མང་པོ་ཞིག་གི་འདུག་རོགས་དྲ་རྒྱས་བྱེད་པ་དང་མང་པོ་ཞིག་གི་སེམས་པ་དྲ་རྒྱས་དཀྲུག་པའི་དེ་རིང་། ངུར་སྨྲིག་གི་གཟན་འོག་དང་གནག་སྣུམ་གྱི་སྐྲ་འོག་ནས་ལང་ཚོ་དང་བརྩེ་དུང་གི་མྱུ་གུ་འབུས་བཞིན་པའི་གྲྭ་རྐྱང་དང་མོ་རྐྱང་གང་མང་ཞིག་གི་བཙན་གྱིས་མནན་པའི་དུང་སེམས་ཀྱི་མེ་ལྕེ་དམར་པོ་རེ་རེ་བཞིན་གྱེན་དུ་འཕྱུར་བྱུང་བས། གྲྭ་རྒན་སེམས་བཟང་ཅན་དག་ཉིན་ནས་ཉིན་དང་མཚན་ནས་མཚན་མཐུད་དེ་གྲོས་བསྡུར་གྱི་ངལ་བ་ཡུན་རིང་བསྟེན་པའི་མཐའ་སྡོམ་ཞིག་ཐོབ་པ་ནི། འཇིག་རྟེན་སྟེང་གི་ཆེས་དྭངས་གཙང་གི་མི་གྲྭ་པ་ཚོ་དང་ས་སྟེང་གི་ཆེས་འབག་བཙོག་གི་མི་བུ་མོ་ཚོའི་བར་གྱི་སྡིག་ཉེས་ཆེ་བའི་གཡེམ་ཐག་འཐེན་མཁན་དེ་ནི་དེང་རབས་བརྡ་འཕྲིན་སྤྱི་ཚོགས་འདིའི་ནང་གི་ཡོད་ན་དེས་ཆོག་དང་མེད་ན་དེས་ཕོངས་ཀྱི་དྲ་བའི་སྐུད་ལམ་འདི་ཡིན་པ་དང་། ཁོང་ཚོས་བརྟག་དཔྱད་ཡུན་རིང་བྱས་པའི་འབྲས་བུར་ཚན་རིག་པ་ཚོས་གསར་བཏོད་བྱས་པའི་དྲ་བའི་སྐུད་ལམ་འདི་ནི་མོ་རྐྱང་འདོད་ཆགས་ཅན་ཚོའི་གྲྭ་པ་རྐུ་ལམ་ཡོད་ན་མེད་ན་དེ་ཡིན་པའི་ངེས་ཤེས་གཏིང་ཟབ་ཅིག་རྙེད་པ་རེད། དེ་ལ་བརྟེན་ནས་རྒྱ་གར་ལྷོ་ཕྱོགས་དང་བོད་ནང་གི་དགོན་སྡེ་ཁག་ཅིག་ཏུ་གྲྭ་པ་དང་དྲ་བའི་འབྲེལ་ལམ་གཏན་འགོག་གི་དུས་རབས་བརྒལ་བའི་རྩ་ཁྲིམས་རླབས་པོ་ཆེ་ཞིག་གསར་དུ་དབུ་བརྙེས་པར་བྱས་སོང་། འདི་ལ་བཟང་ངན་གྱི་ཆ་གཉིས་ཡོད་པ་དང་། དེ་ཡང་ཆ་གཅིག་གཤམ་དུ་རྡེག་གནོན་བྱས་ན་ཉམས་སུ་མྱོང་ཐུབ་ལ། ཆ་གཅིག་ནི་གལ་སྲིད་དབྱིན་ཡིག་གི་ཆུ་ཚད་གང་མཚམས་ཡོད་པའི་གྲྭ་པ་ཞིག་གིས་རང་ཁྱིམ་ནས་དེང་རབས་འཛམ་གླིང་ལ་སྐོར་བ་གྲངས་མེད་ཅིག་རྒྱག་ཐུབ་ལ། འཛམ་གླིང་དེ་དག་གི་བདེ་སྡུག་བར་མའི་སྐྱེ་བོ་དག་གི་མཉམ་དུ་ཚོར་སྣང་མཉམ་སྤྱོད་ཀྱང་བྱེད་ཐུབ།
གསལ་བཤད། གོང་གི་དྭངས་གཙང་དང་འབག་བཙོག་གི་དཔེ་མཚོན་གཉིས་ནི་གྲྭ་རྒན་ཚོའི་གཏན་ཚིགས་ཡིན་པ་ལས་བདག་གི་ལྟ་ཚུལ་ནི་ནམ་ཡང་མ་ཡིན་པ་མཁྱེན་པར་མཛོད།
རྡེག་གནོན་ནམ་ཡང་ན་རྩ་བའི་རེའུ་མིག་ཏུ་དྲངས་ནས་བརྡེག་ན་ཆོག།
http://www.cmbod.cn/u/TibetanMonk/archives/2008/13120.html
ཁྱོད་ཀྱིས་བཤད་པའི་ངན་པའི་ཆ་དེར་ངས་ལྟ་ཐུབ་མ་སོང་། ཡིན་ནའང་། དངོས་ཡོད་གནས་ཚུལ་ཡིན་ན་དག་ཐེར་བྱེད་རྒྱུ་ཧ་ཅང་གལ་ཆེན་རེད།
ད་མཁས་དབང་རྣམ་པ་ཚོས་ཞབས་འདྲེན་མ་ཞུ། འཇིག་རྟེན་ཀྱི་བྱ་དངོས་ཚང་མ་དོན་དངོས་དང་བསམ་ཚུལ་གཉིས་ཁོ་ནས་མཇལ་ཐབས་མེད། གཡང་སྐྱབས་རྒྱལ་གྱི་བསམ་ཚུལ་དང་དོན་ངོ་མ་ཟེར་བ་དེ་ཕྱི་རྒྱལ་གྱི་བྱིས་པ་རྣམས་ལ་མཐོང་ཡུལ་དུ་གྱུར་པའི་དངོས་པོ་ཞིག་ལ་དངོས་འཛིན་བྱེད་སྟངས་ཀྱི་དཔེ་འཇོག་ཆུང་ཆུང་ཞིག་རེད། དེ་ཡང་དངོས་པོ་མཐོང་རྒྱུ་ཡོད་པ་ཞིག་ལ་དོན་ངོ་མ་དང་བསམ་ཚུལ་གཉིས་སུ་དབྱེ་ནས་ངོས་འཛིན་ཚུལ་ཞིག་རེད། དེ་མིན། དངོས་མེད། ལྷ་སྒྲུང། ལྐོག་གྱུར། བཤད་རྒྱུན། དཀྲོག་གཏམ། རྫུན་ལ་སོགས་པའི་བྱ་དངོས་མཐའ་དག་གོང་གསལ་གྱི་ཚིག་དེ་གཉིས་ཁོ་ནས་མཇལ་རྒྱུ་ཡིན་ཟེར་ན་ལོ་གསུམ་བྱིས་པ་ཡིན་ཡང་བགད་མོ་ལྷག་ལྷག
གསར་འགོད་པའི་དམ་ཚིག་སྐོར་ཅིག་ཡོད་པའི་ཁོངས་སུ་ཡང་། བདེན་པ་འགོད་པ། ཁུངས་དག་འགོད་པ། ཕྱོགས་ལྷུང་མེད་པར་འགོད་པ། རིས་སུ་མ་བཅད་པར་འགོད་པ། མི་མང་ལ་འགན་ཡོད་པར་འགོད་པ་སོགས་འདུག ཚགས་པར་ཆེ་ཤོས་དེ་ཚོར་མཚོན་ན་ཡང་གསར་འགྱུར་དང་བསམ་ཚུལ་ལ་དབྱེ་བ་འབྱེད་ཀྱིན་ཡོད། ཚགས་པར་གྱི་རིགས་ལ་ཡང་དཀྲོག་གཏམ་ཅན་གྱི་ཚགས་པར་དང་ཆ་འཇོག་འཕེར་བའི་ཚགས་པར་སོགས་འདུག འདི་དག་ཀྱང་བསམ་ཚུལ་དང་དོན་ངོ་མའི་ཁྱད་པར་མ་རེད་དམ། འདི་ནི་བྱིས་པ་ལོ་ཆུང་གི་ཤེས་བྱ་ཞིག་རེད་དམ
དམ་ཚིག་ནི་ཕལ་ཆེར་ཆོས་སྐད་ཅིག་ཏུ་བེད་སྤྱོད་བྱེད། དེ་ལས་གསར་འགོད་པའི་རྩ་དོན་ནམ་འོས་འགན་ཞེས་བོས་ལ་ལེགས་སམ་བརྟག་པར་ཞུ།
གང་ལྟར་གོང་གི་མཆན་དེ་དག་ནི་དགོན་པ་གྲྭ་ཚང་དུ་གློག་ཀླད་གཏན་འགོག་གི་བསམ་ཚུལ་ཆེད་བརྗོད་དེ་དང་འབྲེལ་བ་དེ་ཙམ་མེད་པར་མཐོང་གི རྣམ་པ་ཚོར་གྲྭ་པས་གློག་ཀླད་བེད་སྤྱོད་གཏན་འགོག་འདིའི་ཕྱོགས་སུ་ལྟ་ཚུལ་རེ་ཡོད་དམ། དེ་བཞིན་གྲྭ་པས་ལག་ཁྱེར་ཁ་པར་བེད་སྤྱོད་བྱེད་པ་ཡང་འགོག་གིན་འདུག
ཁྱེད་ཅག་གིས་བཤད་པ་ལྟར་དེང་དུས་གྲྭ་ས་ཁག་ནས་གློག་ཀླད་དང་ཁ་པར་སོགས་གཏན་འགོག་བྱེད་པའི་ཕྱག་ལེན་་གནང་གི་ཡོད་ན་དགའ་བསུ་ཞུ་འོས་ཀྱི་བྱ་གཞག་ཞིག་རེད་དྲན་གྱི་ཡོད། གང་ཡིན་ཞེ་ན་གྲྭ་ས་ཁག་གི་དགེ་འདུན་པ་ནི་སྟོན་པ་སངས་རྒྱས་ཀྱི་རྗེས་འཇུག་ཡིན་དུས་དེའི་བཀའ་དང་རྗེས་སུ་མཐུན་པ་ཞིག་སྤྱོད་རྒྱུ་དེ་ཧ་ཅང་གལ་ཆེའི་གནད་དོན་ཞིག་རེད། དེས་ན་ཁོང་གིས་རབ་ཏུ་བྱུང་བ་ནི་དོན་ཉུང་བ་བྱ་བ་ཉུང་བ་སྟེ་ཞེས་པ་སོགས་དང་སྒོ་བསྟུན་པ་ཡིན་དུས་རྗེས་སུ་ཡིད་རང་ཞུ་དགོས་འདུག་སྙམ། དེ་ལྟར་མ་ཡིན་པ་ཆོས་པས་ཁྲིམས་ལུགས་དང་མི་ཆོས་ཀྱི་ཐོབ་ཐང་ཁྱེར་ཏེ་སྲིད་གླེང་། སྲིད་གཞུང་གིས་འདུལ་ཁྲིམས་དང་ལྟ་སྒོམ་ཁྱེར་ཏེ་ཆོས་གླེང་ན་ད་གཟོད་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་དེ་ཆོས་སྲིད་གོ་བཟློག་ཏུ་འགྲོ་བ་རེད་སྙམ།།།།།།།།།།།
ཡེ་ཤེས་ཡིན་ན་འདི་ད་གཡབ་ཟིག་བྱོས། ཟླ་བ་ཁ་ཤས་ལ་གྲ་སར་བསྡད་ནས་བག་ཆགས་གང་ཡང་འཇོག་མ་ཐུབ་པས་ཡིན་ནམ། གྲ་སར་བླ་མ་ལ་དམིགས་བསལ་མཐོང་མེད་རེད། ག་དུས་ཡིན་ན་གྲ་སའི་མ་འགྲིག་མ་འཐུས་པ་མང་བོ་ཞིག་ཁྲོམ་སྟོན་བྱས་ནས་མི་ནག་པ་གང་མང་ཆོས་ལ་ཡིད་ག་འགག་གིས་བཅུག་སོང་། ངོ་མས་གྲ་ས་ལ་ཕན་ཐོགས་འདྲ་བྱེད་འདོད་ན་སློབ་གཉེར་བྱེད་སྟངས་ཀྱིས་གཙོའི་ཞེན་ཆ་ཁག་སྐུ་སྒེར་དང་ཆོས་དོན་ལ་ཡར་ཞུ་བྱས་ན་མི་ཆོག་གམ། ཁ་དཔར་སོགས་དེང་རབས་ཅན་ཀྱི་རིགས་དེ་དག་དེང་སང་གྲ་བར་ཡིན་གཅིག་མཁོ་བ་དངོས་བདེན་ཡིན་ན་འགོག་ཐུབ་མི་ཡོང་ལ། གྲོང་བ་སུན་འབྱིན་དུ་མི་འགྲོ་བ་དོ་བདག་རང་རང་གིས་འགན་ལེན་ཡོང་དགོས་པ་གལ་ཆེན་པོ་རེད། མ་གཞི་གྲ་ས་ན་དོན་གྱི་ངའོ་ཟེར་མཁན་མང་རབས་འདུག་པས་ཁྱོའི་ཁ་ལ་ཅིག་ཉན་མི་ཡོང་། དེ་ལས་རང་བླ་མ་བཟོ་ས་དེ་བ་ན་ལེགས་སྤེལ་ཉེས་འགོག་འདྲ་བྱེད་ཡ་མི་འདུག་གམ།
གྲྭ་བའི་བསམ་སྤྱོད་གྲོང་པ་ལས་བར་ཐག་རིང་ཙམ་དགོས་པ་མ་ཟད། གྲྭ་བའི་གཞུགས་གནས་དགོན་པ་ཡང་གྲོང་ཁྱིམ་དང་བར་ཐག་རིང་པོ་དགོས་ཀྱི་ཡོད་ཚོད་འདུག་ཀྱང་། ད་ལྟའི་གྲྭ་བའི་བསམ་སྤྱོད་གྲོང་བ་དང་འདྲེས་ཏེ་གོན་པའི་ཁ་ཏོག་ཙམ་ལས་ཁྱེད་མེད་ཆགས་པ་དང་། གྲོང་བའི་གྲོང་འདབས་དང་དགོན་པའི་ལྕགས་རི་ཡང་འདྲེས་པའི་མ་ཚད། གྲྭ་བའི་འདོམས་དང་བུ་མོ་ཚོའི་འདོམས་ཀྱང་འདྲེས་འགྲོ་གི་ཡོད་ཚོད་འདུག་པས། ཁྲིམས་འཛིན་མཁན་གྱི་དགེ་བསྐོས་ནུས་པ་ལྡན་པ་མང་པོ་དགོས་དུས་རེད།
བོད་པ་ནི་འཛམ་གླིང་གི་ནང་བའི་དགེ་རྒན་ཡིན་པས་དགེ་རྒན་ཚད་ལྡན་ཞིག་ཏུ་འགྱུར་ཐབས་ལ་སེམས་ཁུར་བྱེད་དགོས་སོ།།
གོང་ས་མཆོག་གིས་གྲྭ་ནས་ཚན་རིག་སྦྱོང་དགོས་ཀྱི་འདུག་གསུངས་ནས་ཕྱི་རྒྱལ་གྱི་ཚན་རིག་པ་སྐོར་ཞིག་སེ་འབྲས་དགེ་གསུམ་ལ་འབོད་འགུགས་ཀྱིས་གྲྭ་པ་ཁག་ཅིག་ལ་ཚན་རིག་གི་སློབ་སྦྱོང་སྤྲད་དང་སྤྲོད་བཞིན་པའི་ཕྱོགས་འདི་དང་། ཚན་རིག་གི་གྲུབ་དོན་གཟུགས་སུ་ཤར་བའི་གློག་ཀླད་དང་ཁ་པར་གཉིས་ལ་ལག་པ་འཆང་མི་ཆོག་པའི་བཅའ་ཁྲིམས་འདི་དག་གི་བར་དུ་མཐུན་ཕྱོགས་ཤིག་ཡོད་མེད་གླེང་གིན་ཡོད་མ་གཏོགས། གང་ཟག་སྒེར་བ་རེ་རེར་དགྲ་མི་ཤ་བོ་མཐོང་བ་ལྟ་བུའི་སྡིག་དམོད་དང་མཚང་འདྲུ་མ་བྱས་ན་ཉི་མ་མི་འཁྱོལ་བ་དག་ལ་འདིར་ལན་འདེབས་མི་བྱེད་པའི་དམ་བཅའ་ཟླ་བ་གཅིག་གི་སྔོན་ནས་བཞག་ཚར།
དེ་བཞིན། རྒྱལ་སྲས་རྣམས་ཀྱིས་མི་སློབ་པའི།།དངོས་དེ་གང་ཡང་ཡོད་མ་ཡིན།།ཞེས་དང་། རང་ཉིད་ཀུན་ཤེས་བྱ་ཕྱིར་དེ་ལ་དེ་བརྩོན་བྱེད།།ཅེས་ཀྱང་གསུངས་ཡོད་པ་མ་ཡིན་ནམ།
སྲོག་གཅོད་གཡོ་སོགས་མ་རབས་རིགས། །སེམས་དཔའ་རྣམས་ཀྱི་བསླབ་བྱ་མིན། །