ཀླུ་སྨྱོན།
ཨ་རིར་བསླེབས་ནས་བཟུང་སྟེ་ཁོར་ཡུག་གི་དབང་གིས་འདས་པའི་མི་ལོ་བཅུ་གཉིས་དེ་ཧ་ཅང་ཁེར་རྐྱང་དང་ཧ་ཅང་ལྷིང་འཇགས་ངང་བསྐྱལ་བ་ཡིན་ཞེས་བརྗོད་ཆོག་པ་འདྲ། སྤྱིར་ན་ཨ་རི་ཟང་ཟིང་དང་བྲེལ་འཚུབ་ཀྱི་རྒྱལ་ཁབ་ཆེན་པོ་འདི་འདྲ་ཞིག་ནས་ཁེར་རྐྱང་དང་ལྷིང་འཇགས་ཀྱི་འཚོ་བ་ཞིག་རོལ་རྒྱུ་དེ་ཧ་ལམ་མི་སྲིད་པ་ཞིག་ཀྱང་ཡིན་ཆོག འོན་ཀྱང་ཁྱེད་ཅག་ལས་མང་པོ་ཞིག་ཨ་རི་ན་ཡོད་པས། ཁྱེད་ཅག་ཨ་རིའི་མི་རྣམས་ཀྱི་འཚོ་བ་སྐྱེལ་སྟངས་ལ་གོམས་ཡོད་པས། ངས་འདི་ལྟར་བརྗོད་པ་ལ་མིག་ལྤགས་ཏོག་ཙམ་ཡང་མི་གཟེང་བའི་ཡིད་ཆེས་ཤིག་ང་ལ་ཡོད། ཨ་རི་ན་ཁང་བརྩེགས་མཐོན་པོ་དག་གནམ་དུ་ཟུག་ཡོད་ཀྱང་། མི་ཚང་མ་ཁེར་རྐྱང་ཡིན། ཨ་རི་ན་རླངས་འཁོར་ཆེ་ཆུང་དག་གི་འདུ་འཛི་རྒོད་ན་ཡང་། མི་ཚང་མ་ལྷིང་འཇགས་ཡིན།
དེ་ནི་ཨ་རི་བ་ཚོས་རང་ཉིད་མ་གཏོགས་མི་གཞན་ལ་ཁ་བརྡ་མི་བྱེད་པས་ཡིན། དེ་ནི་ཨ་རི་བ་ཚོས་ཁྱིམ་མཚེས་ཚང་གི་མི་རྣམས་མགྲོན་འབོད་མི་བྱེད་པས་ཡིན། ཨ་རིའི་འཚོ་བ་འདི་འདྲ་བ་ཞིག་བསྐྱལ་བསྐྱལ་བས་སུན་སྣང་སྐྱེས་ཤིང་། ཨ་རིའི་ཉི་མ་འདི་ལྟ་བུ་དག་གིས་དེད་ནས་འཇིགས་སྣང་བྱུང་སྟེ། ལོ་འགའི་སྔོན་ནས་བཟུང་ཨུ་ཚུགས་ཀྱིས་ཁ་བརྡ་དྲ་བར་ཉུལ་ཅིང་ངོ་དེབ་རིང་མོ་བཀླགས།
ཁྱད་པར་དུ་ཁ་བརྡ་དང་ངོ་དེབ་ཀྱི་དྲ་འབུ་ངོ་མི་ཤེས་པ་དག་གིས་བཏབ་པའི་མཆན་བུ་སྣ་ཚོགས་ཡང་དང་སྐྱར་དུ་བཀླགས། ཐ་ན་ནམ་གུང་ཕར་བརྒལ་ནས་བཀླགས་ཤིང་ཞོགས་པ་ཚུར་བསུས་ནས་ཀྱང་བཀླགས། མཆན་སྣ་རེ་རེ་ནི་ངོ་ལ་འབག་གྱོན་པའི་སྐྱེ་བོ་ག་གེ་མོ་རེ་རེ་ཡིན་ཞིང་། ཁོ་ཚོས་ཐེ་ཚོམ་དང་འཛེམ་དོགས་ཅི་ཡང་མེད་པར་རང་རང་གིས་བརྗོད་འདོད་པ་དེ་བརྗོད་འདུག ཆབ་སྲིད་དང་ཆོས་ལུགས། བོད་པ་དང་རྒྱ་མི། ཨ་རི་དང་ཁ་ཆེ། དམར་ཕྱོགས་དང་དམངས་གཙོ། རྒྱུ་ནོར་དང་དབང་ཤུགས་སོགས་ཚང་མ་བརྗོད་འདུག
མཆན་པ་ལ་ལས་སྐབས་རེར་བླ་མ་ཆེན་པོ་ཚོར་འགྲམ་ལྕག་གཞུ་ཞིང་། མཆན་པ་ལ་ལས་མཚམས་རེར་དཔོན་པོ་མཐོན་པོ་ཚོར་གྲི་གཙག་རེ་ཡང་བྱེད་མོད། དེའི་ཕྱོགས་སུ་ཉེན་རྟོག་པ་ཆེན་མོ་ཚོ་ཡང་རྐང་ཆད་ལག་རྡུམ་འབའ་ཞིག་ཡིན། དེ་ནི་སྒྱུ་མ་མཁན་གྱི་ཆོ་འཕྲུལ་དང་། དེ་ནི་དུས་ངན་སྙིགས་མའི་ན་ཚ་ཞིག་ཡིན།
ངས་ཉི་མ་རེ་རེར་ཟ་མ་བཟའ་ཞོར་མཆན་བུ་དེ་ཚོ་བཀླགས་ཤིང་། ངས་ཉི་མ་རེ་རེར་མ་ཎི་འདོན་བཞིན་ཡང་མཆན་བུ་དེ་ཚོ་བཀླགས་པ་ཡིན། དེ་ནི་ངའི་རྒྱུན་ལྡན་གྱི་འཚོ་བ་ཞིག་ཏུ་གྱུར་འདུག དེ་ལ་མི་བདེ་རྒྱུ་ཅི་ཡང་མི་འདུག
གྲོགས་པོ་མང་པོ་ཞིག་གིས་རང་རང་གི་ངོ་དེབ་དང་རྩོམ་གཤམ་གྱི་མཆན་བུ་དག་བསུབ་ཞོར་དྲ་འབུ་དེ་ཚོའི་ཕ་རོ་མ་རོ་ཞེས་སྡིག་བཞིན་འདུག ངས་ཀྱང་སྐབས་རེར་དེ་ལྟར་བསྡིགས་མྱོང་ལ། དྲ་འབུ་དང་མཆན་བུ་ཆབས་ཅིག་ཏུ་སྙིང་རྗེ་ཅི་ཡང་མེད་པར་དམྱལ་བའི་འཕྲང་ལ་བརྫངས་པ་ཡིན་ཞེས་འུར་སྒྲོག་ཀྱང་བྱེད་མྱོང་། དེ་ནི་བྱིས་པའི་རྩེད་མོ་དང་འདྲ། དེ་ནི་དཔོན་པོའི་སྔུར་བ་དང་ཡང་འདྲ། དེ་ལ་སྙིང་པོ་ཅི་ཡང་མེད་པ་སྟེ། དེ་ནི་ཁུངས་མི་འཁྱོལ་བའི་ལས་ཀ་ཉི་ཚེ་བ་ཞིག་ཡིན་པས་སོ།།
ལོ་དང་ཟླ་བ་བརྩེགས་བྱུང་། ཉིན་དང་མཚན་མོ་ཡང་རྫོགས་སོང་། ད་ནི་དྲ་འབུ་དང་མཆན་བུ་དེ་ཚོ་ཡང་རླུང་བུ་དང་འདྲ་བར་ཕྱོགས་ངེས་མེད་ནས་ལྡང་བྱུང་། དེ་ནི་སྤྲོ་སྐྱིད་ཅིག་རེད། དེ་ནི་ལོངས་སྤྱོད་ཅིག་ཀྱང་རེད། ཁོ་ཚོ་ཐང་ཆད་རྒྱུ་མེད་པ་དེ་ཁོ་ནས་ང་ལ་ཉི་མ་སྐྱེལ་སྟངས་གསར་བ་ཞིག་བསྐྲུན་བྱུང་། དེ་ནི་ང་དང་ང་ལྟ་བུའི་མི་རྐྱང་ཚོའི་དགའ་མ་མཛེས་ཤིང་སྙིང་དུ་སྡུག་པ་རེ་རེ་ཅི་ལ་མིན།
སྐྱེས་ཆེན་མང་པོ་ཞིག་གིས་གནའ་ནས་ད་བར་རྣམ་གཡེང་འཕེལ་བར་བྱེད་པའི་བྱ་དངོས་མི་གསུམ་གང་ལ་ཡང་གུ་ཡངས་གཏན་ནས་བཏང་མ་མྱོང་ན་ཡང་། ང་ཚོའི་དུས་རབས་འདིར། ང་ཚོའི་མི་ཚེ་འདིར། སྤྱི་ཚོགས་ཆེན་མོའི་དཀྱིལ་གྱི་ཁེར་རྐྱང་བ་ཚོར་མཚོན་ན། དྲ་འབུ་མེད་ན་འཚོ་བ་ལ་དོན་སྙིང་མེད་ཅིང་། མཆན་བུ་མེད་ན་མི་ཚེ་ལ་རྣམ་ཤེས་ཀྱང་མི་འདུག་གོ།།
ཀླུ་སྨྱོན་རང་དྲ་འབུ་མིན་པའི་ཁུངས་ཅི་ཡོད་དམ།
གསར་མིན་རྙིང་མིན་ཞིག་གི་གྲུབ་མཐའ་འཛིན། སྐྱ་མིན་སེར་མིན་ཞིག་ཚུགས་ཀ་ནས། མི་ཁོམ་བྲེལ་ཟེངས་ཆེ་བའི་ནུབ་ཕྱོགས་སུ། ཁོམ་ཁོམ་དལ་དལ་ངང་གི་ཀླུ་སྨྱོན་ལགས།
དེ་འདྲ་ཟིག་ཡིན་ན་བཟང་གི། ཨ་ཁུ་དྲིན་ཆེན་པོ། ང་ཚོ་དམྱལ་བར་བསྐྱལ་བ་དེ་ལ་བཤག་སྡོམ་གྱི་རང་རྩོམ་སྟི་ཁ་ཡན་འདར་ནི་ཞིག་འབྲི་རོགས་ཞུ། དེ་མིན། ང་དམྱལ་བའི་ནང་གི་མྱི་ཆུང་སྙིང་རེ་མ་རྗེ། མ་ཚད། ང་དང་མཉམ་དུ་ཁྱོའི་རྨྱི་ལམ་ནང་གི་ཁྲག་འཇིབ་མ་དེས་ཡང་དམྱལ་བ་ན་མྱོང་གི་འདུག། ཧ་ཧ་ཧ།
ཅོ་རི་སྨྱོས་འདུག
ད་ལན་ཁྱེད་ཀྱིས་ཡག་པོ་བཤད་ཀྱི་འདུག་ཐུགས་རྗེ་ཆེ།
དགོངས་དག་ད་ལན་ཅོ་རིས་ཡག་པོ་་
ཉོན་མོང་དུག་གསུམ་སྨན་ཡིན་པ་ཧ་གོ་གིན་འདུག ཧྲ་གི
སྙན་པོ་འདྲ་བྲིས་འདུག་སྟེ་མྱོང་ན་བླང་བྱ་ཟེར་གང་ཡང་མེད་པར་སེམས།