རྫ་ཚེ་རིང་བཀྲ་ཤིས།
ཡེ་ཤེས་འཁོར་ལོའི་དྲ་ཚིགས། www.yeshikhorlo.com
འབྲེལ་བ་བཞི་ལྡན་གྱི་མི་ཚེ།
དེ་རིང་ངའི་གཏམ་ཐུང་འདིའི་མགོ་བརྗོད་ཀྱི་ཚུལ་དུ་མི་ཚེ་ཤེས་ཡོན་དང་འབྲེལ་བ། ཤེས་ཡོན་ལག་ལེན་དང་འབྲེལ་བ། ལག་ལེན་གྲུབ་དོན་འབྲེལ་བ། གྲུབ་དོན་སྤྱི་ཕན་དང་འབྲེལ་བ་སྟེ། གང་ཟག་ཞིག་གིས་མི་ཚེ་བཟང་ཕྱོགས་སུ་འཁྲིད་པའི་གལ་ཆེའི་འབྲེལ་བ་བཞི་ཞེས་པའི་རྣམ་གྲངས་འདི་གསལ་སྟོན་བྱེད་རྒྱུ་ཡིན། སྐད་ཆ་འདི་བརྗོད་སྟངས་གསར་པ་ཞིག་དང་གལ་ཆེན་ཞིག་ཡིན།
ཤེས་ཡོན་མི་གཙོ་ལག་ལེན་གཙོ།
ང་ཚོ་བོད་ལ་ཤེས་ཡོན་པ་ཉུང་བའི་དཀའ་ངལ་དངོས་ཡོད་ཡིན་ན་ཡང་། ཁ་ཚ་དགོས་གཏུགས་ཀྱི་ཆ་ནས་བཤད་ན་ཤེས་ཡོན་པ་ལས་ཀྱང་ལས་རིགས་འདྲ་མིན་དང་འབྲེལ་བའི་ཕུལ་བྱུང་གི་ལག་རྩལ་བ་ཉུང་བ་ནི་ཚབས་ཆེའི་སྟོང་ཆ་ཞིག་རེད།
རྩིས་འཕྲུལ་དང་དྲ་རྒྱའི་རིག་གནས་ནི་དུས་རབས་འདིའི་མེད་དུ་མི་རུང་བའི་འཚོ་བའི་ཆ་ཤས་ཤིག་ཡིན་པ་དང་། དྲ་རྒྱ་བརྒྱུད་ནས་སྒྲུབ་ཐུབ་པའི་བྱ་བའི་རྣམ་གྲངས་ནི་ཧ་ཅང་མང་། བཤད་སྟངས་སྒྱུར་ནས་བཤད་ན། ཁྱོད་ལ་དྲ་ལམ་ནས་སྒྲུབ་མི་ཐུབ་པའི་བྱ་བཞག་གཅིག་ཀྱང་མེད་ཅེས་ལབ་ན་ཧ་ལམ་འགྲིགས་བསྡད་པ་ལྟ་བུ་ཞིག་ཡིན། འཛམ་གླིང་གི་ཆེས་རིམ་པ་མཐ་ཤོས་ཀྱི་ཁེ་ལས་པ་བྷེར་གྷ་ཚི་དང་། ངོ་དེབ་ཀྱི་སྦྱིན་བདག ཨ་ལི་པ་པ་ཡི་སྦྱིན་བདག་མ་ཡུན་སོགས་ཚང་མས་སྤྱི་ཚོགས་འབྲེལ་མཐུད་ཀྱི་དྲ་ལམ་འདི་བེད་སྤྱོད་བཏང་ནས་འཛམ་བུ་གླིང་གི་ཕྱུག་བདག་ཆེ་ཤོས་ཆགས་པ་རེད།
བོད་ཀྱི་དྲ་བའི་རིག་གནས་ནི་མེད་པ་ནས་ཡོད་པ་དང་ཡོད་པ་ནས་སྨིན་བཞིན་པའི་དུས་རིམ་ཙམ་དུ་ཡོད་མོད། ཕྱོགས་མང་པོ་ཞིག་ནས་བོད་པ་དག་གིས་དྲ་རྒྱ་དང་འབྲེལ་བའི་རིག་གནས་དང་ལག་རྩལ་འདི་དག་འབུལ་དུ་ཐོན་པ་ཞིག་སྦྱོང་ཐུབ་ཀྱི་མེད་ལ་དེ་ལ་བརྟེན་ནས་ཐོབ་པའི་གྲུབ་འབྲས་ནི་དེ་བས་ཀྱང་ཧ་ཅང་ཚད་ཡོད་ཅིག་རེད།
འོན་ཀྱང་། བོད་ཕྱི་ནང་གཉིས་ཆར་ན་གློག་ཀླད་ཆེད་མཁས་པ་དང་། དྲ་རྒྱ་ཅུས་འགོད་སོགས་ཀྱི་ཐོག་ལ་ཕྱག་ལས་གནང་མཁན་ཁག་ཅིག་ཡོད་པར་མ་ཟད། རྒྱལ་སྤྱིའི་ཨང་བསྒྲིགས་ཡོད་པའི་བོད་ཡིག་མཉེན་ཆས་དང་། གློག་རྡུལ་གྱི་ཚིག་མཛོད་དང་། དྲ་ཐོག་གི་རིག་མཛོད་སོགས་ཀྱི་མ་ལག་གང་འཚམས་ཤིག་གྲུབ་བཞིན་ཡོད། དེ་ནི་ཧ་ཅང་དགའ་འོས་པ་ཞིག་རེད།
ཡེ་ཤེས་འཁོར་ལོའི་དྲ་རྒྱ།
གུས་པས་རང་ཉིད་དང་འབྲེལ་བའི་ཆོས་ཚོགས་དང་རང་ཉིད་ཀྱི་ལས་རིམ་ཆུང་ཆུང་དག་འབྲེལ་ཡོད་དག་ལ་མཉམ་སྤྱོད་བྱ་རྒྱུའི་ཆེད་དུ་དྲ་རྒྱ་ཅུང་ཚད་ལྡན་ཞིག་བཟོ་སྐྲུན་གྱི་ཆེད་དུ་བསམ་བློ་གཏོང་བཞིན་པའི་སྐབས་སུ་ངོ་དེབ་བརྒྱུད་ནས་དྲ་རྒྱ་ཇུས་འགོད་པ་ཟངས་དཀར་ཚུལ་ཁྲིམས་ཞེས་པ་ཞིག་གོ་ཐོས་བྱུང་ཞིང་། ཁོང་གིས་ཁོང་རང་ཉིད་ཀྱི་སྤྱི་ཚོགས་འབྲེལ་མཐུད་དྲ་བ་སྤྱད་དེ་ཁོང་ཉིད་ཀྱི་ལག་རྩལ་དང་དྲ་རྒྱ་ཇུས་འགོད་ཀྱི་ཞབས་ཞུའི་རྣམ་གྲངས་ཁྱབ་བསྒྲགས་གནང་བ་ལས་ངོ་ཤེས་པ་དང་། དེ་ནས་ངས་ཁོང་ལ་ཁོང་གིས་ཡེ་ཤེས་འཁོར་ལ་ཞེས་པའི་དྲ་རྒྱ་འདི་ཇུས་འགོད་བྱ་རྒྱུའི་ལས་ཀ་དེ་སྤྲད་པ་ཡིན། དྲ་རྒྱ་དེར་བོད་རྒྱ་དབྱིན་ཡིག་གསུམ་ལྡན་ཡིན་ཞིང་། དེར་གཞི་རྩའི་མཛེས་བཟོ་དང་། ས་བཅད་རེའུ་མིག ད་དུང་འབྲེལ་ཡོད་སྤྱི་ཚོགས་འབྲེལ་དྲ་གཞན་ལ་ནང་འཇུག་བྱེད་སྟངས་སོགས་ཆ་ཚང་ཡོད་པར་མ་ཟད། ཐོག་མཐའ་བར་གསུམ་གྱི་སྤྱིའི་སྒྲོམ་གཞི་དང་བྱེད་ནུས་སོགས་གུས་པ་རང་གིས་འཆར་བཞི་ཕུལ་བ་གཞིར་བཟུང་གིས་ལག་ལེན་དུ་བསྟར་ཡོད། དེ་ལ་རྩ་བའི་སྡེ་ཚན་ཁག་དང་། ཁྱད་པར་སྤྱི་ཚོགས་འབྲེལ་མཐུད་ཀྱི་དྲ་ལམ་ཁག་ལ་ཐད་ཀར་མཐུད་སྦྱོར་བྱེད་པ་དང་བརྙན་ལམ་སོགས་ཀྱི་ཇུས་འགོད་ཆ་ཚང་ཐོག་མའི་འཆར་གཞི་དང་ངག་བཀོད་བཞིན་བཟོས་གནང་ཡོད། རྒྱ་བོད་དབྱིན་གསུམ་གྱི་ས་བཅད་དང་འགྲོ་སྟངས་རྩ་བའི་ཆ་ནས་གཅིག་པ་རང་རེད།
གཞེན་སྐུལ་དང་ངོས་སྦྱོར།
གོང་དུ་བཤད་པའི་དྲ་རྒྱ་ཇུས་འགོད་པ་ཟངས་དཀར་ཚུལ་ཁྲིམས་སྐལ་བཟང་ནི་དྲ་རྒྱ་ཇུས་འགོད་པ་ཡག་པོ་ཞིག་ཡིན་པར་མ་ཟད། ཉེ་ཆར་ཁོང་གིས་བཏོན་གནང་ན་ཝོར་བྷྲི་ཕི་རེསི་ཞེས་པའི་དྲ་ཚིགས་གཟོ་བྱེད་ཀྱི་མཉེན་ཆས་གལ་ཆེན་ཞིག་བོད་ཡིག་ཏུ་བསྒྱུར་རྒྱུའི་ལས་གཞིའི་གཙོ་འགན་བཞེས་བཞིན་ཡོད་པར་མ་ཟད། ཨ་རིའི་རླུང་འཕྲིན་ཁང་གི་དྲ་སྣང་གི་བོད་ཀྱི་ལེ་ཚན་དུཡང་དེའི་སྐོར་ལ་བགྲོ་གླེང་ཞིབ་ཆ་གནང་ཡོད། དེ་ནི་མི་སྒེར་ཀྱི་ནུས་པས་བཏོན་ནང་བའི་བོད་ཡིག་བརྡ་འཕྲན་ཅན་གྱི་ཁྲོམ་ར་ལ་ཕུལ་བའི་གལ་ཆེ་བའི་ལེགས་སྐྱེས་གལ་ཆེན་ཞིག་ཆགས་ཀྱི་ཡོད།
ཡང་། ཟངས་དཀར་ཚུལ་ཁྲིམས་སྐལ་བཟང་ནི་དྲ་རྒྱ་ཇུས་འགོད་པ་ཞིག་ཡིན་པའི་ཆ་ནས་ཁོང་ལ་ཁོང་རང་ཉིད་ཀྱི་ལག་རྩལ་དང་འབྲེལ་བའི་ཇུས་འགོད་ཀྱི་མཛེས་རྟོག་ཡོད་ན་ཡང་། མང་ཆེ་བ་ཁོང་ནི་དོ་བདག་གི་བསམ་བློ་ལ་ཉན་འཇོག་དང་མཐོང་ཆེན་གནང་མཁན་ཞིག་རེད། ད་དུང་ཁོང་གིས་དྲ་རྒྱའི་ཇུས་འགོད་ཀྱི་གཞི་གདན་ཁག་དྲ་ཐོག་ཏུ་བཞག་ནས་དེ་ལས་མང་པའི་སྤྱི་ཚོགས་ཀྱི་དྲ་གྲོགས་དག་གི་དཔྱད་བརྗོད་དང་དགོངས་འཆར་ལ་དོ་སྣང་བྱེད་ཀྱི་འདུག
གུས་པ་རང་ཉིད་ལ་མཚོན་ན་ཡང་ཁོང་དང་མཉམ་ལས་ཆུང་ཆུང་ཞིག་བྱས་པའི་བརྒྱུད་རིམ་ནང་ཁོང་ནི་མི་ཧ་ཅང་སྟབས་བདེ་ཡིན་པའི་ཚོར་སྣང་བྱུང་། ཁོང་གིས་གཞི་རྩའི་ཇུས་འགོད་ཀྱི་བཟོ་སྐྲུན་སོགས་ཟིན་རྗེས་སུ་ཡང་། ད་དུང་མུ་མཐུད་དུས་ཡུན་ངེས་ཅན་ནང་ཕྲན་ལ་དྲ་ཚིགས་དོ་དམ་ཐད་རོགས་པ་གནང་རྒྱུའི་ཁས་ལེན་གནང་བར་མ་ཟད། སྐབས་དང་སྐབས་སུ་ནང་དོན་རིག་ལ་ཞིབ་ཆའི་ལེགས་བཅོས་ཀྱི་དགོས་འདུན་ལ་དང་ལེན་གནང་ཡོད། ཚོང་ལས་རིག་པའི་སྐད་ཆ་ལྟར་བྱས་ན། ཁོང་ལ་ཚོང་མགྲོན་གྱི་ཞབས་ཞུ་ལ་གལ་ཆེན་དུ་བརྩི་བའི་ལག་རྩལ་ཁེ་ལས་པ་ཚད་ལྡན་ཞིག་གི་ཀུན་སྤྱོད་འདུག
ཁོང་གིས་ཐོན་གསར་ཤོས་ཡིན་པའི་དྲ་རྒྱའི་ས་མིག་དང་ཉེན་ཆས་མ་ལག་བཀོལ་སྤྱོད་བྱེད་པ་དང་། ས་མིག་ཉོ་བ་དང་རིན་པ་སྤྲོད་པ་སོགས་ཀྱང་ཁོང་རང་ཉིད་སྟབས་གཅིག་ཏུ་སྒྲུབ་བཞིན་འདུག་པས་དེ་ནི་དྲ་རྒྱའི་རྒྱུད་རིམ་དང་འགྲོ་སྟངས་ལ་ཆ་རྒྱུས་མེད་མཁན་ཞིག་ལ་མཚོན་ན་དམིགས་བསལ་གལ་ཆེན་ཞིག་རེད། ཉེ་ཆར་ཁོང་གིས་མུ་མཐུད་དྲ་རྒྱ་གསར་པ་ཐབ་ཚང་སོགས་གཞན་ཇུས་འགོད་གནང་བཞིན་འདུག
ལག་རྩལ་དང་ཤེས་ཡོན་ནི་ལག་ལེན་གྱི་ཁྲོད་ནས་མུ་མཐུད་མཐོར་འདེགས་འགྲོ་ངེས་ཡིན་པ་ལྟར། ཁོང་གི་དྲ་རྒྱ་ཇུས་འགོད་ཀྱི་ཕྱག་ལས་འདི་ཡང་མུ་མཐུད་བཟང་ཕྱོགས་སུ་འཕེལ་རྒྱས་འགྲོ་བ་དང་། ཁོང་གིས་བོད་རྒྱ་དབྱིན་གསུམ་གྱི་དྲ་ཇུས་འགོད་སོགས་ཀྱི་ཞབས་འདེགས་དགོས་མཁན་དག་ལ་སྔར་ལས་ལྷག་པའི་ནུས་པ་ཐོན་པར་རེ་བ་དང་ཡིད་ཆེས་ཡོད།
མཇུག་ཏུ་སྒེར་དང་འབྲེལ་བའི་ཡེ་ཤེས་འཁོར་ལོའི་ཆོས་ཚོགས་ཀྱི་བོད་རྒྱ་དབྱིན་གསུམ་གྱི་དྲ་བའི་ས་བོན་འདིར་གཟིགས་ཞིབ་དང་དགོངས་ཚུལ་ལྷུག་སྩོལ་གནང་རྒྱུའི་འབོད་སྐུལ་ཞུ་བཞིན་ཡོད།
བཀྲིས་བདེ་ལེགས་ཞུ་ཡག་ཡིན། བྱ་བ་གསར་པ་འདིར་དོན་འགྲུབ་པའི་སྨོན་འདཡན་ཡོད
དྲ་ཚིགས་འདིའི་བཟོ་བཀོད་དེ་མཐོང་ནས་ཟླ་ངོ་འགའ་ཕྱིན་སོང་། མཐོང་བ་དང་མ་བདེ་བ་ཆེན་པོ་ཞིག་བྱུང་བ་ནི་དྲ་ཚིགས་ཁ་བྱང་རྒྱ་ཡིག་སྟེང་དང་བོད་ཡིག་འོག་ཏུ་བཞག་པ་དེ་རེད། དེ་དུས་མཆན་ཡིག་ཅིག་སྤེལ་རྩིས་བྱས་པ་ཡིན་རུང་བཟོ་བཀོད་ཚར་མེད་སྟབས་བཟོ་བཅོས་བྱ་མདོག་ཁག་པོ་རེད་བསམ་སོང་། འོན་ཀྱང་བཟོ་བཅོས་གང་མེད་པར་སྔ་བཞིན་རྒྱ་ཡིག་གོང་དང་བོད་འོག་ལ་བཞག་འདུག མ་གཞི་མི་གཞན་ཞིག་གིས་འདི་ལྟར་བྱས་ཡོད་གྱུར་ན་གང་ཡང་ལབ་རྩིས་མེད། འོན་ཀྱང་མཁན་པོ་མཆོག་ནི་སྐད་ཡིག་གི་དོན་དུ་སྐད་བརྒྱག་ནས་གྲེ་བ་འགག་འགག་གནང་མཁན་ཞིག་ཡིན་སྟབས་མཆན་ཡིག་མ་འབྲི་བར་བསྲན་ཐུབ་མ་སོང་། བོད་ཡིག་གཙོ་བོ་ཡིན་པའི་དྲ་ཚིགས་ཤིག་ལ་ཁ་བྱང་བོད་ཡིག་གི་ཡིག་འབྲི་དེ་དག་རྒྱ་ཡིག་གི་འོག་ལ་བཞག་པ་དེའང་གཅིག་བྱས་ན་དེང་གི་དགའ་ཁ་འཁྱེར་ཕྱོགས་དང་འབྲེལ་ཡོད་རྒྱུ་རེད། གཅིག་བྱས་ན་སྒོར་མོ་འཚོལ་སྟངས་ཡིན་སྲིད། གང་ལྟར་སྣང་བ་འགྲོ་པོ་ཞིག་རྩ་ནས་མི་འདུག
་་་་་་་་ བོད་ཡིག་གཙོ་བོ་ཡིན་པའི་དྲ་ཚིགས་ཤིག་ལ་ཁ་བྱང་བོད་ཡིག་གི་ཡིག་འབྲི་དེ་དག་རྒྱ་ཡིག་གི་འོག་ལ་བཞག་པ་་་་་་་་་་་་
སྲོང་བཙན། དང་། ཀརྡོ་རབ་འབྱམས་པ་གཉིས་ཀྱིས་དགོངས་ཚུལ་གསུངས་པར་ཐུགས་རྗེ་ཆེ།
མཁན་པོའི་དྲ་ཚིགས་ཀྱི་ཆེད་དམིགས་ཀློག་མཁན་ (Target audience)རྒྱ་མི་ཡིན་པས་རྒྱ་ཡིག་དང་པོར་བཞག་པ་ཡིན་ལ།
དྲ་ཚིགས་ཐོག་མ་ཁ་ཕྱེ་སྐབས་ཀྱང་རྒྱ་ཡིག་ཏུ་འཆར་ཡོང་བ་ཞིག་བཟོས་ཡོད་པ་རེད།
དེ་སྐད་ཡིག་ལ་མཐོང་མ་སྤྲད་དེ་འདྲ་མིན་ལགས།
དེ་ཐུགས་ཁག་ཡོད་མ་རེད། སྦྱིན་བདག་ཀུན་དགའ་དོན་འགྲུབ་འབྱུང་ཁུང་ནི་རྒྱ་མའི་ནང་བསྟན་དད་ལྡན་པ་ཡིན་དུས་དུས་དང་སྐབས་དག་བསྟུན་ནས་རྒྱ་ཡིག་དེ་རེ་ཞིག་གལ་ཆེན་ཡིན་དུས་མགོ་ལ་བཞག་རེད། བོད་མའི་སུས་ཞིག་ཞལ་འདེབས་ཕུལ་མེད་ཙང་བོད་ཡིག་དེ་རེ་ཞིག་འོག་ལ་འཇོག་པ་ཡིན་རེད། འོན་ཀྱང་ཁོང་ཐུགས་ནང་ལ་བོད་ཡིག་ཨང་དང་པོ་ཡོད་པ་ང་ཡིད་ཆེས་ཡོད།
སྲོང་བཙན་ལགས་བསམ་འཆར་དེ་ཡག་པོ་འདུག་ངས་མོས་མཐུན་ཡོད། ང་ཕ་ཡུལ་ཁྱུང་པོ་སྟོད་སྨད་ཀྱི་བན་དེ་བོན་པོ་དགོན་པ་ཐམས་ཅད་ནས་ལས་ཤོག་ནང་ལ་བོད་ཡུག་མགོ་ལ་འཇོག་འདུག་རྒྱ་ཡིག་འོག་ལ་བཀོད་ཡོད། ཁྱེད་ཀྱི་བསམ་འཆར་དེ་ཡང་དྲན་གསོ་གནང་བཀྲིན་ཆེ།
གོང་འོག་གི་གནད་དོན་དེ་ངས་བསམ་བློ་བཏང་ཡིན། དྲ་རྒྱ་ཇུས་འགོད་པས་ལབ་ན་ནང་དོན་གཙོ་བོ་དང་འབྲེལ་བ་ཡོད་པའི་ཡི་གེ་དེ་སྒང་ལ་བཞག་ན་འགྲིག་པ་རེད་ལབ་སོང་། ངས་དྲ་རྒྱ་འདི་རང་ཉིད་རྒྱ་མི་རིགས་ཀྱི་སྤྱི་ཚོགས་དང་འབྲེལ་བ་བྱེད་པ་དང་དེ་དག་དང་འབྲེལ་བའི་བྱེད་སྒོ་སོགས་ཀྱི་ཆེད་གཙོ་བོར་བཟོས་པ་ཡིན། དེ་བདེན་པ་རེད། སྒོར་མོ་དང་འབྲེལ་བ་ཡོད་མེད་སོགས་སྐད་ཆ་དེ་ག་ཙམ་རེད།་ བསམ་ཚུལ་བཏོན་པ་ཐུགས་རྗེ་ཆེ།