རླབས།
ཁར་སང་ཕྱི་ཚེས་ཉེར་བདུན་གྱི་དགོངས་མོར་ཨ་རིའི་སྲིད་དོན་པ་སྐུ་ཞབས་མེས་གྲི་རོམ་ནེས་(Mitt Romney)ལགས་ཀྱི་འོས་བསྡུའི་གཏམ་བཤད་ཅིག་ཏུ་འདི་ལྟར་གསུངས་སོང་། ད་ལྟའི་ཨོ་བྷ་མའི་གཞུང་གི་སྐྱོན་ཆེ་ཤོས་ནི་གཞན་གྱི་སྐྱོན་བརྗོད་ལ་ངོས་ལེན་བྱེད་མི་ཐུབ་པ་དེ་རེད། དེའི་ཕྱིར། སྐྱོན་བརྗོད་ངོས་ལེན་བྱེད་མི་ཐུབ་པའི་མི་ཞིག་གིས་རང་ཉིད་ཀྱི་ལེགས་ཉེས་དབྱེ་བ་ནམ་ཡང་འབྱེད་མི་ཐུབ་ཟེར། སྐད་ཆ་དེ་ཏག་ཏག་ “ང་ཚོའི་སྟོབས་ཤུགས་ངོ་མ་དེ་གང་ཡིན”ཞེས་པའི་གཤམ་མཆན་འགོད་མཁན་དྲ་གྲོགས་དག་ལ་ལན་འདེབས་བྱས་པ་དང་ཇི་འདྲའི་འདྲ་ཨང་།
གལ་སྲིད་བཙན་བྱོལ་བོད་ཀྱི་སྤྱི་ཚོགས་འདིའི་གཞི་རིམ་ཆབ་སྲིད་ཀྱི་ལྟ་བ་དམངས་གཙོ་རིང་ལུགས་ཡིན་པ་བདེན་ན། གནད་དོན་དང་བོ་སྤྱི་ཚོགས་ཀྱི་དཀྱིལ་འཁོར་འདིའི་ནང་དུ་སྐྱོན་བརྗོད་བྱེད་མི་རུང་བའི་སྐྱེས་བུ་སུ་གཅིག་ཀྱང་མེད་པ་ཡིན། བླ་མ་དང་དཔོན་པོ། མཁས་པ་དང་ཕྱུག་བདག་སོགས་སྤྱི་ཚོགས་འདིའི་སྐྱེ་བོ་མཐོ་དམའ་སུ་ཡིན་ཡང་དམངས་གཙོའི་ཁྲིམས་ལུགས་ཀྱི་འོག་ཏུ་འདྲ་མཉམ་ཡིན་ལ། དེ་བཞིན་དམངས་གཙོའི་སྤྱི་ཚོགས་སུ་སྐྱོན་བརྗོད་དང་སྐྱོན་དཀར་འདོན་བྱེད་པའི་ཐོབ་ཐང་གཉིས་ཀྱང་འདྲ་མཉམ་དུ་ཡོད་པ་ཡིན། གཞན་གྱི་སྐྱོན་བརྗོད་ལ་རང་ཉིད་སོ་སོའི་རྣམ་དཔྱོད་དང་ཞིབ་འཇུག་བརྒྱུད་ནས་འདོར་ལེན་བྱེད་དགོས་པ་ལས་སྐྱོན་བརྗོད་དང་དཀར་འདོན་ཡོད་ཚད་བདེན་པ་ཡིན་པའི་ངེས་པའང་མེད།
བླ་མ་དང་དཔོན་པོར་སྐྱོན་བརྗོད་བྱས་མི་ཆོག་པའི་དམངས་གཙོ་ཞིག་འཛམ་གླིང་ལོ་རྒྱུས་ཀྱི་ནང་དུ་བྱུང་མྱོང་མེད་ལ། གལ་སྲིད་བོད་ཀྱི་དམངས་གཙོ་དེ་སྐྱེས་བུ་བྱེ་བྲག་པ་ཁ་ཤས་ལ་སྐྱོན་བརྗོད་བྱེད་མི་རུང་བའི་ལམ་ལུགས་ཞིག་ཡིན་ཟེར་ན། དེ་ནི་རྒྱ་ནག་གཞུང་གི་དཔོན་པོ་ཚོར་མི་མང་གིས་བསྟོད་བསྔགས་རྐྱང་རྐྱང་ལས་སྐྱོན་བརྗོད་བྱེད་མི་ཆོག་པ་དང་གཅིག་མཚུངས་མ་ཡིན་ནམ་ཞེས་བདག་གིས་ལྡོག་འདྲི་བྱེད་པར་འདོད།
༢༠༡༠ ལོར་ལྡི་ལིར་སློབ་ཆེན་འགྲིམ་བཞིན་པའི་སློབ་ཕྲུག་ཅིག་གིས ༧གོང་ས་མཆོག་ལ་བོད་ཀྱི་ཆབ་སྲིད་འཐབ་རྩོད་ཁྲོད་(M. Gandhi)འགན་ངྷི་དང་(martin luther king)མར་གྲིན་ལོས་ངྷིར་ཀེན་སོགས་ནང་བཞིན་མི་མང་དང་དངོས་སུ་མཉམ་ཞུགས་གནང་ནས་སྣེ་ཁྲིད་བྱེད་དགོས་པའི་རེ་འདུན་བཏོན་པར། སྐབས་དེའི་སྐུ་འཁོར་བ་ཁ་ཤས་ཀྱིས་སློབ་ཕྲུག་ཉམ་ཆུང་དེ་གསང་ཉུལ་བ་དང་ཤུགས་ལྡན་སོགས་མིང་འདྲ་མིན་གཡོགས་ནས་ཨུ་ཐུག་པའི་གནས་སུ་བསྐྱལ་བ་གོ་ཐོས་བྱུང་ཞིང་། དེ་བཞིན་༢༠༡༡ལོར་རྡ་ས་རུ་ཤར་ཕྱོགས་ཁུག་རྟ་ཟེར་བའི་མི་རྐྱང་ཞིག་གིས་བཀའ་བློན་ཁྲི་བ་དང་འབྲེལ་བའི་རྩོམ་ཡིག་ཅིག་བྲིས་པའི་གནད་དོན་ལ་བརྟེན་ནས་ལས་གནས་ལས་ཕྱིར་ཕུད་བཏང་རབས་གོ་ཐོས་བྱུང་། དམངས་གཙོའི་ཚད་གཞི་འདི་ཙམ་གྱིས་ང་ཚོ་གར་ཡང་ཕྱིན་མི་ཐུབ་ལ་གར་ཡང་སྙེགས་མི་ཐུབ་པ་ཐག་ཆོད་རེད། ང་ཚོས་རང་ཉིད་ཀྱི་རླབས་ཆེ་བའི་མི་སྣ་དག་གི་བླ་ན་མེད་པའི་མཛད་རྗེས་ལ་བསྟོད་བསྔགས་ཀྱི་མེ་ཏོག་གང་འདོད་དུ་གཏོར་ཆོག་པ་བཞིན་མཚམས་རེར་ཁོ་ཚོར་དགག་བཞག་དང་དོགས་སློང་རེ་ཡང་བྱས་ན་ཅིས་མི་ཆོག
བོད་བརྒྱུད་ནང་བསྟན་ལོ་རྒྱུས་རིང་མོའི་ཁྲོད་དུ་བོད་ཀྱི་ཤ་ཁྲག་ལ་ཐིམ་བའི་བོད་ཀྱི་རིག་གནས་གལ་ཆེན་ཞིག་ཆགས་ཟིན་པ་དངོས་ཡོད་རེད། འོན་ཀྱང་། ནང་ཆོས་མེད་ན་བོད་ཚར་སོང་ཚུལ་དང་ནང་ཆོས་ནི་བོད་ཀྱི་ཡོད་ཚད་ཡིན་པར་འདོད་མཁན་དག་ནི་མིག་ཤེལ་སེར་བོ་གྱོན་ནས་རི་བོང་གནམ་ལྡིབ་ཀྱི་སྐད་ཆ་བཤད་མཁན་འགའ་ཞིག་ལས་མ་འདས་སོ།། ནང་ཆོས་ལ་དད་པ་མེད་པ་ཙམ་གྱིས་བོད་རིགས་མ་ཡིན་པར་མི་འགྱུར་ལ་ནང་ཆོས་ལ་དད་པ་མེད་པ་ཙམ་གྱིས་དམར་ལུགས་པར་དེ་བས་ཀྱང་མི་འགྱུར། སྐབས་འདིར་སླར་ཡང་དྲ་མཆན་པ་ཁ་ཤས་ཀྱིས་སྔ་གཞུག་བརྩད་ནས་ཁོ་བོ་རྒྱ་ནག་གི་ཉུལ་མ་ཡིན་རབས་དང་བོད་ཀྱི་སྤྱི་ཚོགས་དཀྲུགས་མཁན་རིན་རབས་སོགས་འུར་གྱིས་བར་སྣང་བཀང་སྲིད་མོད། གལ་སྲིད། བོད་ཀྱི་དམངས་གཙོ་དེ་འཛམ་གླིང་སྤྱི་མཚུངས་བཞིན་དུ་འཚར་ལོངས་འབྱུང་དགོས་པར་འདོད་མཁན་གྱི་རྒྱ་མིའི་ཉུལ་མ་ཞིག་དང་། རང་བཙན་ནི་བོད་ཀྱི་གནད་དོན་སེལ་བྱེད་ཀྱི་ལྡེ་མིག་དངོས་གནས་སུ་འདོད་མཁན་གྱི་རྒྱ་མིའི་ཉུལ་མ་ཞིག་ཡོད་ན། དེ་ནི་ཁོ་བོ་ཡིན་ཞེས་སྤོབས་པ་དང་བཅས་སྨྲ་བར་འདོད་དོ།།
ང་ཚོའི་སྟོབས་ཤུགས་ངོ་མ་དེ་གང་ཡིན། ཞེས་པའི་རྩོམ་ཡིག་དེ་འདིར་འཇོག་རོགས། དེ་མ་གཏོགས་རྩོམ་འདིའི་ནང་དོན་དེ་ཙམ་མི་ཤེས།
ང་ཚོའི་སྟོབས་ཤུགས་ངོ་མ་དེ་གང་རེད།
རླབས།
ཆུ་བཞི་སྒང་དྲུག་གི་དཔའ་རྒོད་ཚོའི་ཆོད་སེམས་རྡོ་རྗེའི་མདུད་པ་བླ་མའི་དབང་ཤུགས་ཁྲོད་དུ་རླུང་ལ་བསྐུར་དགོས་བྱུང་ཞིང་། གདོང་དམར་གངས་ཅན་པའི་རང་བཙན་ལོ་རྒྱུས་གཙང་མ་སྐུ་ཚབ་རྫུན་མའི་སྐད་སྐུར་ཅིག་གི་འུར་སྒྲའི་ཁྲོད་དབུ་མའི་ལམ་དང་བརྗེས་སོང་། དུས་དེ་ནས་བཟུང་། ང་ཚོའི་འཐབ་རྩོད་ཁྲོད་ཕམ་ཁ་སྣ་དགུ་གཅིག་རྗེས་གཉིས་མཐུད་དུ་བྱུང་འགོ་བརྩམས་ཞིང་། དུས་དེ་ནས་བཟུང་། ང་ཚོའི་དམིགས་ཡུལ་དང་གྲ་སྒྲིག་ཡོད་ཚད་མུན་ཁྲོད་དུ་བརླགས་འགོ་ཚུགས་སོང་། ད་ནི་ང་ཚོས་དོན་དམ་པས་གཞིས་ལུས་རྒྱ་ཆེའི་མི་མང་ལ་སེམས་གཏིང་ནས་བཟོད་གསོལ་རིང་མོ་ཞིག་ཞུ་རན་འདུག ལོ་ངོ་དྲུག་ཅུའི་རིང་དུ་ང་ཚོའི་ཕ་ཡུལ་གྱི་ཕུ་ནུ་སྤུན་ཟླ་ཁྲི་སྟོང་གི་ཆེད་དུ་དོན་ངོ་མར་ང་ཚོས་ཅི་ཞིག་བྱས་ཡོད།
ང་ཚོ་༧གོང་ས་མཆོག་གི་བདག་གཞན་མཉམ་བརྗེའི་བཀའ་སློབ་འོག་ཐར་བའི་གྲོང་དུ་བགྲོད་མ་ཐུབ་ལ། ང་ཚོ་གཞིས་ལུས་རྒྱ་ཆེའི་མི་མང་གི་མགྲིན་ཚབ་ཏུ་ལངས་ནས་བོད་རང་བཙན་གྱི་ངར་སྐད་ཀྱང་འཛམ་གླིང་ལ་བསྒྲགས་ཐུབ་མ་སོང་། ད་དུང་ང་ཚོས་རང་ཉིད་གཞིས་ལུས་རྒྱ་ཆེའི་མི་མང་གི་མགྲིན་ཚབ་པ་ཡིན་རབས་གླེང་བཞིན་གཞིས་ལུས་མི་མང་གི་མངོན་འདོད་ལོག་པར་འགྲེལ་ནས་འཛམ་གླིང་ལ་བསྒྲགས། ༧གོང་ས་མཆོག་གི་རླབས་ཆེན་ཐུགས་དགོངས་རྒྱ་ཆེ་དྲགས་པ་ཡིན་ནམ། རྒྱ་ནག་གཞུང་གི་གདུག་རྩུབ་ཀྱི་སྲིད་བྱུས་གཏིང་ནག་དྲགས་པས་ཡིན། གང་ལྟར། གཞིས་ལུས་རྒྱ་ཆེའི་མི་མང་ད་བར་དུ་འདི་ལྟར་ཁྲག་དང་མིག་ཆུའི་ཁྲོད་མྱངས་དགོས་བྱུང་སོང་། བོད་ནང་དུ་ངོ་རྒོལ་གྱི་མེ་ལྕེ་རེ་རེ་མཆེད་སྐབས་རྒྱ་གཞུང་གི་ཐེ་ཚོམ་མེད་པར་མདའ་མཚོན་གྱི་འཁོར་ལོ་བསྐོར། ཉེས་མེད་ཕུ་ནུ་སྤུན་ཟླ་དམར་གསོད་གཏོང་ཐེངས་རེ་རེར་ང་ཚོས་མར་མེའི་ཁྲོམ་སྐོར་རེས་སྐྱེལ་མ་བྱས།
ད་ནི་ང་ཚོ་དོན་དམ་པའི་གཞིས་ལུས་རྒྱ་ཆེའི་མི་མང་གི་མངོན་འདོད་དང་སྣེ་ཁྲིད་རྗེས་སུ་འབྲང་ནས་སྐྱོད་རན་རེད། ང་ཚོར་གཞིས་ལུས་རྒྱ་ཆེའི་མི་མང་ལས་ལྷག་པའི་སྟོབས་ཤུགས་ཞིག་མི་འདུག ལོ་ངོ་དྲུག་ཅུའི་རིང་ང་ཚོས་ཐ་ན་རང་ཉིད་ཀྱི་སྟོབས་ཤུགས་ངོ་མ་དེ་གང་ཡིན་ཙམ་ཡང་ངོས་འཛིན་བྱ་ཐུབ་མི་འདུག གངས་སྐྱིད་གཞུང་གི་སྒྲིག་འཛུགས་དེ་དང་དེའི་ནང་གི་སྐུ་ངོ་སྐུ་ལྕམ་དག་ང་ཚོའི་སྟོབས་ཤུགས་མ་རེད་ལ། བཙན་བྱོལ་སློབ་གྲྭ་ཁག་ན་འཚར་བཞིན་པའི་སྐད་གཉིས་རང་སྐྱ་མི་འཕེར་མཁན་ཚོ་ཡང་ང་ཚོའི་སྟོབས་ཤུགས་ངོ་མ་མ་རེད་མི་འདུག ཐ་ན་ང་ཚོའི་འཛམ་གླིང་ཡོངས་ལ་ངོམ་སོ་བྱེད་བཞིན་པའི་༧གོང་ས་མཆོག་དེ་ཡང་ང་ཚོའི་སྟོབས་ཤུགས་ངོ་མ་དེ་རེད་མི་འདུག ལག་ལེན་དང་དངོས་ཡོད་གང་ནས་བལྟས་ཀྱང་། ང་ཚོའི་སྟོབས་ཤུགས་ངོ་མ་ནི་གཞིས་ལུས་རྒྱ་ཆེའི་མི་མང་ལས་ལྷག་ཅིག་མི་འདུག ད་ང་ཚོས་དངོས་ཡོད་གནས་ཚུལ་དེ་ཁས་ལེན་བྱས་ནས་གཞིས་ལུས་མི་མང་གི་རྗེས་སུ་འབྲང་ན་རེད། ད་ང་ཚོར་མ་མཐུད་ཕ་གསོད་མ་གསོད་ཀྱི་ལག་དམར་དང་མཉམ་དུ་འདུག་རྒྱུར་གྲོས་མོལ་བྱེད་རྒྱུའི་སྙིང་ཁམས་དེ་མེད་སོང་། གང་ཡིན་ཟེར་ན་ལོ་ངོ་དྲུག་ཅུའི་རིང་ང་ཚོར་གཞིས་ལུས་རྒྱ་ཆེའི་མི་མང་གི་སྣེ་ཁྲིད་བྱེད་ཐུབ་པའི་འཇོན་ཐང་དང་ནུས་པ་མེད་པ་བདེན་དཔང་བྱས་སོང་།
རླབས་ཀྱིས་གསུང་པར་ཡིད་རྟོན་རུང་། ཧུའུ་་་་ཁུག་རྟ། ཁུག་རྟ།
དེང་སང་དྲ་རྒྱའི་སྟེང་རང་བཙན། རང་བཙན་ཞེས་སྐད་འགོ་ཇི་འཐོར་སོང་བཞིན་པ་མཐོང་། ངས་ལྟར་ན་རང་བཙན་རྩོད་ལེན་པ་ཚོའི་ངོས་ནས་སྤྱི་ཚོགས་སྟེང་རླབས་ཆེ་བའི་བྱས་རྗེས་དང་མི་མང་ལ་ཡིད་ཆེས་སླེབ་ཐུབ་པའི་ལས་འགུལ་ཞིག་སྤེལ་དགོས། དེ་ནས་ཁ་ཕྱོགས་མཐོང་ཐུབ། དེ་མིན་ཤོག་བུ་དང་སྨྱགུའི་བར་ན་ལུས་ན་དགེ་ཕན་ལས་སྐྱོན་ཆེ་བ་འདུག གཞུང་དང་མི་སྣ་འགའ་ལ་ཁ་གཡར་ནས་རང་གི་གཏིལ་བྲུ་ཙམ་འགུལ་བསྐྱོད་མ་རྒྱབ་ན་དེ་ཙམ་ཟད། དེ་ལས་ཁ་རོགས་གེར་ཞུགས་ན་ལེགས།
མི་མང་ལ་ཐོབ་ཐང་དགོས་ལ་ཡོད་པ་ཡང་ཡིན། འོན་ཀྱང་མི་མང་ནས་སྐྱོན་བརྗོད་གནང་བ་ལ་སྔོན་ལ་ཤེས་ཡོན་དང་ཟབ་སྦྱོང་སོགས་སྤྲོད་ཐུབ་ན་སྐྱོན་བརྗོད་གནད་སྨིན་ཡོང་ཐུབ། དེ་མིན་ཕྲུ་གུའི་ཁ་རྩོད་ཀྱི་རང་བཞིན་ལས་མ་འདས། བྱས་གཙང་མི་མང་གི་ཤེས་ཡོན་ཕྱོགས་ནས་ཀྱང་མཐོང་ཐུབ་པ་དགོས་གལ་ཆེ།
ཆུ་བཞི་སྒང་དྲུག་བླ་མའི་དབང་བསྒྱུར་ཁྲོད་ཕམ་ཉེས་ཕྱིན་པའི་ཁུངས་སྐྱེལ་ཅིག་གསུངས་དང་། སྐུ་ཚབ་རྫུན་མ་ཟེར་སྟངས་ལ་ལྟོས་ན། རླབས་འདི་ཆོལ་ཁའི་ཕྱོགས་རིས་ཀྱི་བཤད་ཡམས་ཁྱེར་མཁན་ཞིག་ཡིན་ས་རེད། སྐབས་དེར་སྐུ་ཚབ་གེ་མ་རེད། སྐད་བསྐུར་དེ་འབྱོར་བ་བརྟེན་ནས་དབུ་མའི་ལམ་འགོ་བཙུགས་པའང་མ་རེད། དཀྲོག་གཏམ་དང་དཔྱད་གཏམ་གཉིས་ལ་ཁྱད་པར་ཅུང་ཙམ་ཡོད་ན་ཡག་གི
རང་སྐྱོང་མི་སྤྲོད་མཁན་གྱི་རྒྱ་ནག་གཞུང་གིས་རང་བཙན་ཞིག་སྤྲོད་ཀྱི་རེད་དམ། རང་བཙན་བཤད་པ་ཡིན་ན། ད་རྒྱ་ནག་གཞུང་ཟེར་རྒྱུ་ལྷག་ཡོད་པ་མ་རེད། རྒྱ་མི་ཟེར་བ་འདི་ཧམ་པ་ཚ་བོ་ཡོད་ཙང་། བོད་རང་གི་ཡིན་ཟེར་གྱི་མ་གཏོགས་བསམ་བློ་གཏོང་མཁན་ཁག་པོ་རེད། རྒྱ་མི་ཕྱི་ལོག་ཏུ་ཡོད་པ་ཚོའང་མང་ཆེ་བ་དེ་བཞིན་རེད། དེ་བས་རང་བཙན་གྱིས་ཁོང་ཚོ་ཚང་མ་ངར་རྫིག་སློང་གི་རེད། དེ་བས་སྐད་ཆ་བསམས་ནས་ཤོད། ད་ལྟའི་གནས་སྟངས་འདི་སྐྱོབ་ཐབས་བྱས་ན་ཤིན་ཏུ་ལེགས་ཆ་འདུག
ངས་བོད་མི་ཚོས་ཆོས་དང་སྲིད་གཉིས་དཀྲུགས་མ་བྱས་ན་ཡག་གི་ཡོད་པའི་སྐོར་ལ་སྐད་ཆ་ཐེངས་མང་བོ་ཞུས་པ་ཡིན། ཉིད་ནས་ཀྱང་དེ་རིང་གི་རྩོམ་ཡིག་གི་ནང་དོན་དེ་ལས་མ་འདས་པ་ཞིག་དུ་མཐོང་སོང་། ང་ཚོ་ཚང་མས་མཉམ་གཅིག་དུ་སྐད་བརྒྱབས་པ་ཡིན་ན། གཞི་ནས་བོད་མི་ཚོ་གཉིད་ལས་སད་པར་རེ་བ་ཞིག་ཡོད་ན་ཐང་།
བོད། ལྷ་ཀླུ་གཉན་གསུམ་ལགས།
བདེ་མོ། ཉིད་ནས་བོད་མི་ཚོས་ཆོས་སྲིད་དཀྲུག་སྟངས་ཀྱི་དཔེ་མཚོན་ཁ་ཤས་འདིར་དྲངས་ནས་ཅིག་གསུང་རོགས་གནང་། བློ་བསྐྱེད་ཡོང་གི་འདུག་ལ། རྩོད་པའང་རྒྱག་འདོད་ཡོད།
ལྷག་པ་ཚེ་རིང་ལགས། ཉིད་ནས་དངོས་ནས་ཤེས་ཀྱི་མེད་དམ། དེས་ན་ཉེ་འཆར་རང་གི་དོན་དག་ཞིག་ངས་ཉིད་ལ་ཞུས་ཆོག སྲིད་སྐྱོང་བ་བློ་བཟང་སེང་གེ་མཆོག་གིས་སྲིད་ཁྲིའི་སྟེང་ནས་ཁ་འདོན་བྱེད་པའི་རྣམ་པ་དེ་ཉིད་ནས་མཐོང་སོང་ངམ། དེ་ལ་ཉིད་ནས་ཇི་ལྟར་བསམ་གྱི་འདུག་གམ། དེ་ནས་༧རྒྱལ་བ་རིན་པོ་ཆེ་ཚང་གིས་སྲིད་ལ་འགན་རྩ་བ་ནས་མི་བཞེས་པར་མཚམས་འཇོག་དགོས་པའི་རྒྱུ་མཚན་གང་ལ་ཐུག་ཡོད་པར་སྙམ་གྱི་ཡོད་དམ། ཉིད་ནས་དེ་ལྟར་བསམ་བློ་གཏོང་མྱོང་ཡོད་དམ།
རླབས་ཟེར་བའི་མི་འདིས་རང་ཉིད་ཀྱི་ཚོར་བ་ཐད་སྤྲོས་ཤིག་བརྗོད་འདུག དེ་བཞིན་དུ་ཞབས་མཆན་པ་ཁ་ཤིས་ཤིག་གིས་ཀྱང་རང་ཉིད་ཀྱི་ཞེན་ཁོག་དང་ཕྱོགས་གཏོགས་ཀྱི་སྐད་ཆ་འགའ་སྨྲས་འདུག གང་ལྟར་བརྒྱ་བཤད་སྟོང་བཤད་ཇི་ལྟར་བཤད་ཀྱང་། མཛུབ་མོ་རང་ཉིད་ལ་བཙུགས་ཏེ་བསམ་བློ་ཞིབ་མོར་ཐོངས་དང་། མི་རེ་རེའི་རང་ཉིད་ཀྱིས་ནུས་པའི་བྱ་བ་ཞིག་ད་བར་དུ་ལེགས་པར་བསྒྲུབ་མྱོང་ངམ། “ཁ་བཤད་ཆུ་ཡི་ལྦུ་བ་དང་། ལག་ལེན་གསེར་གྱི་ཐིག་པ”འི་ཟླ་རུ་གྱུར་མྱོང་བའི་ཞབས་མཆན་པ་དང་རྩོམ་བྲིས་དག་ལ་སྨྲ་བར་འདོད་སོང་པས་དེ་བཞིན་དུ་ཐུགས་ལ་འཇོག་པར་གནོངས།
གལ་སྲིད་བཙན་བྱོལ་བོད་ཀྱི་སྤྱི་ཚོགས་ཀྱི་གཞི་རིམ་གྱི་ལྟ་བ་མང་གཙོ་ཡིན་པ་བདེན་ན་ཟེར་བའི་ཚིག་འདིས་དོལ་རྒྱལ་ཚོགས་པ་དང་རྒྱ་གཞུང་གིས་གོང་ས་མཆོག་གཙོས་པའི་བཙན་བྱོལ་གྱི་གཞུང་ལ་དུས་རྒྱུན་སྨྲ་བའི་གཏམ་དེ་དག་ལྷང་ལྷང་གིས་གསལ་འདེབས་བྱས་སོང།