ཁ་བའི་འབྲོག་མོ།
མ་ཐུག་འདུན་མས་ཅེར་གྱིས་བལྟས་པའི་ཚེ།།
རྒྱང་རིང་སྤྲིན་ཕུང་གསེང་ན་ཡིད་འོང་ཞིག །
དེ་ཡི་ཕྱོགས་སུ་བཅར་བའི་སྤྲོ་བ་དེ།།
མི་མངོན་རབ་རིབ་འཕྲུལ་གྱིས་བཀོད་པ་ཉིད།།
ཁྲུང་ཁྲུང་དཀར་བོ་བྱང་དུ་བསྐྱོད་པའི་དུས།།
རྐང་དྲུག་གཞོན་ནུའི་ངག་གི་འགྱུར་ཁུགས་མཛེས།།
དྲན་པའི་ན་ཟུག་ལྕི་བའི་ཕ་མཐའ་ན།།
ཁྱེད་ཀྱི་སྐད་ངག་བར་སྣང་མཐའ་ན་སྙན།།
ཡིད་འོང་གྲེ་འགྱུར་ཐེངས་གཅིག་ཉན་པ་འདིས།།
དགའ་བའི་དུས་ཚོད་ཐམས་ཅད་འཛོམས་པ་བཞིན།།
ཅི་དགར་རོལ་མྱོང་བྱེད་པའི་ཆ་དེ་ལ།།
སྒྱུ་མའི་ལག་པ་གནམ་ཀྱི་མཐའ་ལ་བསྲིངས།།
ཁྱོད་ནི་སྲོང་བཙན་སྒམ་བོ་དེ་མ་ཡིན།།
ཁྱོད་ནི་གཤེན་རྗེ་ཆོས་རྒྱལ་དེ་ཡང་མིན།།
འཇིགས་ཤིང་དངངས་པའི་ཚོར་བ་ཕྲ་མོ་འདི།།
བདེ་སྐྱིད་ཐམས་ཅད་གཅིག་ཏུ་འདུས་པའོ།།
ཁྱོད་ནི་མེ་དང་ས་དང་ཆུ་མོ་བཞིན།།
བརྩེ་བའི་མདུད་པ་བཤིག་པ་ཡོད་མ་ཡིན།
འགྱུར་མེད་ལྷུན་པོའི་རང་གཟུགས་བརྟན་པའམ།།
སྐྱིད་པའི་ལྷ་ཡུལ་དགའ་བས་བརྟས་པ་འདྲ།།
དྲན་པས་མནར་བ་ནད་ཀྱི་གཞི་མ་སྟེ།།
ལྷ་རྗེ་གཡུ་ཐོག་ཕེབས་ཀྱང་བཅོས་ཐབས་མེད།།
མེ་རིའི་དཀྱིལ་ལ་ལྷུང་ཡང་མི་བརྗེད་ཅིང་།།
སྤུ་གྲིའི་དོང་ཁར་བསྐྱོད་ཀྱང་ག་ལ་ཞིག།
ཁྱོད་ཐོས་དགའ་བའི་འཕྲུལ་གྱིས་བཟུང་བ་དེ།།
ཁོ་མོའི་རྣ་བའི་རྒྱ་མོའི་འཁྲུལ་བ་ཉིད།།
དགའ་སྐྱོ་ཚོར་བ་ཕྲ་མོའི་སྐུད་པ་ཞིག།
ཁྱེད་ཀྱི་ཕྱོགས་ལ་ཟམ་པའི་ཚུལ་ཏུ་འཐེན།།
དྲ་བའི་ནང་གི་དབྱངས་རྟས་ཅི་ཞིག་ཐོབ།།
བྱེ་མ་བརྩིགས་པའི་གཞལ་ཡས་ཕོ་བྲང་འདྲ།།
ནམ་མཁའི་དཀྱིལ་ལ་མཛེས་པའི་སྤྲིན་པ་དེ།།
དེ་རིང་བདག་གི་སེམས་དང་གཅིག་ཏུ་འདུས།།
ཡ་མཚན་སྒྲུང་གཏམ་རྣམས་ཀྱི་བྱུང་བ་ལས།།
བདག་གི་ཡིད་ལ་སྤྲོ་བའི་དབྱངས་རྟ་འཁྱུད།།
ང་ཡི་སེམས་ཀྱི་རྨི་ལམ་ཕྲ་མོ་འདི།།
ཁྱེད་ལ་བསྟབས་པའི་མེ་ཏོག་མཐའ་མ་ཉིད།།
2014/4/10
དྭངས་གཙང་སེམས་ཀྱི་གནམ་མཁའ་སྟོང་པ་ནས།
ཁྲུང་ཁྲུང་དཀར་བོ་བྱང་དུ་བསྐྱོད་སྐབས་སུ།
ལྷ་བྱ་སེམས་པ་ཤོར་སའི་གླུ་དབྱངས་དེ།
ཁ་བའི་འབྲོག་མོས་ལེན་པའི་གྲེ་འགྱུར་རེད།
ཁྲ་ཡག་རྫ་འགོ་སྨུག་པས་བསྒྲིལ་དུས་སུ།
བྲེ་སེར་འབྲོང་མོ་སེམས་པ་སྐྱོ་སྐབས་སུ།
རང་སེམས་གསོ་བའི་གླུ་ཞིག་ཐོས་པ་དེ།
ལུག་རྫི་འབྲོག་མོས་ལེན་པའི་གྲེ་འགྱུར་རེད།།
མི་མངོན་བར་སྣང་འཕྲུལ་གྱི་དྲ་བ་ནས།
སྙན་པའི་གྲེ་འགྱུར་ལན་གཅིག་ཐོས་པ་འདི།
སྤང་ལྗོངས་མེ་ཏོག་དཀྱིལ་གྱི་རྩྭ་ཐང་ན།
ལུག་རྫི་འབྲོག་མོ་ཐུག་པའི་སྣང་བ་ཞིག་་་་་་་་ཁྱོད་ཀྱི་སྙན་ངག་འདི་སྙན་ཐག་ཆོད་ནས་ངས་ཀྱང་ཚིག་གསུམ་འབྲི་ཁུལ་བྱས་པ་ཡིན། ང་སྙན་ངག་འདི་འདྲ་ལ་དགའ་པོ་ཡོད།།་་ཧཧཧཧ
ཁ་བའི་འབྲོག་མོའི་སྙན་ངག་འདི་སྙན་གི་ཡ། མོ་རང་དངོས་གནས་འབྲོག་མོ་ཞིག་ཡིན་ནམ། ཡིན་ན་དགའ་རོགས་སྒྲིག་འདོད་འདུག །
ཤིན་ཏུ་སྙན་པོ་འདུག