ཨ་རིག་འགྱུར་མེད།
ད་ལྟ་རང་ཡུལ་གྲོགས་དམ་ཆོས་ལགས་བརྒྱུད་ནས་བོད་ནང་གི་གྲོགས་གདོང་ཚས་བཏང་འབྱོར་བྱུང་བའི་དྲི་བ་འགའ་འབྱོར་བྱུང་། ངས་དྲི་བ་རེ་རེ་བཞིན་བཀླགས་པ་ཡིན། ཧོལ་གྱིས་བལྟས་ན་དྲི་བ་འདི་དག་ནི་ཆེས་སྤྱིར་བཏང་བའི་དྲི་བ་ཙམ་ཡིན་མོད་ཀྱང་། ཞིབ་ཏུ་བསམ་ན་དྲི་བ་འདི་དང་འདི་འདྲ་བ་དག་གིས་ད་གཟོད་བོད་གཞིས་ཀྱི་བོད་རིགས་སྤུན་ཟླ་དག་ལ་ནམ་ཡང་སངས་ཐབས་མེད་པའི་སེམས་ངལ་ཇི་འདྲའི་མང་བོ་ཞིག་ཁྱེར་ཡོང་གི་ཡོད་ཨང་སྙམ་བྱུང་།
ངས་གཤམ་གྱི་དྲི་བ་དག་བཀླགས་ཏེ་ཐད་ཀར་ལན་གདབ་དགོས་སྙམ་མོད། ཡང་བསམ་བློ་གཞན་ཞིག་ཀྱང་ཞོར་ནས་འཁོར་ཡོང་བ་ནི་དྲི་བ་འདི་ནི་ཐད་ཀར་ང་གཅིག་པུ་ལ་བཏང་བའི་དྲི་བ་ཞིག་ཀྱང་མིན་པར་ཕྱི་སྡོད་བོད་རིགས་སྤུན་ཟླ་ཡོངས་ལ་བཏང་བའི་དྲི་བ་ཁག་ཅིག་ཡིན་པ་ན། དྲ་རྒྱ་བརྒྱུད་ནས་ང་ཚོ་ཐུན་མོང་གིས་ལན་གདབ་རྒྱུ་ནི་གལ་ཆེན་པོ་ཞིག་རེད་འདོད་པས་དྲ་ཐོག་ཏུ་ཁྱེར་ཡོང་བ་ཡིན།
དྲ་གྲོགས་རྣམས་ཀྱིས་བློ་གཟུ་བོར་གནས་ཏེ་དྲིས་ལན་གནང་རྒྱུར་རེ་བ་ཡིན། དྲི་བ་འདི་དག་ལ་ལན་གདབ་དགོས་པ་ཙམ་མིན་པར་ང་ཚོས་ང་ཚོ་རང་ཉིད་ཀྱི་ལག་པ་བྲང་ཁར་བཞག་ནས་ཚ་འདྲི་གཏིང་འདྲི་ཐེངས་ཤིག་བྱ་རྒྱུ་ཡང་གལ་ཆེའོ། །
བོད་ནང་གི་གྲོགས་པོ་གདོང་ཚས་བཏང་བའི་དྲི་བ་ཁག་ནི་གཤམ་གསལ་ལྟར་ཡིན།
མཁས་དབང་འཇམ་དབྱངས་ནོར་བུ་མཆོག་སོགས་གཙོ་བྱས་པའི་ཕྱི་སྐྱེས་བོད་རིགས་སྤུན་ཟླ་ཚོའི་རྩོམ་ཡིག་དང་དཔྱད་བརྗོད་དག་དབྱིན་ཡིག་ཁོ་ན་ལས་མེད་པ་ནི་ཕྱི་སྡོད་བོད་པའི་ཁྲོད་བརྩམས་ཆོས་དེ་དག་བོད་ཡིག་ཏུ་བསྒྱུར་མཁན་མེད་པ་ཡིན་ནམ། བརྩམས་ཆོས་ལ་རིན་ཐང་མེད་པ་ཡིན་ནམ། ཡང་ན། བོད་ཡིག་ལ་རིན་ཐང་དང་དུངས་ཞེན་མེད་པ་ཡིན་ནམ།
བོད་ཀྱི་གཞོན་ནུ་ཚོགས་པའི་གཞུང་སྐད་དང་གཞུང་ཡིག་དབྱིན་ཡིག་ཡིན་པ་ནི་ཁྱེད་རྣམས་ཀྱི་འཐབ་རྩོད་ཀྱི་ངོ་བོ་ང་ཚོར་ཤེས་འཇུག་འདོད་མེད་པ་ཡིན་ནམ། ཁྱེད་རྣམ་པའི་བོད་ཀྱི་སྐད་ཡིག་གི་ཤེས་ཚད་ཞན་དྲགས་པས་ཡིན་ནམ།
བོད་རྒྱལ་གནམ་རི་སྲོང་བཙན་སྒམ་པོའི་ཡང་སྤྲུལ་ཏེ། དཔལ་བློ་བཟང་སངྒེ་མཆོག་གིས་བོད་གཞུང་གི་སྲིད་སྐྱོང་གི་ཐུགས་འགན་བཞེས་པ་བཟུང་གཞུང་ཡིག་དབྱིག་ཡིག་ཏུ་སྟབས་བདེ་རུ་བཏང་ཞིང་གཞི་རིམ་སློབ་གྲྭ་ཁག་གི་སློབ་ཁྲིད་དབྱིན་ཡིག་གཙོ་བཟུང་བྱེད་ཀྱིན་འདུག་ཅེས་པ་བདེན་པ་ཡིན་ནམ། དེ་བདེན་པ་ཡིན་ན། ང་ཚོ་ལ་ལ་ཞིག་གིས་བོད་མི་རིགས་ཀྱི་བླ་སྲོག་སྟེ། བོད་མི་རིགས་སྐད་ཡིག་གི་ཆེད་རེ་རེ་བཞིན་རང་སྲོག་བློས་བཏང་གིས་སྐུ་ལུས་མེ་ལ་སྦར་དགོས་དོན་ཅི། ཡང་ང་ཚོ་མང་པོ་ཞིག་གིས་གཅིག་རྗེས་གཉིས་མཐུད་ཀྱིས་བཙོན་འཇུག་འོག་ན་སྡུག་བསྔལ་མནར་གཅོད་མྱངས་དང་མྱོང་བཞིན་དོན་ཅི། ད་རུང་གཞི་རིམ་མང་ཚོགས་ཀྱིས་ཀྱང་བོད་ཀྱི་ཚེ་སྲོག་ཆེད་མཉམ་རུབ་ཀྱིས་མེ་མདའི་སོ་ཁ་ན་ཅི་ལྕོགས་ཀྱིས་ཁ་གཏད་ལ་ཤི་འཐབ་རོ་འཐབ་བྱེད་དགོས་དོན་ཅི།
ཨ་་་་གནམ་སྔོན་པ་ཡ་་་་་་་་་་་གནམ་སྔོན་པོ། ང་ཚོའི་ཚེ་སྲོག་ལ་རིན་ཐང་མེད་པ་ཡིན་ནམ།
༢༠༡༣/༦/༢༥ ཉིན།
ཨ་ཪིག་འགྱུར་མེད་ལགས་ཀྱིས་ཡག་པོ་ཞིག་ཁུར་བསླེབས་བྱུང་། ཐུགས་རྗེ་ཆེ། ངས་ཀྱང་བོད་ཀྱི་སྐད་ཡིག་སྐོར་དུ་གཅིག་གླེང་དགོས་བསམས་ནས་བསྡད་ཡོད། གནད་འགག་འདུག ཁ་བརྡ་ཚང་ལ་རེ་བ་བརྒྱབ་དགོས་པ་མིན་ནམ་རེ་དྲན་ནས་བསྡད་ཡོད། ཏག་ཏག་ཁྱོད་ཀྱིས་འདིར་གླེང་བ་དགའ་པོ་བྱུང་།
དྲི་བ་གསུམ་ཡོད་པ་དེའི་ནང་ནས་འོག་ནས་ཡར་ལན་འདེབས་ཀྱི་ཡིན། སེང་གེའི་བཀའ་ཤག་གིས་མི་སེར་སྤེལ་པའི་ལས་འགན་སྒྲུབ་ཀྱི་འདུག་བསམས་པའི་དོགས་པ་ཡོང་གི་ཡོད་ལ་བོད་མི་རིགས་ཀྱི་བླ་སྲོག་གཅོད་བརྩི་འདུག་བསམས་པའི་དོགས་པ་ཡོང་གི་ཡོད། ཏང་གིས་སྟངས་འཛིན་བྱེད་ཀྱི་མེད་དམ་སྙམ་པའི་དོགས་པ་ཡོང་གི་ཡོད།
བོད་ཀྱི་སྐད་ཡིག་འཆི་གསོན་ས་མཚམས་ངོ་མ་བོད་ཡིག་འདི་ཡར་རྒྱས་གཏོང་ཐུབ་མིན་ལ་རག་ལུས་བསྡད་ཡོད། བོད་ཀྱི་སྐད་ཡིག་གི་ཐོག་ནས་མ་འདང་བའི་ཐ་སྙད་གསར་པའི་ཚིག་མཛོད་རྩ་བ་བརྟེན་ས་ཞིག་དང་། བོད་སྤྱི་ཡོངས་ལ་ཁྱབ་པའི་ཆ་བཞག་ས་ཤིག་དགོས་ཀྱི་གལ་ཆེན་ནང་གི་དོན་ཆེན་ཡིན། མི་ལོ་བཅུ་ཅོ་ལྔའི་སྔོན་ནས་ཐ་སྙད་གསར་པའི་ཚིག་མཛོད་བཟོ་གི་ཡིན་མདོག་མདོག་བྱས་ནས་ད་ལྟའི་བར་དུ་བཟོས་མེད། དུས་ཚོད་མེད་པ་ཨེ་རེད་མ་རེད། སྒོར་མོ་མེད་པ་ཨེ་མ་རེད། ཤེས་ཡོན་ཅན་མེད་པ་ཨེ་རེད་མ་རེད།
འོན་ན་་་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་ག་རེ་ཡིན་ཟེར་ནས་བཟོ་ཚར་བའི་ཉི་མ་ཞིག་ཤར་གྱི་མེད་པ་རེད་དམ་ཞེས་པའི་དྲི་བ་ཡོང་གི་ཡོད། དྲི་ལན་ཅི་ཞིག་ཡོད་དམ་་་་དྲ་གྲོགས་ཚོ། བོད་མི་རིགས་ལ་བློ་དཀར་བའི་མི་ཞིག་ཡིན་ན་བོད་ཀྱི་སྐད་ཡིག་གི་ཐོག་ཏུ་ཐུགས་བསམ་མི་བཞེས་པ་མི་སྲིད་པ་ཡིན། དེ་འདྲ་ཡིན་དུས་དྲ་གྲོགས་ཚོས་ཅི་བསམ་བཞིན་ཡོད་དམ།
སེང་གེའི་བཀའ་ཤག་གིས་སྔོན་མ་ཞིག་ལ་ཁྱབ་བསྒྲགས་བྱས་ནས་ཐ་སྙད་གསར་པའི་ཚིག་མཛོད་དྲ་ཐོག་ནས་བོད་ཕྱི་ནང་གཉིས་ཀྱི་བེད་སྤྱོད་གཏོང་ཐུབ་པ་ཞིག་མགྱོགས་ཡིན་གསུངས་ཡོད། ་ག་པ་་ལོ་ག་ཚོད་སྒུག་དགོས་སམ། ཟམ་གདོང་བླ་མས་ཀྱང་བཟོ་ཡི་མདོག་མདོག་བྱས་ནས་བཟོས་མེད། དེ་དག་ལ་བསམ་བློ་བཏང་དུས་རྒྱབ་ལྗོངས་ལ་དོགས་པ་བསླེབས་ཡོང་གི་འདུག་གོ
བཙན་པོ་ཁྲི་སྲོང་གིས་བྱིས་པ་ཆུང་ངུ་ལ་བོད་ཀྱི་ཡི་གེ་བསླབ་དགོས་པའི་ཁྲིམས་སུ་བཅས་པ་ཡང་བོད་མི་རིགས་ཀྱི་ངོ་བོ་མ་བརླག་པའི་གནད་འགག་ཅིག་གཟིགས་པ་འདྲ། བོད་ནང་གི་བྱིས་པ་དང་ཕྱི་ནས་འཚར་ལོངས་བྱུང་བ་ལ་མི་འདྲ་བ་ཞིག་ཡོང་གི་ཡོད་པ་ཞིབ་འཇུག་བྱེད་རན་རེད།
དྲི་བ་དང་པོའི་ལན་དུ། འཇམ་ནོར་ལགས་ལ་བོད་དགེ་ཡག་པོ་ཅིགབཙལ་ན་མི་ལེགས་སམ།
དྲི་བ་གཉིས་པའི་ལན། གཞོན་ལྷན་ཚོགས་གཙོས། བོད་རང་བཙན་བླངས་ནས། ཨིན་སྐད་རྒྱག་སའི་སྟོབས་ཆེན་རྒྱལ་ཁབ་ཅིག་ལ། བོད་ལྗོངས་རྩིས་སྤྲོད་རྒྱུའི་འཆར་གཞི་མིན་འགྲོ
གསུམ་པ་འདིའི་སྐོར་ལ་ང་ལན་མེད་དོ། ཧ་ཧ་ཀུ་རེ་དང་བཅས།
བཙན་བྱོལ་ཏུ་བོད་ཀྱི་སྐད་ཡིག་གི་ལས་དབང་ནི་ང་ཚོ་ཚང་མར་ཕྱི་གསལ་ནང་གསལ་ཡིན། དེས་ན་ང་ཚོས་ཁག་དཀྲིས་བསྙོན་འཛུགས་ཙམ་མིན་པར་སྒེར་སོ་སོ་ནས་ཐོག་མར་འགོ་འཛུགས་དགོས་པ་དང་། དེ་ནས་ཚོགས་པ་དང་གཞུང། སྤྱི་ཚོགས་ཧྲིལ་པོར་ཁྱབ་ཐུབ་པར་བྱ་རྒྱུར་རང་རང་སོ་སོ་ནས་འགོ་རྩོམ་དགོས་པར་འདོད། བཙན་བྱོལ་གྱི་བོད་མི་འབུམ་གཅིག་པོ་མཉམ་རུབ་ཀྱིས་ལོངས་ཤོག ཚང་མ་མཉམ་རུབ་ཀྱིས་བོད་ཀྱི་སྐད་ཡིག་སྐྱོབ་པར་ཤོག ཁྱེད་རང་ལ་བོད་དགོས་ན། ཁྱེད་རང་བོད་པ་ཡིན་པའི་འདུ་ཤེས་ཡོད་ན། ལོངས་ཤོག
སེང་གེ་བཀའ་ཤག་ནི་བོད་ཀྱི་སྐད་ཡིག་གི་རང་སྲོག་གཅོད་པའི་སྟ་རེ་རེད། བོད་རང་གི་སྐད་ཡིག་ལ་སེང་གེ་བཀའ་ཤག་གིས་ཅི་ཡང་མི་སྙམ། སེང་གེ་བཀའ་ཤག་གི་ཤེས་ཡོན་སྲིད་ཇུས་དང་དེ་འབྲེལ་གྱི་ལས་དོན་ཁག་ལ་བསམ་གཞིག་བྱེད་དུས། བོད་རང་གི་རིག་གཞུང་གི་སྲོག་རྩ་བོད་ཀྱི་སྐད་ཡིག་ནི་བོད་ལ་མེད་ཀྱང་ཆོག་པའི་གནས་བབ་ཅིག་ལ་བསྐྱལ་འདུག་བསམ་ཡོང་། ཉེ་སྔོན་རྡ་སའི་ཤེས་རིག་ལས་ཁུངས་ནས་”ཤེས་ཡོན་མཁས་པའི་སློབ་སྟོན་ལྷན་ཚོགས་”ཟེར་བ་བསྐོངས་པ་དེ་ནི་ཉེ་དུས་ཀྱི་དཔེར་མཚོན་ཙམ་ཡིན། དེར་བོད་ཀྱི་སྐད་ཡིག་ལ་རྒྱུས་མངའ་དང་དུངས་ཞེན་མེད་པའི་རང་མདངས་གསལ་པོར་བསྟན་ཡོད།
སྤྱི་ཚོགས་ལ་སྣེ་ཁྲིད་མཁན་གཞུང་གི་བྱེད་སྟངས་འདི་འདྲ་ཞིག་ལས་མེད་དུས། གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་ནང་རང་གི་སྐད་ཡིག་མི་སྤྱོད་པའི་ཤན་ཞུགས་ངན་པ་དེ་ཐེབས་སྲིད་པ་ཞིག་རེད།
༡་་་བོད་ཀྱི་སྐད་ཡིག་གི་ཆེད་དུ་ཐ་སྙད་གསར་པའི་ཚིག་མཛོད་བཏོན་མེད་པ་དང་གཅིག
༢་་་བོད་ཀྱི་སྐད་ཡིག་ནང་དུ་དེང་རབས་གསར་པའི་རིག་གནས་དང་ཁྱད་ལས་ནང་འདྲེན་མི་བྱས་པ་དང་གཉིས།
༣་་་བོད་ཡིག་བེད་སྤྱོད་གཏོང་སའི་ཁོར་ཡུག་རྒྱ་ཆུང་རེ་བཏང་བ་དང་གསུམ།
༤་་་ཤེས་ཡོན་སྲིད་ཇུས་ལ་སྐྱོན་བརྗོད་བྱེད་མཁན་མང་བ་དང་བཞི།
༥་་་ཕྱོགས་གང་ལ་བལྟས་ཀྱང་ཡག་རྟགས་ཤིག་རྩ་བ་ནས་མི་འདུག་པས་བོད་ཤི་འདོད་མེད་མཁན་ཚོས་བཤད་རན་དང་རྩོད་རན་པའི་དུས་ལ་བབ་ཡོད། བོད་ཡིག་འདི་ཤི་ན་བོད་མི་རིགས་ཤི་བ་ཡིན། ཤི་གསོན་འདིའི་ཐོག་ཏུ་འཐབ་རྩོད་བྱ་དགོས་ངེས་ཡིན་ནོ།།
ཕྱི་སྡོད་བོད་རིགས་ཀྱི་ཁྲོད་ན་བོད་ཡིག་ལས་དབྱིན་ཡིག་རང་མགོ་ཐོན་མཁན་མང་ཡང་བོད་ཡིག་གི་ཆུ་ཚད་ཡག་པོ་ཡོད་མཁན་ཉུང་དྲག་པ་དང་གཅིག་དང་་་་་བོད་ཡིག་ལ་བསྒྱུར་ཡང་ཀློག་མཁན་ཉུང་པ་དང་གཉིས་་་་ལྷག་པར་དུ་འཇམ་ནོར་སོགས་དབྱིན་བྲིས་པ་སྐོར་ཞིག་གི་བསམ་ཚུལ་གཞུང་གི་ལངས་ཕྱོགས་དང་མཐུན་གྱིན་མེད་པས་དོ་སྣང་གནང་མཁན་དང་་་་་སྒྱུར་མཁན་དེ་ཙམ་མ་བྱུང་བ་བཅས་མི་འགྲོ།
གཞོན་ནུ་ཚོགས་པ་གཅིག་པུ་མ་རེད་་་བོད་གཞུང་གི་ཡིག་ཆ་ཟེར་ན་རེད་་་ཐོ་ཡིག་མང་ཆེ་བ་དབྱིན་ཡིག་གི་ཐོག་ཏུ་འགྲོ་གི་ཡོད་པར་བོད་ཡིག་གི་ཤེས་ཚད་ཞན་དྲག་པ་མ་ཡིན་པར་་་་རྒྱུགས་ཆེ་བའི་དབྱིན་ཡིག་གི་ཐོག་ནས་སོང་ན་རྒྱལ་སྤྱིའི་ཐོག་ཏུ་ཕྱི་གསལ་ནང་གསལ་ཡོང་བའི་དགེ་མཚན་ཡོད་པས་ཡིན་རྒྱུ་རེད།
བློ་སེང་ཕྱི་ལོག་ནས་ལག་ཆགས་པ་སོང་སྟབས་བོད་ཡིག་ལ་བལྟས་ན་དབྱིན་ཡིག་ལ་སྤྲོ་སྣང་ཡོད་མཁན་ཞིག་ཏུ་སོང་ཙང་་་་གཞུང་ལས་ཁང་ཆེ་ཆུང་མང་ཆེ་བའི་ནང་དང་་་་སློབ་གྲྭ་ཁག་ནང་དབྱིན་ཡིག་ཤུགས་ཆེ་རུ་བཏང་ཡོད་ཤས་ཆེ་ཡང་་་་་བོད་ཡིག་ལ་མཐོང་ཆུང་བྱས་པ་ཞིག་མི་ཤེས་ཆེ།
ཡང་བསྐྱར་གཅིག་བཤད་ཀི་ཡིན། སེང་གེའི་བཀའ་ཤག་གིས་ཉན་ན་རེད་མ་ཉན་ན་རེད། མདོ་དོན་་་ཤེས་ཡོན་སྲིད་ཇུས་ཟེར་ནའང་འདྲ་སྐད་ཡིག་སྲིད་ཇུས་ཀྱི་ཐོག་ཏུ་གཟབ་གཟབ་བྱས་ནས་འཆུག་མི་ཉན། བོད་ཀྱི་སྐད་ཡིག་འདི་ད་ལྟའི་བར་དུ་གནས་ཐུབ་པ་ནི་བོད་ཡིག་ནང་དུ་ནང་ཆོས་ཀྱི་རིག་གནས་ཡོད་པ་དང་། གསོ་བ་རིག་པ། བརྡ་སྤྲོད་རིག་པ་སོགས་གང་མང་ཞིག་ཡོད་པས་རྒྱུ་མཚན་གྱིས་བོད་ཡིག་འདི་འཇིག་མ་སོང་བ་རེད།
དེང་སང་ནི་དེང་རབས་གསར་པ་རེད། བོད་ཀྱི་སྐད་ཡིག་ནི་དེང་རབས་མཐུན་པའི་གོམ་པ་ཞིག་སྤོ་ཐུབ་ཀྱི་མེད། འདི་ནི་བོད་ཡིག་འཆི་འགྲོ་བའི་ཉེན་ཁ་ཆེ་ཤོས་ཡིན། བོད་ཀྱི་སྐད་ཡིག་ནང་དུ་དེང་རབས་གསར་པའི་ཁྱད་ལས་གང་ཡང་མེད། འཕྲུལ་ཆ་བཟོ་སྟངས། གློག་བཟོ་སྟངས། དངུལ་ཁང་འཛུགས་སྟངས། ཞིང་ལས་དང་འབྲོག་ལས། ཚོང་ལས་དང་དམག་དོན་བསྟན་བཅོས་སོགས་དེང་རབས་དང་མཐུན་པའི་རིག་གནས་སྣ་གཅིག་བོད་ཡིག་ནང་དུ་མེད།
དཔེར་ན་་་མ་འོངས་བོད་ལ་རང་དབང་གི་ཉི་མ་ཞིག་ཤར་དུས་གནམ་གྲུ་སྐད་ཡིག་གང་གི་ཐོག་ནས་གཏོང་གྱི་ཡིན་ནམ། རི་ལི་སྐད་ཡིག་གང་གི་ཐོག་ནས་གཏོང་གྱི་ཡིན་ནམ། གློག་ལས་སྐད་ཡིག་གང་གི་ཐོག་ནས་བྱེད་ཀྱི་ཡིན་ནམ། རྒྱལ་ཁབ་གཞན་དག་ཚོའི་སྐད་ཡིག་ནང་དུ་འཕྲུལ་ཆས་དེ་དག་བཟོ་ཐུབ་པའི་རིག་གནས་ཡོད་ཀྱང་བོད་ཀྱི་སྐད་ཡིག་ནང་དུ་འཕྲུལ་ཆས་དེ་དག་བེད་སྤྱོད་གཏོང་ཐུབ་པའི་རིག་གནས་ཙམ་ཡང་མེད། དེ་བརྟེན་བོད་ཡིག་སློབ་སྦྱོང་བྱེད་འདོད་མེད་པ་ཆགས་འགྲོ་བཞིན་ཡོད། གནད་དོན་འདིའི་སྐོར་དུ་སྔོན་ནས་མང་པོ་བཤད་ཚར།
མི་ལོ་ལྔ་བཅུའི་རིང་དུ་ཕྱི་ལ་བསྡད་ནས་ཕྱིའི་རྒྱལ་ཁབ་ཁག་གི་ཁྱད་ལས་སྣ་གཅིག་ནང་འདྲེན་བྱས་མ་ཐུབ་ན་གཞིར་ལུས་མི་དམངས་ལ་གདོང་སྟོན་ཤེས་ས་རེད་དམ། ངོ་ཚ་གྱི་ཡོད་པེ། ཡོད་ན་ནི་ཅིག་བྱེད་རན་འདུག ཡག་ན་ཉེས་ན་གཞུང་ཞིག་བཙུགས་ཡོད་རེད། ཤེས་རིག་ལས་ཁུངས་ཟེར་བ་ཞིག་ཀྱང་ཡོད་རེད། སྐུ་ཚེ་རིང་་ཤེས་རིག་ལས་ཁུངས་ཀྱིས་ངོས་ནས་ཅིག་བྱེད་རོགས་བྱོས། རིག་གནས་ནང་འདྲེན་ཟེར་བ་འདི་སྒོར་རྡོག་ས་ཡ་ཁ་ཤས་རག་དང་མ་རག་གི་གནད་དོན་ཙམ་མ་རེད། ཕྱོགས་གཅིག་ནས་བོད་མི་རིགས་ཀྱི་ཤི་གསོན་ལ་ཐུག་ཡོད། གཉིས་ནས་མ་འོངས་འཚོ་གནས་དང་འབྲེལ་བ་ཡོད།
མི་རིགས་ཀྱི་སྐད་ཡིག་ཟུར་དུ་བཞག་ཚར་རྗེས་འཐབ་རྩོད་གཞན་པ་ཞིག་བྱེད་དགོས་དོན་མེད་ལ། རྒྱབ་སྐྱོར་ཡང་མེད། བྱེད་འདོད་ཡང་མི་འདུག
སྐད་ཡིག་རྩ་བར་བཞག་པའི་བྱེད་སྒོ་ག་རེ་ཡིན་ཡང་རྒྱག་གཅིག་མཆོང་གཅིག་ཡིན་ལ། མ་ཤི་བར་དུ་དེ་ག་རང་ཡིན།
དབུས་དང་ས་གནས་གང་ཡིན་ཡང་འཐབ་རྩོད་ཀྱི་རྩ་བ་དང་ཡན་ལག་མ་ནོར་བར་བྱེད་དགོས་ཐོག གཙོ་བོ་དང་ཕལ་བ་ངོས་ཟིན་པ་བྱེད་དགོས།
ཁྱེད་རང་གི་གྲོགས་པོ་དེའི། མགོ་ལ་རྭ་མེད་ཚེ། རྐུབ་ལ་རྔ་མ་ཡོད་པ། ཡང་དག་པར་ངེས་འདུག་གོ དེ་ཡང་། བོད་རྒྱལ་གནམ་རུ་སྲོང་བཙན་སྒམ་པོའི་ཡང་སྤྲུལ་་་་་ཟེར་བ་དེ་ནི། བོད་པའི་གཏམ་གྱི་དཔེ་རུ། མགོ་རུལ་པ། སྣ་བས་མི་ཚོར། ཟེར་བའི་ཆོས་ཅན་དུ་གྱུར་ཞིང་། དྲི་བ་འདོན་པ་པོ་རང་ཉིད། གླེན་པ་ལུག་གི་དཔེ་ཟླར་བཀོད་པར་ངེས་སོ། འཇིག་རྟེན་པའི་ངག་ལ། གླེན་གཏམ་རྟུག་དྲི་རང་འབར་བྱ་བ་དེ་ཡང་། དྲི་མ་མེ་རུ་འབར་མི་ནུས་མོད། སྙན་ཚིག་གི་གཟུགས་སུ་འགོད་པའི། སེམས་མེད་རབ་རྟོགས་སམ། རབ་བཏགས་སུ་ཤེས་པར་བྱ་བ་ཉིད་ཡིན་ལ། དོན་འདི་ལ་ནི། ཁྱོད་ཀྱི་གྲོགས་པོའི་དྲི་བ་དེ་ནི། གླེན་གཏན་རྟུག་དྲི་རང་འབར་ཉིད་དོ། ། གཞན་ཡང་། འཁྲབ་མཁན་སྨྱོན་པ་ཡིན་ན། བལྟ་མཁན་གླེན་པར་གོ་བའི་གཏམ་དཔེ་ལྟར། གྲོགས་གླེན་པས་དྲིས་པའི་དྲི་བ་གླེན་པ་འདི། འཇིག་རྟེན་སྐྱེ་བོ་ཀུན་ལ། འགན་ཆེ་མདོག་གིས་བསྒྲགས་འདུག་པ་འདིས། ཨ་རིག་གླེན་པ། གླེན་པ་ཉིད་དུ། གླེན་པའི་རྟགས་དང་བཅས། ཡོགས་སུ་སྒྲུབ་པས། བོད་མདོ་སྨད། རིག་པའི་ཆོལ་ཁ། དུས་ད་ནས་བཟུང་། བོད་མདོ་སྨད། གླེན་པའི་ལུང་པར་གོ་བར་རིགས་སོ། །
འཇམ་ནོར་གྱི་རྩོམ་དེབ་དེ་དག་ཕྱི་ལོགས་སུ་བོད་མི་ཀློག་མཁན་ཉུང་དྲགས་པ་དང་། བོད་མི་རྣམས་ཁ་འཐོར་དུ་ཡོད་པས་འགྲེམ་སྤེལ་བྱེད་བདེ་བོ་མེད་པ་་དང་། བོད་ཀྱི་གནད་དོན་ཕྱི་རྒྱལ་ཁག་ཏུ་གསལ་བཤད་བྱེད་རྒྱུ་གཙོ་བོར་འཛིན་དགོས་སྟབས་བོད་ཡིག་ཐོག་དེ་ཙམ་མཁོ་མི་ཆེ་པས་རེད་སྙམ།
གཞོན་ལྷན་གྱི་དེའང་དེ་དང་ཕྱོགས་མཚུངས་སུ་ཡོད་པར་འདོད།
གཞན་ལུང་འདིར་ཆབ་དཔལ་རིག་གསུམ་གཞན་དང་མཉམ་དུ་འགྲོ་དགོས་སྟབས་སེངྒེ་བཀའ་ཤག་ལའང་ཁེག་ཅི་ཡོད།
གཤམ་གྱི་ཚིག་དུམ་དེ་དག་གིས་དྲི་བའི་གནད་བཟུང་འདུག
དྲི་བ་དང་པོ། “ཕྱི་སྐྱེས་བོད་རིགས་སྤུན་ཟླ་ཚོའི་རྩོམ་ཡིག་དང་དཔྱད་བརྗོད་དག་དབྱིན་ཡིག་ཁོ་ན་ལས་མེད་པ”།
དྲི་བ་གཉིས་པ། “བོད་ཀྱི་གཞོན་ནུ་ཚོགས་པའི་གཞུང་སྐད་དང་གཞུང་ཡིག་དབྱིན་ཡིག་ཡིན་པ”།་
དྲི་བ་གསུམ་པ། ” བློ་བཟང་སངྒེ་མཆོག་གིས་བོད་གཞུང་གི་སྲིད་སྐྱོང་གི་ཐུགས་འགན་བཞེས་པ་བཟུང་གཞུང་ཡིག་དབྱིག་ཡིག་ཏུ་སྟབས་བདེ་རུ་བཏང་ཞིང་གཞི་རིམ་སློབ་གྲྭ་ཁག་གི་སློབ་ཁྲིད་དབྱིན་ཡིག་གཙོ་བཟུང་བྱེད་ཀྱིན་འདུག་ཅེས་པ་བདེན་པ་ཡིན་ནམ”།
གོང་གི་དྲི་བ་འདི་དག་ནི་བོད་མི་རིགས་ཀྱི་བླ་སྲོག་ཏུ་འབོད་པའི་བོད་སྐད་ཡིག་གི་ཤེས་ཚད། གོ་གནས། མ་འོངས་པ་བཅས་ཀྱི་ཐོག་ལ་བཀོད་འདུག
༡ ཤེས་ཚད། ཕྱི་སྡོད་བོད་མིའི་སྐད་ཡིག་གི་ཐད་ན་འདབ་གཤོག་གཉིས་ལྡན་མ་ཡིན་པ་དང་།
༢ གོ་གནས། སྐད་ཡིག་གཉིས་པ་ཡིན་པ།
༣ མ་འོངས་པ། ་བོད་མི་རིགས་འཆི་ལམ་དུ་སྐྱེལ་གྱིན་ཡོད་པ།
དེ་དག་ནི་དྲི་བ་འགོད་མཁན་ཀྱིས་མི་ལོའི་ལྔ་བཅུ་ལྷག་གི་ལོ་རྒྱུས་ཀྱི་ནག་ཉེས་སུ་འདོད་ཀྱིན་ཡོད་པ་མ་ཟད། ཤུགས་སུ་བཅོས་སྒྱུར་གྱི་རེ་བ་ཆེན་པོས་འབོད་སྐུལ་ཀྱང་ཞུས་འདུག
དྲི་བ་འདི་དག་ནི་གཞིས་ལུས་མི་དམངས་ལ་མཚོན་ན་བློ་ཡུལ་ལ་ཤོང་དཀའ་བའི་གནད་དོན་ཞིག་རེད། ཕར་ལྟོས་ཚོད་ཀྱིས་སྐད་ཡིག་གི་གནད་དོན་ཙམ་དུ་ཤེས་ཆོག་མོད། ཞིབ་ཏུ་དཔྱད་ན་བཙན་བྱོལ་བའི་སེམས་ཀྱི་ཁ་དོག་དང་། ལུས་ཀྱི་རྣམ་འགྱུར་མཚོན་པའི་བརྡ་རྟགས་རེ་རེ་རེད། འདིས་ཁོ་པ་ཚོའི་སེམས་ཀྱི་ཟུར་ན་མེད་པའི་ཐོལ་བྱུང་གི་སྣང་བརྙན་ཞེ་ལོག་པ་ཞིག་གིས་བསམ་མི་ཤེས་པ་བཟོས་ཡོད་། ལྔ་དགུ་ལོའི་འོས་ལངས་ཆེན་མོ། གྱ་དགུ་ལོའི་ལྷ་སའི་ཟིང་ཆ་ཆེན་མོ་། ས་བྱི་ལོ་ཞི་རྒོལ་ཆེན་མོ། མེ་ལྕེ་ཆེན་མོ་སོགས་དྲན་ཐེངས་རེ་རེར་བསམ་གཞིག་གི་ཁ་ཕྱོགས་གང་ནས་འཚོལ་དགོས་པ་དང་། ཕུགས་བསམ་གྱི་ཁུངས་སྣེ་གང་ཞིག་འཛིན་དགོས་པ། རེ་ལྟོས་ཀྱི་གྲུབ་དོན་གང་་ནས་རྙེད་དགོས་པ། འཐབ་རྩོད་ཀྱི་ངོ་བོ་གང་ཞིག་ཡིན་དགོས་པ། ལྟ་གྲུབ་ཀྱི་གཞུང་ལུགས་གང་་ལ་ཐུག་ཡོད་པ། རིག་གནས་ཀྱི་རིན་ཐང་ཇི་ལྟར་སྲུང་བཞིན་པ་སོགས་ཡོད་ཚད་འཁྲུགས་སུ་བཅུག་ཡོད། རིན་ཐངངེས་པར་དུ་ཡོད་དགོས་པ་མང་པོ་ལ་རིན་ཐང་མེད་པ་ལྟ་བུའི་བཙན་བྱོལ་སྤྱི་ཚོགས་ཀྱི་སྣང་ཚུལ་དོན་དངོས་མི་ཉུང་བ་རེ་མིག་ལ་བབས་ཤིང་སེམས་ལ་འཛུལ་ཡོང་དུས་”ང་ཚོའི་ཚེ་སྲོག་ལ་རིན་ཐང་མེད་པ་ཡིན་ནམ”།”བོད་ཡིག་ལ་རིན་ཐང་དང་དུངས་ཞེན་མེད་པ་ཡིན་ནམ”ཞེས་དོགས་འདྲི་དང་། ཞེ་ལོག ཐུགས་ཁྲེལ། ཡིད་མི་རང་བའི་སེམས་འགྱུ་རྒོད་པའི་འདུ་ཤེས་བཙན་པོས་འཚང་ཁ་ཤིག་ཤིག་བྱས་ཚེ། “ཨ་་་་གནམ་སྔོན་པ་ཡ་་་་་་་་་་་གནམ་སྔོན་པོ”ཞེས་བློ་ཡུལ་ལ་མ་བྱུང་བའི་སྐད་ངག་འདི་ཤོར་འགྲོ་གི་ཡོད་པ་ཅི་ལ་མིན། འདི་ནི་བཙན་བྱོལ་བས་གཞིས་ལུས་པ་བློ་ཕམ་གྱི་གནས་སུ་བསྐྱལ་སྟངས་ཤིག་གོ།།
ངས་བློ་སེང་བཀའ་ཁྲིར་མ་བསྐོས་གོང་ནས་བློ་སེང་བོད་ཀྱི་མགོ་འཛིན་བསྐོས་ཉིན་མོ་ནས་བོད་རང་གི་ཐུན་མིན་གྱི་རིག་གནས་མཇུག་བསྡུས་བ་རེད་ཅེས་ཉེན་བརྡ་གསལ་པོར་བཏང་ཡང་ཉན་མཁན་མ་བྱུང་། ད་ཕྱིས་དྲག་པ་རེད། གུང་ཕྲན་གྱིས་པོ་ཏ་ལར་མེ་རྫས་འཕེན་ཉིན་མོ་ནས་བོད་ཀྱི་ཆབ་སྲིད་མཇུག་བསྡུས་ཀྱང་རིག་གནས་འཇུག་བསྡུས་མེད། ད་ཚར་སོང་བ་རེད། སེངྒེའི་སེམས་ངོགས་ལ་བོད་ཡིག་ཤེས་མཁན་དང་ནང་རིག་ཤེས་མཁན་རྣམས་ཤེས་ཡོན་པ་མཐོང་གི་མེད། ཁོང་གིས་ཤེས་ཡོན་པ་དང་ཆེད་ལས་པ་བསྡུ་སྐབས་གཞི་ཆགས་ནས་བོད་དང་བོད་ཀྱི་རིག་གནས་ངོ་མི་ཤེས་མཁན་རྐྱང་རྐྱང་བསྡུས་ཡོད།
དྲི་བ་འདི་དག་ལ་ལན་ཏག་ཏག་ཅིག་འདེབས་ནུས་མཁན་ཧ་ཅང་དཀོན་ཚོད་རེད་ལ་ལན་བཏབ་མཁན་ཚོ་ཡང་བསམ་ཚུལ་ཙམ་དང་སེམས་འཚོར་ཙམ་གྱི་རྗེས་སུ་འབྲངས་རྒྱུ་ཡིན་པ་ཕལ་ཆེར་རེད། བྱས་ཙང་དྲི་བ་དང་པོར་བསམ་ཚུལ་ཙམ་ཞུ་ན་འཇམ་ནོར་ལགས་དང་ཟླ་ནོར་ལགས་སོགས་དེང་རབས་ཤེས་ཡོན་པ་ཚོས་དབྱིན་ཡིག་ཐོག་རྩོམ་ཡིག་དང་དཔྱད་བརྗོད་དག་བོད་བསྒྱུར་མེད་པའི་རྒྱུ་མཚན་གཙོ་བོ་དེ། བཙན་བྱོལ་ནང་དབྱིན་བོད་གཉིས་ཀ་རང་སྐྱ་འཕེར་བ་ཞིག་ཧ་ལམ་དཀོན་ཚོད་རེད་ལ་འགའ་རེ་ཡོད་པ་དེ་ཚོ་ཡང་ལྷ་ཆོས་རིག་པའི་གཞུང་ལུགས་དེ་ཚོ་དབྱིན་ཡིག་ཏུ་བསྒྱུར་རྒྱུར་བྲེལ་བ་མ་གཏོག་དོན་དངོས་བོད་དང་མི་རིགས་ལ་ཁ་ཚ་དགོས་གཏུགས་ཀྱི་ཆབ་དཔལ་རིག་གསུམ་ཕྱི་ཕྱོགས་ནས་ནང་འདྲེན་བྱེད་རྒྱུའི་དུས་ཁོམས་མེད་པ་མ་ཟད་བྱེད་འདོད་ཡང་མེད་པ་དེ་རེད། རྒྱུ་མཚན་ལྷ་ཆོས་རིག་པའི་གཞུང་ལུགས་དག་ནུབ་ཕྱོགས་ཀྱི་མགོ་སེར་ཚོའི་འཁྲོད་འགྲོ་རྒྱུགས་ཧ་ཅང་ཆེ་ལ་ཆོས་ལུགས་ཀྱི་མི་སྣའི་ཡོང་སྒོ་དང་ཁེ་བཟང་ཡོད་ཚད་འདི་ལ་འཐུག་བསྡད་ཡོད་པ་རེད། བྱས་ཙང་ཟླ་ནོར་དང་འཇམ་ནོར་སོགས་ཀྱི་རྩོམ་ཡིག་དག་ཁོ་ཚོའི་འགལ་ཟླ་རང་བཞིན་ཅན་ཆགས་ཡོད་པ་མ་ཟད་རྩོམ་ལུས་ཆ་ཚང་ལ་མི་ལྟ་བར་སྐྱོན་བརྗོད་ཀྱི་ཚིག་འབྲུ་འགའ་རྡོག་བསྒྲུགས་བརྒྱབས་ཏེས་བོད་བསྒྱུར་གྱིས་ཁ་བརྡུང་དྲག་པོ་གཏོང་གི་ཡོད་པ་རེད། དེས་ན་ཁོ་ཚོའི་ངོར་བརྩམས་ཆོས་ཀྱི་རིན་ཐང་ཅི་ཡང་མེད་པ་རེད་ལ་བོད་ཡིག་གི་རིན་ཐང་དབྱིན་ཡིག་ལས་དམའ་བ་ཆགས་ཡོད་པ་རེད།
དྲི་བ་གཉིས་པ་དང་གསུམ་པ་གཞི་གཅིག་ཏུ་བཞག་ཏེས་ལན་འདེབས་ཚུལ་དུ་བསམ་ཚུལ་ཞུས་ན། སྤྱིར་བཙན་བྱོལ་གྱི་འཐབ་རྩོད་ཀྱི་ངོ་བོ་དང་ཁ་ཕྱོགས་དེ་རྒྱལ་སྤྱིར་ཕྱོགས་ཡོད་པ་ཏེ། རྒྱལ་སྤྱིའི་རྒྱབ་སྐྱོར་དང་རྒྱལ་སྤྱིའི་ངོས་ལེན་སོགས་གཙོར་འཛིན་བྱེད་ཀྱི་ཡོད་པ་ལས་བོད་ནང་དུ་ཕྱོགས་ནས་འཐབ་རྩོད་ཀྱི་ནུས་ཤུགས་མཉམ་སྤུངས་ཀྱིས་རྒྱ་ནག་ལ་ཁ་གཏད་ཀྱི་མེད་པ་དེ་རེད། བྱས་ཙང་རྒྱལ་སྤྱིའི་སྟེང་བོད་སྐད་ཡིག་གི་འགྲོ་རྒྱུགས་མེད་ལ་སྤྱི་ཚོགས་དང་འཁོར་ཡུག་སོགས་སྒོ་ཀུན་ནས་བོད་སྐད་ཡིག་ལ་རང་བཞིན་གྱིས་རྡུང་རྡེག་འཕོག་གི་ཡོད་པ་རེད། ཡང་ཅིག་བཤད་ན་བོད་ནང་ལ་ཡང་རྒྱའི་སྐད་ཡིག་མི་ཤེས་ན་བོད་སྐད་ཡིག་ག་ཚོད་མཁས་ཀྱང་གླ་ཕོག་ངེས་ཅན་ལྡན་པའི་ལས་རིགས་མི་བརྙེད་ལ་སྤྱི་ཚོགས་ནང་རང་བཞིན་གྱི་ལྐུགས་པ་ཆགས་འགྲོ་ཡི་ཡོད་པ་རེད། དེ་དེ་བཞིན་བཙན་བྱོལ་ནང་ནང་བསྟན་བསླབ་པ་སློབ་གཉེར་བྱེད་མཁན་རིགས་མ་གཏོགས་འཇིག་རྟེན་མི་ཆོས་རིང་ལུགས་ཀྱི་འཚོ་བ་སྐྱེལ་མཁན་དག་ལ་ཉིན་རེའི་འཚོ་གོས་ཐད་བོད་སྐད་ཡིག་གིས་འཚོ་བ་འཁྱོལ་ཐབས་མེད་ཙང་རང་བཞིན་གྱི་མཐུས་ཤོར་འགྲོ་ཡི་ཡོད་པ་རེད། ལྷག་པར་དུ་སྤྱི་ཚོགས་ཀྱི་ཤུགས་རྐྱེན་དེ་ལྡོག་ཏུ་མེད་པ་འདྲ་ཞིག་རེད། དེས་ན་མི་རིགས་ཀྱི་ངོ་བོ་མཚོན་རྟགས་སྐད་ཡིག་འདི་གཞིས་བྱེས་གཉིས་ལ་དཀའ་ངལ་རིམ་པ་འཕྲད་ཡོད་ལ་ད་དུང་ཡང་མི་རིགས་ཀྱི་ངོ་བོ་མཚོན་རྟགས་སྐད་ཡིག་འདི་བསྲུང་སྐྱོབ་བྱེད་པར་སྤྱི་ཚོགས་རང་བཞིན་གྱི་བཤན་ཞུགས་མེད་པའི་འཁོར་ཡུག་གཙང་མ་དེ་ཡིན་ཅིག་འཐབ་རྩོད་བྱེད་དགོས་པ་དེ་གནད་ཀྱི་དོན་པོ་རེད་དྲན་ཡོད།
ཨ་རིག་འགྱུར་མེད་ཁྱེད་རང་གིས་ངན་སྨྲས་བོད་ནས་བྱུང་བ་ཁ་གཡར་བ་ལ་ལེན་མེད་དོ།
ང་ཡང་བོད་སྐད་ཡིག་གཅེས་འཛིན་དང་དར་སྤེལ་ལ་ཚོར་བ་ཟབ་པའི་མི་ཞིག་ཡིན་པས་འདིར་ཁྱོད་ཚོ་དང་མཉམ་དུ་ཁ་བརྡ་བྱེད་སྙིང་འདོད།
འགའ་ཞིག་གིས་གོང་དུ་བཤད་པ་ལྟར། བོད་དང་བོད་པའི་ངོས་འཛིན་ད་ལྟའི་བར་ཡུན་གནས་ཐུབ་པ་ནི། ངེད་ཚོར་སྐད་ཡིག་ཁྱད་པར་བ་དང་དེའི་གཞི་རྩ་བརྡ་དག་ཆེས་ཕུལ་དུ་བྱུང་བ་ཡོད་པ་དང་། དེ་ལ་བརྟེན་པའི་ནང་རིག་གསོ་རིག་ཚད་རིག་སོགས་དཔྱོད་ལྡན་སུས་བརྟགས་ཀྱང་འགྲན་བཟོད་དཀའ་བའི་ཚོད་དུ་ཡོད་པ་དེ་ཡིས་བསྙོན་དུ་མེད། ད་ལྟ་ཡང་བཙན་བྱོལ་ནང་གི་ཚགས་དཔར་དུས་བབ་བང་ཆེན་ཟེར་བ་སོགས་ཀྱི་ཚོང་ར་ལྟེ་བ་གདན་ས་བཤད་གྲྭ་ཁག་ཡིན་པ་འདི་གཅིག་པུས་ཀྱང་ང་ཚོ་ལ་གོ་བརྡ་ཞིག་སྤྲད་ཀྱི་མིན་འདུག་གམ། དེ་ནི་ཨིན་ཇི་མ་ཤེས་པ་ཙམ་གྱིས་མིན་པར་བོད་སྐད་ཡིག་ལ་དུང་བ་ཟབ་པས་རེད་སྙམ། ཡིན་དང་ཡིན། གཞུང་ཆེ་མོ་ལ་སློབ་སྦྱོང་བྱེད་མཁན་འདི་ལ་དུང་བ་མི་ཟབ་ན་གང་ལ་ཟབ། དེ་བཞིན་སྨན་རྩིས་མཐོ་སློབ་ནས་ཐོན་པ་ཚོ་ཡང་ཨའུ་ཙམ་རེད། བྱས་ཙང་བཤད་འདོད་པ་ནི་སུ་ལ་བོད་ཀྱི་རིག་གནས་ལ་ཤེས་ཚད་ལོན་པ་དེ་རང་བོད་སྐད་ཡིག་ལ་དུང་བ་ཟབ། དགའ་བ་སྐྱེས། སྤོབས་པ་མཐོ། ང་ཡང་ཨིན་སྐད་ཤེས་ཚད་སྡུག་པོ་རང་མེད་དེ་ཡི་རངས་དམིགས་བསལ་གང་ཡང་སྐྱེས་མ་མྱོང་། དེ་ལས་བོད་ཡིག་འགྲོ་སྟངས་ཏོག་ཙམ་ཤེས་པ་དེས་དགའ་སྤོབས་དང་སེམས་ལ་ངལ་གསོ་རྣལ་མ་ཞིག་འབྱིན་གྱིན་འདུག ངོ་མ་ཡིན།
བོད་ཀྱི་སྐད་ཡིག་བོད་མིར་དགོས་འཁོ་མེད་པར་གྱུར་ཟིན་པ་ནས་བཟུང་ཕ་མ་བོད་མི་ཡིན་པའི་མི་ཙམ་ལས་བོད་མི་རྣལ་མ་ཞིག་ཏུ་ནམ་ཡང་འགྱུར་མི་སྲིད་ལ། ཅོ་རིས། བོད་ཡིག་འདི་ཤི་ན་བོད་མི་རིགས་ཤི་བ་ཡིན། ཟེར་བ་ལྟར་ཕུང་པོར་གསོན་པའི་རྣམ་འགྱུར་གང་ཡང་མེད་ན་གང་ཟག་དེ་ཤི་བར་ངོས་འཛིན་བྱས་པ་བཞིན། ཐུན་མིན་སྐད་ཡིག་དེ་ཞིག་རྗེས་མི་རིགས་གསོན་གནས་ཀྱི་རྣམ་འགྱུར་ཐམས་ཅད་རང་ཞིག་ཏུ་འགྲོ་བས་མི་རིགས་དེ་གསོན་པའི་ངོས་འཛིན་བརླགས་ཟིན་པ་ཡིན། ད་དུང་མུ་འཐུད་བཤད་འདོད་ཀྱང་འཕྱི་པོ་ཆགས་སོང་བས་ད་ལྟ་འདིར་མཚམས་བཞག་ནས་སང་ཉིན་ཡང་བསྐྱར་ཁ་བརྡ་བྱ་རྒྱུ་ཡིན།
བོད་ཀྱི་སྐད་ཡིག་སྐོར་བོད་མི་ཡོད་དོ་ཅོག་གིས་འགན་ཡིན་པ་ལས་ཚོགས་པ་སྒྲིགས་འཛུགས་གཅིག་པུས་འགན་ཞིག་མ་རེད། བཙན་བྱོལ་གཞུང་གི་སྒྲིགས་འཛུགས་དང་ཚོགས་པ་ཁག་གིས་བོད་དོན་གྱི་ལས་འགུལ་དང་དྲིལ་སྒྲགས། དེ་བཞིན་གཞན་དབང་སྟབས་ཀྱིས་ཆབ་དཔལ་རིག་གསུམ་གྱི་ཐད་ཀར་འབྲེལ་བ་བྱེད་ཡུལ་གཙོ་བོ་ནི་ཕྱིའི་མི་རིགས་ཡིན་པ་ལས་བོད་རིགས་མིན་པས་དབྱིན་ཡིག་འདིར་རྩིས་ཆེ་འཛིན་རྒྱུ་ནི་ལོས་དགོས། དེ་ནི་ལས་དབང་གིས་མི་རིགས་འདིར་བབས་པའི་དགོས་ཆགས་ཞིག་ཡིན་པས་གདམས་ཁ་དེ་ལས་མེད། བོད་ཀྱི་སྐད་ཡིག་རྒྱུན་འཛིན་དང་ཡར་འདེབས་སྐོར་ནི་བོད་མི་ཡོད་དོ་ཅོག་གིས་ལས་འགན་ཡིན་པ་ལས་གཞུང་དང་ཚོགས་པ་སྒྲིགས་འཛུགས་གཅིག་པུར་ངན་ཁག་གཡོག་མི་ཉེན། ལར་ནི་བཙན་བྱོལ་བོད་གཞུང་གི་གཞུང་འཛིན་ཡིག་ཆ་དང་འབྲེལ་ཡོད་ལྷན་ཁང་ཁག་གི་བར་བོད་ཡིག་སྐོལ་སྤྱོད་བྱེད་ཕྱོགས་སྐོར་བརྒྱད་བཅུའི་ཡར་སྔོན་དང་སྡུར་ན་དེང་སྐབས་ཡར་རྒྱས་ཡག་ཐག་ཅད་ཕྱིན་ཡོད། འོན་ཀྱང་ཡར་རྒྱས་ལ་མཐའ་མེད་པས་ཕྱོགས་གང་ས་ནས་ཡར་འདེབས་དགོས་རྒྱུ་ནི་ངེད་གངས་ཅན་པ་ཚང་མར་འགན་ཡོདོ།།
རང་བཙན་པ་དང་དབུ་ལམ་གཉིས་སུས་བོད་དོན་བསམ་མི་བསམ་དང་། བོད་ལ་ཁ་ཡོད་ལག་ཡོད་ཀྱི་ཐུགས་ཕྲལ་སུ་ལ་ཡོད་མེད། བོད་དང་བོད་མི་རིགས་གཉིས་ཀྱི་སྙིང་པོའམ་ངོ་བོ་འབོར་རླག་སོང་བར་འཕང་སེམས་གདིང་མ་
སུ་ལ་ཡོད་མེད་འདི་ནས་ཁ་གསལ་བཞིན་འདུག བོད་རང་བཙན་པ་ལ་མི་མོས་པ་མེད་རུང་། ཕུག་བསམ་ལ་ཤིན་
ཏུ་ནས་མི་དགའ། སྐད་ཡིག་མེད་པས་མི་རིགས་མེད། རང་བཙན་སུའི་དོན་ལ་རྩོད།
རང་བཙན་པ་ཚོར་ངེས་པར་དགོས་པའི་ཆ་རྐྱེན་ནི། དམིགས་ཡུལ་མ་འགྲུབ་པར་ལོ་བརྒྱ་སྡོད་དགོས་ཚེ་དེའི་རིང་ལ་སྐད་ཡིག་གཉིས་འབོར་རླག་མ་སོང་བའི་གདེང་ཚོད་དང་ཐབས་ལམ་དགོས་པ།
དམིགས་ཡུལ་མྱུར་འགྲུབ་ཆེད་དྲག་ལས་ལ་ཞུགས་ན། མགོ་ཚུགས་ནས་འཇུག་མ་རྫོགས་པར་མི་ཁྲི་ཕྲག་མང་པོ་གྲ་འགྲིག་དང་བར་མཚམས་མེད་པར་གཅིག་འཇུག་གཉིས་མཐུད་འགྲོ་ཐུབ་པའི་གདེང་ཚོད་དགོས། དེ་དག་ཚང་ངམ།
འཇམ་ནོར་སོགས་ཀྱི་ཀུན་སློང་ལ་སྐྱོན་བརྗོད་བྱེད་ཐབས་བྲལ་བ་མ་ཟད། དབྱིན་ཡིག་ཐོག་བརྩོམས་བྲིས་པ་ལའང་དགག་བྱ་མེད། ཁོང་རྣམ་པོ་ཚོ་དངོས་འབྲེལ་སེམས་གཏིང་ནས་བོད་དང་བོད་མི་རིགས་ལ་ཤ་ཚ་ཡོད་མེད། རིགས་པས་བརྟག་ན། ཁོང་རྣམ་པའི་ཨ་བ་ཚོས་བོད་ཀྱི་སྐད་ཡིག་ཤེས་ཚད་མཐོ་དམན་ག་ཚོད་ཡོན་མིན་དང་། མི་ལ་སློབ་གསོ་རྒྱག་སྐབས་བོད་སྐད་ཡིག་ལ་ཐུགས་སྣང་ག་ཚོད་གནང་མིན། ཁོང་རྣམ་པ་ཚོས་ངོས་ནས་དངས་བླངས་ཐོག་བོད་ཀྱི་སྐད་ཡིག་ལ་ཞབས་ཕྱི་ག་ཚོད་ཞུ་མིན་སོགས་ནས་ཕུག་བསམ་གང་མཚམས་ཞིག་རྟོགས་ཐུབ་སྙམ།
་་་་་་་་་ དེ་བཞིན་གཞན་དབང་སྟབས་ཀྱིས་ཆབ་དཔལ་རིག་གསུམ་གྱི་ཐད་ཀར་འབྲེལ་བ་བྱེད་ཡུལ་གཙོ་བོ་ནི་ཕྱིའི་མི་རིགས་ཡིན་པ་ལས་བོད་རིགས་མིན་པས་དབྱིན་ཡིག་འདིར་རྩིས་ཆེ་འཛིན་རྒྱུ་ནི་ལོས་དགོས། དེ་ནི་ལས་དབང་གིས་མི་རིགས་འདིར་བབས་པའི་དགོས་ཆགས་ཞིག་ཡིན་པས་གདམས་ཁ་དེ་ལས་མེད། བོད་ཀྱི་སྐད་ཡིག་རྒྱུན་འཛིན་དང་ཡར་འདེབས་སྐོར་ནི་བོད་མི་ཡོད་དོ་ཅོག་གིས་ལས་འགན་ཡིན་པ་ལས་གཞུང་དང་ཚོགས་པ་སྒྲིགས་འཛུགས་གཅིག་པུར་ངན་ཁག་གཡོག་མི་ཉེན། ་་་་་་་་་་ཟེར།
་་་་་་་་་་ ལྔ་དགུ་ལོའི་འོས་ལངས་ཆེན་མོ། གྱ་དགུ་ལོའི་ལྷ་སའི་ཟིང་ཆ་ཆེན་མོ་། ས་བྱི་ལོ་ཞི་རྒོལ་ཆེན་མོ། མེ་ལྕེ་ཆེན་མོ་སོགས་དྲན་ཐེངས་རེ་རེར་བསམ་གཞིག་གི་ཁ་ཕྱོགས་གང་ནས་འཚོལ་དགོས་པ་དང་། ཕུགས་བསམ་གྱི་ཁུངས་སྣེ་གང་ཞིག་འཛིན་དགོས་པ། རེ་ལྟོས་ཀྱི་གྲུབ་དོན་གང་་ནས་རྙེད་དགོས་པ། འཐབ་རྩོད་ཀྱི་ངོ་བོ་གང་ཞིག་ཡིན་དགོས་པ། ལྟ་གྲུབ་ཀྱི་གཞུང་ལུགས་གང་་ལ་ཐུག་ཡོད་པ། རིག་གནས་ཀྱི་རིན་ཐང་ཇི་ལྟར་སྲུང་བཞིན་པ་སོགས་ཡོད་ཚད་འཁྲུགས་སུ་བཅུག་ཡོད། ་་་་་་་ཟེར།
ད་ལྟ་ཡིག་རྒྱུགས་ལ་བྲེལ་བས་འབྲི་ཁོམ་གླེང་ལོང་མི་འདུག
ཕྱིས་སུ་རིམ་གྱིས་གླེང་སློང་བྱ་ངེས་ཡིན།
གལ་ཆེན་རེད་ལགས།
ང་ཚོ་ནི་མགོ་ལ་ཞྭ་འཛོམས་ན་རྐང་ལ་ལྷམ་མེད། རྐང་ལ་ལྷམ་ཡོད་ན་མགོ་ལ་ཞྭ་མེད་པས་རེད།
བཙན་བྱོལ་གྱི་མཁས་དབང་ཚོ་དྲ་ལམ་སྟེང་མ་གཏོགས་སློབ་གྲྭ་དང་སྤྱི་ཚོགས་སུ་ཤིན་ཏུ་མཇལ་ཁག་པོ་རེད།
བོད་ནང་དུ་ལོ་ཤས་སྔོན་ནས་བོད་སྐད་ཡིག་སློབ་དགོས་པའི་གོ་རྟོགས་སྔར་ལས་ཁྱབ་ཆེ་བར་སད་པ་དེ་བདེན་ཡང་། བཙན་བྱོལ་སྤྱི་ཚིགས་གཅིག་པུའི་བོད་ཡིག་གི་ཤེས་ཚད་ཞན་པས་ག་ལ་ཚད། བོད་ནང་དུའང་ས་ཆ་འགའ་ཤས་ན་བོད་ཡིག་གི་ཤེས་ཚད་ཡག་པོ་འདུག་པ་མ་གཏོགས། ས་ཁུལ་མང་ཆེ་བ་ན་བོད་ཡིག་གི་ཤེས་ཚད་སྐྱོ་བ་མ་ཟད། བོད་ཡིག་རྦད་དེ་མི་ཤེས་མཁན་ཤིན་ཏུ་མང་། ཐ་ན་བོད་ཕྱི་ནང་གི་དགོན་སྡེ་ཁག་གི་གྲ་བཙུན་ཚོའི་ཁྲོད་དུའང་བོད་ཡིག་གི་ཤེས་ཚད་ལྟར་མི་བཟོད་པ་གང་མང་འདུག
བོད་ཡིག་ཡག་པོ་མི་སློབ་པའི་ངན་ཁག་དཀྲི་ས་ནི་མགོ་ཁྲིད་རེ་ཟུང་དང་ཚོགས་པ་རེ་ཟུང་ཡིན་པར་འདོད་ན། གནས་ལུགས་དང་མི་མཐུན་པར་འདུག ཆིག་སྟོང་དགུ་བརྒྱ་དྲུག་ཅུའི་སྟོད་ནས་རྒྱལ་བ་རིན་པོ་ཆེས་བོད་སྐད་བོད་ཡིག་རྒྱུད་འཛིན་ཡག་པོ་དགོས་པའི་ལམ་སྟོན་བྱས་ཀྱང་། བཙན་བྱོལ་མི་མང་གི་གོ་རྟོགས་མ་སད་པར་སྣང་མེད་དུ་བཞག་པས་མཇུག་འབྲས་ངན་པ་བྱུང་། བོད་སྐད་བོད་ཡིག་སློབ་རྒྱུ་ནི་བོད་མི་སྤྱི་བྱིངས་ནས་རང་མོས་ཀྱིས་དང་དུ་ལེན་དགོས་པའི་འགན་འཁྲི་ཞིག་ཡིན་པ་དང་། བོད་མི་རེ་རེའི་ངོས་ནས་བོད་སྐད་ཡིག་གི་རིན་ཐང་ལ་འདུ་ཤེས་ཇི་ལྟར་འཛིན་པ་ལ་རག་ལས། དབྱིན་ཡིག་དང་རྒྱ་ཡིག་ལ་དོ་སྣང་དང་འབད་བརྩོན་བྱེད་ནའང་། བོད་ཡིག་སྦྱོང་བར་སྣང་མེད་དང་ལེ་ལོ་བྱེད་པའི་སྣང་ཚུལ་ནི་བོད་ཕྱི་ནང་གཉིས་ན་འདུག ཕྱི་ནང་གཉིས་ཆ་ནས་ཤུགས་རྒྱག་དགོས་པ་ལས། ཕྱི་ནང་བཀར་ནས་ཡག་ཉེས་གླེང་རིན་ཞིག་མི་འདུག བོད་ནང་ནས་བོད་སྐད་ཡིག་ཡག་པོ་མ་ཤེས་པ་ནི་རྒྱ་གཞུང་གིས་བཀག་རྒྱ་བཟོས་སོང་ཟེར་བའམ། བཙན་བྱོལ་ནང་ནས་བོད་ཡིག་ཡག་པོ་མ་ཤེས་པ་ནི་ཁོར་ཡུག་དང་མཐུན་རྐྱེན་མེད་པས་ཡིན་ཟེར་ནས། ཁ་གཡར་ས་དང་ཁག་འཇོག་ས་ཞིག་བཤད་ནས་མི་འདུག་པར། རང་ཉིད་ནས་གོ་སྐབས་བཙལ་ཏེ་ཉིན་ལྟར་འབད་པ་ཕྲན་བུ་རེ་བྱས་ན་བོད་ཡིག་བོད་སྐད་ཡག་པོ་ཞིག་ཤེས་ངེས་ཡིན།
༡༦༽ ཤར་པ་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༢༦ གི་ཆུ་ཚོད་ ༡༥ སྐར་མ་ ༢༡
ཨ་རིག་འགྱུར་མེད་ཁྱེད་རང་གིས་ངན་སྨྲས་བོད་ནས་བྱུང་བ་ཁ་གཡར་བ་ལ་ལེན་མེད་དོ།
་་་་་་་་་་་ཟེར།
བོད་པ་ཞིག་གི་བོད་རང་གི་སྐད་དང་ཡི་གེ་གཉིས་ལ་དུངས་ཞེན་བོར་བའི་ཉི་མ་དེ་ནི་བོད་ཀྱི་འཐབ་རྩོད་ལ་མཇུག་སྡོམ་རྒྱབ་པ་དང་མཚུངས། མི་རིགས་རང་གི་སྐད་ཡིག་བོར་སོང་ན་། ང་ཚོ་ནི་བླ་སྲོག་དང་བྲལ་བའི་མྱི་དང་གཅིག་པ་ཡིན།
སྲིད་སྐྱོང་དང་ཁོང་གི་བཀའ་ཤག་ལ་ངའི་ངོས་ནས་སྔ་བར་འཕྱི་གསུམ་དུ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱས་པ་ཡིན་ལ། དུས་ད་ལྟ་ཡང་ཕྱོགས་གཞན་གང་ཐད་ནས་ཡིད་ཆེས་ཡོད་ཀྱང་། བོད་ཀྱི་སྐད་ཡིག་ཐད་འཛིན་པའི་སྲིད་ཇུས་ཇི་ལྟར་ཡིན་ནམ། ང་ཐེ་ཚོམས་ངང་གནས་ཡོད།
༄། ༧གོང་ས་མཆོག་གིས་བཏོན་གནང་བའི་དབུ་མའི་ལམ་གྱི་སྲིད་བྱུས་དེས་བོད་ཀྱི་ཆོས་དང་རིག་གནས་ཙམ་ཉར་ཚགས་བྱེད་ཐུབ་པ་ལས་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་བྱེད་ཐུབ་པའི་ནུས་པ་གང་ཡང་མེད། རྒྱུ་མཚན་ནི། རྒྱ་མི་རིགས་ཆེན་པོ་དང་མཉམ་གནས་བྱས་པས་རེད། མི་རིགས་ཀྱི་ངོ་བོ་སྲུང་ཉར་བྱེད་དགོས་ན་ས་ཆའི་བདག་དབང་མེད་དུ་མི་རུང་བ་ཡིན་པ་ཆབ་སྲིད་པ་ཚང་མས་ཤེས་ཟིན། དེས་ན་ངས་ཆབ་སྲིད་ཀྱི་ཐོག་ཕན་ཐོག་མེད་པ་གྱོང་ཁ་ཆེ་རུ་གྲོ་ངེས་རེད་ཅེས་བཤད་པ་ཡིན།ཆོས་ནི་རང་མི་རིགས་ཀྱི་ངོ་བོ་མཚན་བྱེད་མིན་ལ་ཧི་མ་ལ་ཡི་མི་དང་ནང་པ་སྤྱིའི་འཛིན་སྐྱོང་བྱེད་ཐུབ་ལ་དེ་ལ་ས་མཚམས་ཀྱང་མེད། ཆོས་ཚད་ལྡན་དུ་གནས་ཀྱང་མི་རིགས་རླག་སྲིད། མི་རིགས་ཉར་ཚགས་བྱེད་པར་དེའི་ཐུན་མིན་གྱི་ཁྱད་ཆོས་གོམ་སྲོལ་རྣམས་རྒྱུན་འཛིན་ཐུབ་དགོས། དེའི་ནང་སྐད་ཡིག་ཀྱང་ཚུད་ཡོད། དེ་ལ་རང་དབང་དང་དམིགས་བསལ་ས་གནས་ཤིག་ཀྱང་མེད་དུ་མི་རུང་བ་ཡིན། རྒྱ་འོག་ནས་དེ་ལྟར་བྱེད་མི་ཐུབ་པ་ཤེས་དགོས།
བོད་ཕྱི་ནང་གཉིས་ལས་བོད་ཀྱི་རིག་གནས་སྐད་རིགས་སོགས་ལ་གཅེས་སྐྱོང་ཤ་ཞེན་སུ་ལ་ཡོད་མིན། ངས་འདི་ནས་དྲྭ་གྲོགས་རྣམ་པ་ཚོར་ཞུ་མ་དགོས་པ་ཞིག་རེད། འོན་ཀྱང་བོད་ཕྱི་ནང་གི་སྲིད་བཅོས་ལངས་ཕྱོགས་དང་དུས་བབས་ལ་གཞིགས་ན་ཡིད་སྐྱོ་བའི་སྣང་ཚུལ་ཞིག་རེད། གང་བྱེད་ན་མ་བྱེད་ན་མ་འོངས་བོད་ཀྱི་ཚེ་སྲོག་འཚོ་གཞེས་་ཇི་ལྟར་གནས་དགོས་མེད་ངས་ཀྱང་བཤད་དཀའ་བ་ཞིག སྤྱི་བཏང་སྲིད་བཅོས་སོགས་རྙོག་དྲ་ཚོ་ཞེ་དྲག་རེད། མ་འོངས་པའི་བོད་སྐྱབས་འཇུག་སུ་ཞུ།
ལོག་སྨྲ་ཚར་གཅོད་ལགས། ཁྱོད་ལོག་སྨྲ་ཚར་གཅོད་ཞིག་རེད་མི་འདུག་ལོག་སྨྲའི་རྗེས་འབྲང་ཞིག་རེད་འདུག ཆོས་དང་རིག་གནས་བོད་མི་རིགས་མཚོན་བྱེད་མིན་ན་ཡང་། བོད་པའི་ཆོས་དང་རིག་གནས་བོད་པ་མཚོན་བྱེད་རེད་དམ་མ་རེད། སྤྱི་བཏང་དབུ་མའིལམ་དེ་བོད་ཀྱི་ཆོས་དང་རིག་གནས་ཀྱི་སྲུང་སྐྱབས་ནུས་པའི་ཁོར་ཡུག་ཞིག་ཆགས་ན། བོད་མི་རིགས་ཇི་ལྟར་སྲུང་སྐྱབས་མི་བྱེད། དེང་དུས་མཁས་པ་རྣམས་ཀྱིས་མི་རིགས་མཚོན་བྱེད་ནི་རང་རང་གི་རིག་གནས་སམ་ཆོས་དང་རིག་གནས་ལ་ངོས་འཛིན་གནང་གི་ཡོག་རེད། འོ་ན་ཁྱོད་ཀྱིས་མི་རིགས་མཚོན་བྱེད་གང་འདྲ་ཞིག་ལ་ངོས་འཛིན་བྱེད་དམ། ཀུ་རེའི་ཁ་ནས་གཞན་གྱི་གོ་རྟོགས་ལེན་དགོས། ཧཧཧཧཧཧཧཧཧཧཧཧ
བོད་པའི་ཁ་ཆེ་བའི་ཆོས་ལུགས་དེ་བོད་མི་རིགས་ཀྱི་ངོ་བོ་མཚོན་བྱེད་རེད་དམ།
ཁྱེད་རང་ཚོས་སྐད་ཡིག་སྐད་ཡིག་ཟེར་ནས་སྨྱོ་མ་བསྡད་ཤིག། མི་རིགས་ཞིག་ལ་བདག་པའི་གནམ་ས་གོར་མོ་ཞིག་ཡོད་ན་འགྲིག་པ་རེད། དེ་ནས་ས་དེ་དང་ཡུལ་དེ་ལ་དགོས་པའི་སྐད་ཡིག་དང་མིང་ཚིག་གསར་བ་སྒྲུག་ཆོག་གི་རེད། དེ་མིན་ཡོད་ཚད་ཀྱི་མགོ་དང་སྙིང་ཡག་པོ་འདུག། ལེན་གི་ཡིན་ཟེར་ན་དགོད་ཁ་འཆོར་ས་རེད།
བཀའ་བསྟན་སོགས་མང་པོ་བསྒྱུར་ཚར་བ་རེད། མང་ཆེ་བའི་སྒང་ལ་ས་རྡུལ་ཆགས་ཡོད་པ་ཨ། ལག་ལེན་དང་ཆེད་སྦྱོང་བྱེད་ནི་མེད་ན། ང་ཚོ་འདྲ་བའི་མཆན་པ་གླན་པ་འགས་ཧོ་སྐོར་བྱས་མ་བྱས་ཅང་ཡོད་ནི་མ་རེད།
རྒྱལ་ཁབ་ཞིག་ཡོད་ན་སྐད་ཡིག་ག་རེ་ཡིན་ན་འགྲིག་ནི་རེད། གཙོ་བོ་ཁ་ཁོག་གཉིས་ནས་གོ་བརྡ་གོ་རྟོག་བྱུང་ཐུབ་ན་འགྲིག་གི་ཡོད་པ་རེད།
གོང་གི་དྲི་བ་དེ་ཚོ།
སྲིད་དོན་དམིགས་རྩར་བཟུང་ནས་བཏོན་པ་ཞིག་མིན་པར། སྐད་ཡིག་གི་ང་རྒྱལ་ལངས་བ་ཞིག་ཡིན་དུས། ང་ལ་ནི་ལན་ཞིག་མི་འདུག། གཙོ་བོ། བོད་ཡིག་གི་ལམ་ནས་དུས་རབས་གསར་བའི་མདུན་ཕྱོགས་ལ་དེ་འདྲའི་རྟ་རྒྱུག་འཐེན་ཆོག་ཆོག་ཞིག་མེད་པ་ང་ཚོ་ཚང་མ་ལ་ཕྱི་གསལ་ནང་གསལ་ཡིན་པ་ཨ། ད་དུང་ཡང་བོད་ཡིག་གིས་ཟ་སྐད་འཐུང་སྐད་ཅི་བཞིན་པ་ཞིག་འབྲི་ཐུབ་ཀི་མེད་པ་ཨ། དང་པོ་དེ་ཚོ་ལ་བསམ་བློ་འཁོར་ན་བཟང་།
ཆེད་ལས་ག་གེ་མོ་བ་ཞིག་བྱེད་འདོད་མེད་ན། ཁྱི་ཁ་བདག་བཟུང་མེད་པ་དེ་མ་ཟུག་ཤིག། གུས་པ་དང་བཅས་འབྲི་ཐལ་སོང་།
བོད་མི་ཚང་མརསྐད་ཡིག་བསྲུང་སྐྱོབས་ཀྱིས་འགན་ཡོད་པ་ལོས་བདེན། ད་ལྟ་ང་ཚོས་འདྲི་བར་ལན་འདེབས་བཞིན་པ་ལྟར་དེ་དག་ལ་ནང་གལ་གྱི་ཕུང་པོ་ཆེན་པོ་འདུག་ཟེར་བ་རེད། དེས་མི་རེ་ངོ་རེ་ལ་འགན་མེད་ཞུས་པ་མ་རེད་དོོ།
བོད་ཡིག་ནི་བོད་ཀྱི་རིག་གཞུང་གི་སྲོག་རྩ་རེད་ལ། བོད་ཀྱི་རིག་གཞུང་ནི་བོད་མི་རིག་གི་སྲོག་རྩ་རེད། བོད་མི་རིགས་འདི་ཤིང་སྡོང་ཞིག་ཡིན་པའི་དབང་དུ་བཏང་ན་ཤིང་སྡོང་གི་རྩ་བ་ལྟ་བུ་ནི་སྐད་ཡིག་དང་རིག་གཞུང་རེད། དེས་ན་སྐད་ཡིག་དང་རིག་གཞུང་འདི་ནམ་གནས་ཀྱི་བར་ལ་མི་རིགས་ཀྱི་ངོ་བོ་གནས་ཀྱི་རེད་ལ། སྐད་ཡིག་དང་རིག་གཞུང་འདི་འདི་ག་དུས་བརླག་སོང་ན་མི་རུགས་ཀྱི་ངོ་བོ་དེ་དུས་བརླག་སོང་བ་རེད། མདོར་ན་སྐད་ཡིག་དང་མི་རིགས་གཉིས་མཉམ་ཤི་མཉམ་གནས་རེད།
ནང་གི་སྲོག་འཚོ་བར་འདོད་པར་ཕྱིའི་གཟུགས་གཞི་གལ་ཆེན་མི་བརྩི་བར་ཡ་མཚན་རེད་ཡ། གཟུགས་གཞི་ཐང་ཐང་མེད་པར་ད་དུང་ནད་ཡམས་ཀྱིས་ཁེངས་པའི་སར་བཙན་གྱིས་འཛུལ་འདོད་ཀྱིས་སྲོག་འཚོ་དགོས་ཟེར་ན་ཅི་འདྲའི་ཡ་མཚན་མ་རེད་པས།
གོ་ཐོས་ལྟར་ན། ཨ་རིག་འགྱུར་མེད་གྱིས་གཞན་གྱི་དྲི་བ་ཡིན་མདོག་གིས་སྤེལ་བའི་གླེན་བཤད་འདིར་དམིགས་ཡུལ་གཅིག་རང་ལས་ཡོད་མ་རེད་ཟེར། དེ་ནི་བོད་ཡིག་དང་ཤེས་ཡོན་སོགས་དང་འབྲེལ་བ་གཏན་ནས་མེད་པ་ཞིག་རེད། གླེན་བཤད་འདིའི་དམིགས་ཡུལ་གཙོ་བོ་ནི། ་་་་་་སྲོང་བཙན་སྒམ་པོའི་ཡང་སྤྲུལ་མཁས་དབང་བློ་བཟང་སེངྒེ་་་་་་ ཟེར་བའི་གླེན་གཏམ་འདི་ང་ཚོའི་རྣ་བར་ག་ལེར་གོམས་ལོབས་སུ་གཏོང་ཆེད་རེད་ཟེར། བོད་ཕྱི་ནང་གཉིས་སུ་གླེན་བཤད་སྤེལ་མཁན་གྱི་མི་སྐོར་ཞིག་ལ་གླ་ཆ་སྤྲད་ཡོད་རབ་ཟེར། ཨ་རིག་འགྱུར་མེད་ཟེར་བ་དེ་དེ་དག་ཁྲོད་ཀྱི་གཅིག་རེད། ད་དུང་གླེན་བཤད་ག་རེ་བྱེད་རྒྱུ་འདུག་ལྟོས་ཨ།
ནང་པའི་ཆོས་རྒྱལ་དང་པོ་སྲོང་བཙན་སྒམ་པོ་། རྒྱལ་པོ་སྲོང་བཙན་རང་གི་དྲན་གསོ་དང་། ད་ལྟའི་འོས་བསྡུའི་ལམ་ནས་ཐོབ་པའི་སྲིད་སྐྱོང་བློ་སེང་ལགས། སྲིད་སྐྱོང་བློ་སེང་གི་གུས་ཞབས་བྱེད་དགོས་པ་གཉིས་ཉ་ཉུང་མ་བསྲེས་རོགས་ཞེས་རེ་བསྐུལ་ཞུའོ།།