས་ཡིད་ཤེས་ལ་བལྟོས་ཏེ་བྱུང་བའི་ཚོར་བ་ཞིག་ལ་ Emotion ཟེར་གི་ཡོད་པ་འདྲ། དེ་ལྟར་སེམས་སམ་ཡིད་ཀྱི་རྣམ་པར་ཤེས་པ་གཙོ་བོ་བྱས་པའི་ཚོར་འདུ་ཞིག་ཡིན་པས་སེམས་ཚོར་གྱིས་ Emotion གོ་བཏུབ་ཀྱི་འདུག་སྙམ།
རིག་འབྱུང་ལགས། depression དང་འབྲེལ་ནས་དཔལ་འབྱོར་རིག་པའི་ depression ལ་བཤད་པ་གསལ་བོ་ཞུག་བྱས་པར་ཐུགས་རྗེ་ཆེ། ཡིན་ནའང་དཔལ་འབྱོར་དེ་མིའི་སྤྱི་ཚོགས་ཀྱི་སེམས་ཁམས་དང་འདུ་ཤེས་ལ་འབྲེལ་བ་ཆེན་པོ་ཡོད་པས། དཔལ་འབྱོར་ཇི་ཙམ་གྱིས་ཉམས་དམས་སུ་སོང་ན་དེ་ཙམ་གྱིས་སྤྱི་ཚོགས་སྤྱི་དང་མི་རེ་ངོ་རེའི་ནང་སེམས་པར་མནར་གདུང་ཐེབས་ཏེ་ཡིད་ཞུམ་དུ་འགྲོ་བ་ཡིན་པས། དཔལ་འབྱོར་ཉམས་གུད་ཆེན་པོའི་རིགས་ལ་ depression ཞེས་འདོགས་སྲོལ་ཆགས་པ་དེ་ཡང་སེམས་ཁམས་དང་འབྲེལ་བ་མེད་པ་ཡོང་མི་སྲིད།
ཨ་རོ། ད་རྒད་པོ་ཁྱེད་གསུམ་ཀས་ང་ཡག་པོ་བྱས་ནས་སྡོད་ཆུག་པ། ཨ་ལ་ཀུ་རེ་ཡིན།
ངེད་ཀྱིས་ (depression ) ལབ་ན་ཡིད་ཞུམ་གྱི་དོན་ལ་འཇུག་གི་མ་རེད་ལབ་མེད། གོང་དུ་ཡང་དེའི་སྐོར་ནས་ཁ་གསལ་ཞུས་ཡོད། འོན་ཀྱང་། ཐ་སྙད་དེ་དཔལ་འབྱོར་རིག་པའི་ནང་ལ་འཁྱེར་ཡོང་ན།
དཔལ་འབྱོར་ཉམས་དམས་དང་ཉམས་རྒུད་ཀྱི་དོན་ཤུགས་ཆེ་བ་སྟོན་གྱི་རེད་མ་གཏོགས་དཔལ་འབྱོར་གྱི་ཡིད་ཞུམ་པ་རེད་འདྲ་བོ་ལབ་ན་དོན་གྱི་སྒང་ལ་ཏག་ཏག་འབབ་ཐུབ་གི་མ་རེད་ལབ་ཀྱི་ཡོད། མེད་པའི་རྒྱུ་མཚན་གོང་དུ་བཀོད་ཡོད།
ཚན་རིག་པ་འདི་ཚོས་ཀྱང་སྐབས་རེར་བླུན་གཏམ་བརྗོད་གི་འདུག་ག ་་Daniel Brown གྱིས་བསྐྱོན་པ་བཞིན། སྒོ་ལྔའི་རྣམ་ཤེས་དང་་ཡིད་ཤེས་གཉིས་ཀ་ཟུང་དུ་ཞུགས་པའམ་དབང་ཤེས་ཁག་གིས་ཡིད་ཤེས་ལ་བལྟོས་ཏེ་བྱུང་བའི་ཚོར་བ་ཞིག་ལ་ Emotion ཟེར་གི་ཡོད་་ འདི་ལ་ངོས་ལེན་མེད།
བོད་ཡིག་གི་ཚིག་འགྲོས་ལྟར་ན་འམ་གྱིས་བསྡུས་སྔ་ཕྱིའི་དོན་གཉིས་འབབ་ས་གཅིག་པ་ཡིན་དགོས་ཀྱང་ ་་སྒོ་ལྔའི་རྣམ་ཤེས་དང་ཡིད་ཤེས་གཉིས་ཀ་ཟུང་དུ་ཞུགས་པ་་ ཟེར་བ་དང་། ་་དབང་ཤེས་ཁག་གིས་ཡིད་ཤེས་ལ་བལྟོས་ཏེ་བྱུང་བའི་ཚོར་བ་་ ཟེར་བ་འདི་གཉིས་ཀྱི་དོན་དག་རྦད་དེ་ལོགས་ཀ་རེད་འདུག་ག
དང་པོ་དེའི་དོན་ནི་སྒོ་ལྔའི་རྣམ་ཤེས་དང་ཡིད་ཤེས་གཉིས་མཉམ་དུ་ཚོགས་པའི་ཚོར་བ་ཞིག་ལ་གོ་བ་དང་། རྗེས་མ་དེའི་དོན་ནི་གཙོ་བོ་ཡིད་ཤེས་ལ་ལྟོས་ཏེ་བྱུང་བའི་དབང་ཤེས་ཁག་གི་ཚོར་བ་ཤོད་ཀྱི་མི་འདུག་གམ། དབང་ཤེས་ཁག་གིས་ཟེར་ནས་བྱེད་སྒྲ་སྦྱར་འདུག་ག
ཚིག་མཛོད་ཁག་ཏུ་ཇི་ལྟར་འགྲེལ་ཡོད་མེད་མི་ཤེས་ཀྱང་། ངས་ཤེས་པའི་ Emotion ནི་དབང་ཤེས་ལ་ལྟོས་ཏེ་བྱུང་བའི་ཡིད་ཤེས་ཀྱི་ཚོར་བ་ཞིག་རེད་ཅེས་བཤད་ན་ག་རེ་འགྲིགས་ཀྱི་ཡོད་པ་མ་རེད་ལན་ཞིག་རྒྱག་རོགས་གནང་།
འམ་གྱིས་བསྡུས་པའི་ཟེར་ནས་བཅོ་རོགས།
གོང་དུ་དྲ་གྲོགས་ཚོས་དགོངས་འཆར་ལ་གཞིགས་ན་མཐའ་མཇུག་གི་འབབ་ས་འཚོ་བྱེད་བུ་ལགས་ཀྱི་འགྱུར་ལ་ཐུག་ཡོད་ཀི emotionཚོར་བ་ཞེས་བསྒྱུར་ན་དངོས་ནས་གནས་ལུགས་དང་མཐུན་པར་འདོད། རྒྱུ་མཚན་ནི་ཚོར་བ་ལ་དབྱེ་ན་བདེ་སྡུག་བཏང་སྙོམས་གསུམ་ཡོད་ལ། དེ་ལ་ཡང་ལུས་སེམས་ཀྱི་རྟེན་གྱི་སྒོ་ནས་ཕྱེ་ན་རྣམ་པ་དྲུག་སྟེ། ལུས་ཚོར་གསུམ་དང་། སེམས་ཚོར་གསུམ་མོ། དེ་ལ་ལུས་ཚོར་དང་སེམས་ཚོར་གཉིས་ཀྱི་ཁྱད་པར་ནི་དབང་ཤེས་ལྔའི་འཁོར་དུ་བྱུང་བའི་ཚོར་བ་རྣམས་ལ་ལུས་ཚོར་ཞེས་བྱ་ལ། ཡིད་ཀྱི་རྣམ་པར་ཤེས་པའི་འཁོར་དུ་བྱུང་བའི་ཚོར་བ་རྣམས་ལ་སེམས་ཚོར་ཞེས་བྱའོ།ཡང་ཚོར་བ་ལ་རྟེན་གྱི་སྒོ་ནས་དབྱེ་ན་མིག་རྣ་སྣ་ལྕེ་ལུས་ཡིད་ཀྱི་ཡུལ་དབང་ཤེས་གསུམ་འདུས་ཏེ་རེག་པ་ལས་བྱུང་བའི་གཟུགས་ཚོར་སོགས་ཚོར་བ་དྲུག་དང་གཞན་སྤང་བླང་གི་སྒོ་ནས་དབྱེ་ན་ཞེན་པ་རྟེན་པའི་ཚོར་བ་དང་མངོན་པར་འབྱུང་བ་རྟེན་པའི་ཚོར་བ་གཉིས་སུ་དབྱེ་ཡོད་དོ།ཚོར་བ་ཤེས་དགོས་ན་ངེས་པར་དུ་སྔོན་ལ་ཀུན་འགྲོ་རེག་པ་ངེས་དགོས་པ་མདོ་ལས་རེག་པའི་རྐྱེན་གྱིས་ཚོར་བ་འབྱུང་ཅེས་བཤད་ཡོད་པས་ཕུང་བོ་ལྔའི་རབ་བཤད་ལས། རེག་པ་གང་ཞེ་ན། གསུམ་འདུས་ནས་ཡོངས་སུ་གཅོད་པ་སྟེ། གསུམ་ནི་དབང་བོ་དང་ཡུལ་དང་རྣམ་པར་ཤེས་པ་གསུམ་མོ། དེ་དག་རྒྱུ་དང་འབྲས་བུའི་དངོས་པོར་ལྷན་ཅིག་ཏུ་ཚོགས་པ་ནི་འབྲས་བུ་ཞེས་བྱ་སྟེ། ཡུལ་དང་དབང་བོ་རྣམ་པར་ཤེས་པ་གསུམ་ནི་རྒྱུ་ཡིན་ནོ།དེའི་རྒྱུལས་བྱུང་བའི་རེག་པ་ནི་འབྲས་བུ་ཡིན་ཏེ། གསུམ་འདུས་བའི་རྒྱུ་ལས་བྱུང་བའི་སེམས་ལས་བྱུང་བ་དེ་ལ་རེག་པ་ཞེས་བྱའོ།དེ་ལ་ཡིད་དང་དབང་བོ་རྣམ་པར་ཤེས་པ་གསུམ་དུསགཅིག་ཏུ་འདུས་པ་ལས་དེ་ཉིད་ཀྱི་དུས་ན་ཚོར་བ་གསུམ་སྐྱེ་བར་བྱེད་པ་དང་རྗེས་སུ་མཐུན་པའམ་ཚོར་བ་གསུམ་སྐྱེ་བའི་རྒྱུར་ལྟ་བུར་དབང་བོ་ཡོངས་སུ་འགྱུར་རོ། རེག་པའི་ལས་ནི་ཚོར་བའི་རྟེན་བྱེད་པ་ཡིན་པ་ཕུང་ཁམས་སྐྱེ་མཆེད་ཀྱི་རྣམ་གཞག་དུ་གསལ་བས་བོད་ལུགས་གསོ་རིག་གི་སྐབས་སུ་ངེས་པར་དུ་སེམས་དང་སེམས་བྱུང་གི་སྐོར་ལ་ངེས་ཤེས་ལེགས་པོ་ཞིག་འདྲོངས་རྒྱུ་ནི་གལ་ཆེན་རེད ། སྐབས་འདིར་འཚོ་བྱེད་བུ་ལགས་ཀྱིས་ཉེས་གསུམ་ལས་ནད་རྣམས་ཀུན་གྱི་སྣ་འདྲེན་དང་མཇུག་སྡུད་གཟུགས་རླུང་གི་ནད་རྟགས་འགའི་དབྱིན་འགྱུར་གྱི་སྐོར་ལ་དཔྱད་པ་གཏོང་ཀི་ཡོད་པ་འདྲ ། སྤྱིར་བོད་ཀྱི་གསོ་བ་རིག་པའི་གཞུང་དུ་ལུས་ནད་དང་སེམས་ནད་གཉིས་སུ་གསུངས་ཡོད་པ་ལས་སེམས་ནད་ཀྱི་བསྐོར་འདི་ནི་རླུང་གི་ནད་དང་འབྲེལ་ཆེ་བ་སྟེ་རྒྱུ་མཚན་ནི་རླུང་སེམས་གཉིས་ནི་གཅིག་ལ་གཅིག་བརྟེན་ནས་གནས་ཡོད་པས་གཡོ་བའི་ཆ་ནས་རླུང་དང་གསལ་བའི་ཆ་ནས་སེམས་ཞེས་བདག་གི་སློབ་དཔོན་སྔགས་འཆང་རྟ་མགྲིན་རྒྱལ་མཆོག་གིས་རྒྱུན་དུ་གསུངས་སོ། སེམས་ནད་ཀྱི་བསྐོར་གསོ་བཅོས་བྱེད་སྐབས་གཉེན་པོ་རླུང་སྨན་སྤྲོད་པ་ནི་བོད་ཀྱི་གསོ་རིག་གི་ཁྱད་ཆོས་རེད ། གལ་ཏེ་སེམས་ནད་རྗས་ཀྱིས་གསོ་ཐུབ་པར་བསམ་ན་དངོས་པོའི་གནས་ལུགས་དང་འགལ་ཡོད་པ་སྟེ་དེ་གཉིས་ཀྱི་རྒྱུ་མི་མཐུན་པས་སོ། དེ་བས་དྲན་པའི་དབང་བོ་གསལ་བར་བྱེད་པའི་རྩ་ཡི་ཁམས་དང་ཕྲ་བ་རླུང་གི་ཁམས་གསོས་ན་ཕན་པ་ནི་དངོས་པོའི་གནས་ལུགས་དང་མཐུན་པ་རེད །
དགེ་རྒན་ཚང་གི་བསྡུས་གྲ་དཔེ་ཁྲིད་གནང་དུས་ད་མིག་ཤིས་རྣ་ཤིས་སོགས་མང་པོ་ཞིག་གསུངས་སོང་ཡ་།
རྒྱུན་རིང་པོ་ཞིག་ལ་ཁ་བརྡ་ཐོག་སླེབས་ཐུབ་མ་སོང་། དྲ་གྲོགས་ཚང་མར་འཚམས་འདྲི་ཞུ།
རིག་འབྱུང་ལགས་ནས་དཔལ་འབྱོར་སྐབས་(depression ) དེ་དཔལ་འབྱོར་ཉམས་དམས་དང་ཉམས་རྒུད་ཀྱི་དོན་ཤུགས་ཆེ་བ་སྟོན་གྱི་རེད་ཅེས་བསྐྱར་འགྲེལ་གནང་བར་ཐུགས་རྗེ་ཆེ།
མགོན་ཕྱག་གིས། Daniel Brown གྱིས་བསྐྱོན་པ་བཞིན། སྒོ་ལྔའི་རྣམ་ཤེས་དང་་ཡིད་ཤེས་གཉིས་ཀ་ཟུང་དུ་ཞུགས་པའམ་དབང་ཤེས་ཁག་གིས་ཡིད་ཤེས་ལ་བལྟོས་ཏེ་བྱུང་བའི་ཚོར་བ་ཞིག་ལ་ Emotion ཟེར་གི་ཡོད་་ འདི་ལ་ངོས་ལེན་མེད། ཅེས་ཟེར་བར། མགོན་ཕྱག་འདི་ཚོར་སྐྱེན་ཞིག་འདུག ངས་ང་རང་གི་གོང་གི་མཆན་དུ་ཚན་རིག་པ་དེའི་ལན་བསྒྱུར་སྐབས་འགལ་འཛོལ་ཅུང་ཙམ་ཤོར་འདུག དེར་བརྟེན་གསལ་བཤད་ཅིག་བྱེད་འདོད་བྱུང། ཚན་རིག་པ་འདིས་སྒོ་ལྔའི་རྣམ་ཤེས་ཡོད་ཀྱང་ཡིད་ཤེས་མ་ཞུགས་ཚེ་ཚོར་བ་མི་འབྱུང་། གང་ཡིན་ཟེར་ན་ཡིད་ཤེས་ཀྱིས་ཚོར་བ་སྒོ་གང་ནས་བྱུང་བ་དབྱེ་འབྱེད་བྱེད་ཀྱི་ཡོད། དེ་བཞིན་དུ་ཡིད་ཤེས་ཡོད་ཀྱང་སྒོ་ལྔའི་རྣམ་ཤེས་མེད་ན་ཚོར་བ་ཞིག་ཡོང་སྲོལ་མེད། ཅེས་བརྗོད་འདུག་པས་མགོན་ཕྱག་གི་ངོས་ལེན་མེད་ཟེར་བ་ད་ཕྱིར་བསྡུ་གནང་ན་མི་འགྲིག་རྒྱུ་མེད་བསམ།
སྨན་པ་དཀོན་ཚེ་ལགས་ཀྱིས་མཆན་གོ་བདེ་གསལ་བོ་ཞིག་རྒྱག་གི་རྒྱག་གི་རིམ་པས་ཇེ་དཀའ་རྙོག་འཛིང་ཆེ་རུ་བཟོས་པ་ཞིག་མཐོང་སོང། ཨ་ལ་་་་ཀུ་རེ་ཡིན། བོད་སྨན་གཞུང་བཤད་ལག་ལེན་སྐབས་སུ་སེམས་དང་སེམས་བྱུང་གི་སྐོར་ལ་སྦྱང་བ་དང་ཉམས་ལེན་བྱ་རྒྱུ་གལ་ཆེན་རེད། ལྷག་པར་དུ་དེང་དུས་བྲེལ་ཟིང་འཁྲུགས་ཆ་དོད་པོའི་སྤྱི་ཚོགས་ནང་སེམས་དང་འབྲེལ་བའི་ནད་གཞི་མང་པོ་ཞིག་ཡོད་པས། བོད་ལུགས་སྨན་པ་ཚོས་དེང་རབས་སེམས་ཁམས་རིག་པའི་སྐོར་ལ་དོ་སྣང་བྱེད་དགོས་པ་ཞིག་རེད། བོད་ལུགས་སྨན་པར་སྟོན་མཁན་ཨ་རིའི་ནད་པ་མང་པོ་ཞིག་སེམས་དང་འབྲེལ་བའི་ནད་གཞི་ཡོད་པ་རྐྱང་རེད།
ངས་ཡང་དགེ་རྒན་ཆེན་མོ་ཨ་ཁུ་རྟ་མགྲིན་རྒྱལ་གྱིས་རླུང་སེམས་ཀྱི་འབྲེལ་བའི་སྐོར་ལ་དེ་འདྲ་ཞིག་གསུངས་པ་དྲན་གི་འདུག དེང་སང་དགེ་རྒན་ཁོང་གིས་ག་རེ་གནང་གི་ཡོད་དམ།
ཐུགས་རྗེ་ཆེ། ད་གསལ་བོ་བྱུང་སོང་། དེ་མིན་ཚན་རིག་མཁན་མིན་པ་ཞིག་གིས་བལྟས་ནའང་ཚན་རིག་དང་མི་མཐུན་པའི་འགྲེལ་རྒྱབ་ན་དེ་ལ་ངོས་ལེན་བྱེད་ཅི་ལ་ཐུབ།
དགེ་བཤེས་ཐུབ་བསྟན་སྦྱིན་པ་(༧ གོང་ས་མཆོག་གི་གསུང་སྒྱུར་ཞུ་མཁན)ལགས་ཀྱིས་ mind and life life and sciense སྐབས་རང་སྐད་དུ་སྲོག་ཅེས་བསྒྱུར་དགོས་པ་བཤད།
Stress – སེམས་ལས་ཆེན་པོ་ཟེར་ན་ག་འདྲ་འདུག འདི་སྨན་ལུགས་ལྟར་འགྲེལ་བ་ཡིན།
Neuroscience – རྩ་དཀར་རིག་པ་ཟེར་ན་ཚིག་འདི་བོད་ཀྱི་གསོ་རིག་དཔེ་རྙིང་ཁྲོད་རྙེད་སླ། དབང་རྩ་དང་རྩ་དཀར་གཉིས་དོན་གཅིག་ནའང་དང་པོ་བྱེད་ལས་དང་གཉིས་པ་རྒྱུ་དང་ཁོ་དོག་ལ་ལྟོས་ནས་བཏགས་པའི་མིང་རེད། བོད་ཀྱི་སྨན་གཞུང་དུ་རྩ་དཀར་ཞེས་པའི་མིང་ཤུགས་ཆེར་སྤྱད་འདུག དབང་རྩ་རིག་པ་ཟེར་ན་བོད་ཀྱི་གསོ་རིག་དང་རྙེད་དཀོན།
“Anxiety – སྐྱོ་སྡུག སྐྱོ་སྣང་། སེམས་སྡུག” འདིར་སྐྱོ་སྡུག་ཟེར་བའི་ཚིག་གསར་འདི་ཁྱད་མཚར་ཞིག་རེད། སེམས་པ་མ་སྐྱོ་དང་སེམས་པ་མ་སྡུག་ཟེར་བ་ལྟར་སྐྱོ་དང་སྡུག་གཉིས་དོན་གཅིག་པར་སྣང་བས། འདིར་སྐྱོ་སྡུག་ཟེར་ན་དོན་གཅིག་པ་ཡིན་པའི་མིང་གཉིས་གཉིས་བརྩེགས་བྱས་མི་འདུག་གམ། དགོས་པ་དམིགས་བསལ་འདུག་གམ།