ཁ་བའི་འབྲོག་མོ།
འཕྲུལ་གྱིས་ཉར་བའི་ཕྱིར་མིག་རིང་མོ་འདི་མཐོང་ན།།
འདས་པའི་གཏམ་རྒྱུད་སྙིང་གི་དཀྱིལ་འཁོར་ལ་ཟུག་སོང་།།
སྐད་ཅིག་ཙམ་ལ་ཐོབ་པའི་ཟག་མེད་ཀྱི་བདེ་བ།།
ངོ་སོ་བསྟོད་པའི་ཁ་གཡང་སྙན་ངག་བཞིན་གྱེར་སོང་།།
དྲན་པའི་མེ་ཏོག་མིག་གི་ཕ་མཐའ་ལ་འཛུམ་ན།།
འོད་གྱིས་བྱས་པའི་འཕྲང་ལམ་དྲན་ཤིང་གི་དངོས་གྲུབ།།
འདོད་པའི་ཆུ་ཀླུང་དགའ་བའི་ལྷ་ཡུལ་གྱི་བདུད་རྩི།།
འདབ་མ་སྟོང་ལྡན་སྒེག་མོའི་གཤོག་རྩེ་དང་བསྡོངས་བྱུང་།།
ད་ལོ་མ་ཐུག་སང་ལོར་རེ་འདུན་གྱིས་བཏེགས་པའི།།
སེམས་ཀྱི་སྟངས་སྟབས་དགུང་གི་སྤྲིན་པ་དང་འདྲ་བྱུང་།།
ལྷད་མེད་དངོས་གྲུབ་བརྩེ་བ་ཆེན་པོ་དེས་སྲུང་བའི།།
སྙིང་གི་ཕུར་མདུད་དབྱངས་ཅན་ལྷ་མོ་ལ་བསྟབས་ཡོད།།
དགའ་བའི་དུས་ཆེན་མཛའ་བའི་གཞས་ཆུང་གི་དབྱངས་རིས།།
འཛུམ་པའི་སེམས་ཀྱི་གཏམ་རྒྱུད་རིང་མོ་ཞིག་དཀྲོལ་སོང་།།
བརྩེ་ཆེན་གཞོན་ནུའི་ཞལ་རས་འཛུམ་མདངས་ཀྱིས་བཞད་པའི།།
སེམས་ཀྱི་མེ་ཏོག་དམར་པོ་སྙན་ངག་དང་འདྲེས་སོང་།།
སྐྱིད་པའི་བདེ་བ་འཚོལ་བའི་རྣམ་ཤེས་ཀྱི་ཆ་ལ།།
བར་དོའི་འཕྲང་ལམ་ཕྲ་མོར་གསེར་རྩི་ཡིས་བྱུགས་ཏེ།།
བྱུ་རུའི་མེ་ཏོག་བཞད་པའི་བརྩེ་བ་དེ་འབུལ་བཞིན།།
འོད་དང་འཇའ་ཡི་གུར་ཁང་ནམ་མཁའ་རུ་བཀོད་བྱུང་།།
2014/4/7