དེང་རབས་འཕྲུལ་རིག་ནི་ཉིན་རེ་བཞིན་འཕེལ་རྒྱས་འགྲོ་བཞིན་པ་དང༌། བོད་ཀྱི་སྐད་ཡིག་ལ་མཚོན་ནའང༌། འཕེལ་རྒྱས་དེ་དང་བསྡོངས་ནས་དེང་རབས་ཀྱི་བརྡ་འཕྲིན་བརྒྱུད་ལམ་ན་མངོན་པར་འཕགས་ཀྱིན་ཡོད། ལོ་ངོ་ཁ་ཤས་ནང་བོད་ཕྱི་ནང་གང་སར་བོད་ཡིག་གི་དྲ་རྒྱ་མང་པོ་གཅིག་ལས་གཉིས་ལྷག་གིས་འཕེལ་རྒྱས་སོང་ཞིང༌། འཕེལ་རྒྱས་དང་འབྲེལ་བའི་རྩོམ་ཡིག་སྤེལ་མཁན་དང༌། དེར་བསམ་ཚུལ་དང་མཆན་བུ་འགོད་མཁན་ཡང་བརྒྱ་ཕྲག་ནས་སྟོང་ཕྲག་འཚང་ཁ་ཤིག་ཤིག་གིས་འཇུག་མུས་ང་ཚོ་བརྡ་འཕྲིན་དུ་ཞུགས་པའི་གོམ་སྟབས་ཀྱི་ངོས་རེད།
བརྡ་འཕྲིན་གྱི་ཞིང་དེ་ན། བོད་དང་བོད་ཀྱི་ཆོས་དང་རིག་གཞུང༌། ཡུལ་གོམས་གཤིས་ལུགས་སོགས་ཕྱོགས་སྣ་སྒོར་མོ་ནས་གླེང་བཞིན་ཡོད་པ་དང༌། དེར་དག་བཞག་གི་བསམ་ཚུལ་སྤེལ་མཁན་ཚོས་ཀྱང་ཐུག་མེད་དུ་གླེང་གི་ཡོད་ནའང༌། དེ་དག་གི་མང་ཆེ་བས་ནི་སྨྱུག་མིང་བེད་སྤྱོད་བྱེད་པ་ལས། རང་མིང་དངོས་སུ་སྨྲས་ནས་རྩོམ་ཡིག་དང་བསམ་ཚུལ་སྤེལ་མཁན་གྱི་གྲངས་ཚད་ནི་ཧ་ཅང་ཉུང་ངུའི་ཚུལ་དུ་ཡོད། ཅིའི་ཕྱིར་སྨྱུག་མིང་སྤྱོད་ཀྱི་ཡོད་པ་ཡིན་ནམ། ཅིའི་ཕྱིར་རང་མིང་སྦས་དགོས་བྱུང་བ་ཡིན་ནམ། དྲི་བ་གཅིག་འཕྲོར་གཅིག་སླེབས་ཐེངས་རེར། དེར་ལན་གྱི་དགོས་པ་ཡོད་མེད་སྣ་ཚོགས་པ་རེད་དེ། འགྲེལ་བཤད་ཅིག་ནི་ངེས་པར་དགོས་པ་ལྟ་བུར་ཡོད།
སྨྱུག་མིང་སྤྱད་པའི་ངོས་ནས་བཤད་ན། རྩོམ་ཡིག་སྤེལ་མཁན་གྱིས་འགན་ཁུར་མི་དགོས་པ་དང༌། ཀློག་མཁན་གྱིས་བསམ་ཚུལ་འདོན་པར་བཀག་རྒྱ་མེད་པར་ཐུག་མེད་དུ་གླེང་བར་དགེ་མཚན་ཆེན་པོ་ཡོད་པ་རེད་ཅེས་དྲ་བའི་བདག་པོ་ཁག་ཅིག་གིས་སྨྲ་ཞིང་ཡོད་ནའང༌། དེ་ཙམ་གྱིས་སྨྱུག་མིང་སྤྱོད་པའི་འགྲེལ་བཤད་གྲུབ་པར་ཤོད་ག་ལ་རུང་སྟེ། འགྲེལ་བཤད་དེར་བསམ་བློ་གཏོང་སྣེ་མང་པོ་ཞིག་ཡོད་པར་བསམས་ན། རྩོམ་ཡིག་དང་བསམ་ཚུལ་སྤེལ་མཁན་ཚོ་སྨྱུག་མིང་སྤྱོད་པའི་ལམ་དུ་འདེད་མཁན་ནི། རྩོམ་ཡིག་འབྲི་མཁན་དང་ཀློག་མཁན་གཉིས་ཀ་དང༌། ཡང་སྒོས་ཀློག་མཁན་དང་བསམ་ཚུལ་སྤེལ་མཁན་གྱི་ཁོར་ཡུག་དེ་གུ་དོག་པའི་དབང་གིས་ལམ་དེར་མ་ཞུགས་ཐབས་མེད་དུ་གྱུར་པར་འདོད་མཁན་མང་པོ་འདུག་པ་དེ་ཚོར་ཡང་བདེན་གྱི་མགོ་ཁུངས་ཤིག་ཡོད་པར་མཐོང༌།
གང་གིས་ན། ལོ་ཤས་འདིའི་རིང་གི་བརྡ་འཕྲིན་འཕེལ་སྟངས་དང༌། བརྡ་འཕྲིན་འཕེལ་རིམ་ནང་གི་ང་ཚོའི་རྩོམ་རིག་གི་ངོས་དང༌། ལྷག་དོན་བསམ་ཚུལ་སྤེལ་སྟངས་ཀྱི་ངོས་ལ་བལྟས་པས། རྩོམ་ཡིག་གི་རིན་ཐང་གླེང་རྒྱུ་དང་རྩོམ་པ་པོ་གཉིས་ལས་རྩོམ་པ་པོ་གླེང་བ་ཤུགས་ཆེ་བ་དང༌། དེ་བས་ཀྱང་རྩོམ་མཁན་དེ་ག་རང་གི་སྐྱོན་དང་མཚང་ཅི་ཡོད་བསྔོགས་ཏེ་རྩོམ་ཡིག་དངོས་གཞི་གླེང་དཔྱད་ལ་འཇུག་པའི་གོམས་གཤིས་འཇགས་མཁན་ཉུང་ངུ་ཞིག་ལས་མེད། ཉུང་ངུ་དེ་ཡང་གླེང་སྟངས་འདིས་ཡིད་སུན་པའི་སྐབས་མཚམས་རྣམས་སུ་མི་འདོད་བཞིན་དུ་སྨྱུག་མིང་སྤྱོད་པའི་ལམ་དུ་འཇུག་པའང་ཉུང་ཉུང་མ་རེད། ཡང་རྩོམ་པ་པོ་ཁ་ཤས་ནས་སྨྱུག་མིང་གཉིས་གསུམ་རེ་བེད་སྤྱོད་ཀྱིས་རྩོམ་པ་པོ་ཚོའི་ཁ་སྟབས་ལ་དཔག་པའི་ལན་འདེབས་ཀྱི་ལམ་ཁ་འདེད་བཞིན་པའང་གང་འཚམ་ཡོད་པ་བཅས་མདོར་བསྡུས་ནས་བཤད་ན། ང་ཚོའི་བརྡ་འཕྲིན་རྩོམ་རིག་ནི་སྨྱུག་མིང་སྤྱོད་པ་ཤས་ཆེ་བས་བཟུང་ནས་ཡོད་སྟབས།
དེ་རིང་ཁ་སང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་འགྲོ་རྒྱུག་ཆེ་ཤོས་ཀྱི་དྲ་རྒྱ་ནི་ཁ་བརྡ་དང་བོད་ཀྱི་དུས་བབ། བོད་ཀྱི་བང་ཆེན་གསུམ་རེད། དྲ་རྒྱ་འདི་གསུམ་ནང་ཞུགས་མཁན་དང་ཀློག་མཁན་གཉིས་ཀ་ཕལ་ཆེར་གཅིག་མཚུངས་ལྟ་བུར་ཡོད་ནའང༌། བརྗོད་གཞི་གླེང་བཤད་ཀྱི་རྣམ་པ་དང་གླེང་སྟངས་ཐད་ཁྱད་པར་ངེས་ཅན་ཡོད། དཔེར་ན། ཁ་བརྡ་དྲ་རྒྱ་ནི་རྩོམ་པ་པོ་རྐྱང་གིས་རྩོམ་ཡིག་སྤེལ་ས་དང༌། གཞན་གཉིས་ནི་ངོ་བོའི་ཆ་ནས་གསར་འགྱུར་གཙོ་འདོན་གྱི་བརྒྱུད་ལམ་ཞིག་ཆགས་ཡོད་སྟབས། དྲ་རྒྱ་འདི་གསུམ་གྱི་ངོ་བོ་དང་ཁྱད་ཆོས་ཀྱི་ངོས་ན་ཚོས་གཞི་མི་འདྲ་བའི་ཁྱད་པར་རེ་ཡོད་པའང་ཡིན། གང་ལྟར། རྩོམ་ཡིག་དང་བསམ་ཚུལ་སྤེལ་བ་གང་ཡང་རུང༌། མཚང་བསྔོགས་པ་དང་གཤེ་བའི་ཚིག་གྲུབ་རིགས་སྤེལ་བ་ཆེས་མང་ཐལ་དུ་གྱུར་སྐབས། དྲ་རྒྱའི་བདག་པོ་ཚོས་གསལ་བསྒྲགས་འདྲ་མཚུངས་རེ་སྤེལ་ཏེ། ད་ནས་གཅིག་གིས་གཅིག་ལ་ངན་དམོད་སྡིག་རེས་མ་བྱེད་རོགས། ཅི་སྟེ་ད་དུང་ཡང་འདི་ལྟར་བྱས་པས་རྩོམ་ཡིག་དང་མཆན་བུ་དེ་གྲས་བསུབ་ནས་མེད་པར་བཟོ་རྒྱུའི་ལམ་སྲོལ་བསྟེན་སྲིད་པ་ཡིན་ཅེས་འགོག་སྡོམ་གྱི་ཐབས་ཤེས་རྩལ་སྤྲུགས་བྱེད་མུས་སུ་ཡོད་ནའང༌། དེ་ཚུལ་གཏན་འགོག་གི་ཐབས་ཚུལ་ལམ་དུ་ལྷོངས་པ་ཞིག་ཡོང་གི་མེད།
ཡང་སྙིང་ང་ཚོར་འདི་འདྲའི་བཅོས་སུ་མེད་པའི་གོམས་གཤིས་ཤིག་གི་དགོས་མཁོ་ཡོད་པ་ཡིན་ནམ། དེ་འདྲ་ནི་གང་ཡང་མ་རེད། ཡིན་རྒྱུ་ནི། ཕྲག་དོག་གི་དབང་ཁོ་ནར་འཕྱན་ཐལ་གྱིས་ལམ་འདིར་ངང་གིས་འཇུག་གིན་ཡོད་པ་ལས། གཞན་གྱི་རྒྱུ་མཚན་དང་གནས་ལུགས་ཤིག་བཙལ་ནས་རྙེད་དུ་མེད། དེ་བས་ན། ཚུལ་འདི་ལས་ལྡོག་སྟེ་་བདེན་པ་དང་གནས་ལུགས་ཀྱིས་མ་བཏང་བའི་ལམ་དུ་འཇུག་དགོས་ན། གཅིག་གིས་གཅིག་ལ་ཕྲག་དོག་པའི་ལྟ་སྟངས་དང་བསམ་ཚུལ་རིགས་འདོར་བ་ནས་མགོ་འཛུགས་པ་ལས་ཐབས་གཞན་མེད་ནའང༌། དེ་ལྟའི་གཤིས་སྤྱོད་ཅིག་ལམ་དུ་ལྷོངས་པ་ལ་མ་མཐར་ཡང་དུས་ཚོད་ངེས་ཅན་ཞིག་དང༌། བསམ་བློའི་གོ་རྟོགས་ངེས་ཅན་ཞིག་དགོས་པ་ནི་བཤད་མི་དགོས་པ་ཞིག་རེད།
དོན་འདིས། རྩོམ་པ་པོ་དང་བསམ་ཚུལ་སྤེལ་མཁན་ཕྱོགས་གཉིས་ཀས་རང་ཉིད་ཀྱིས་གང་བཤད་པ་དང༌། རང་ཉིད་ཀྱིས་གང་བྲིས་ལ་འགན་ཁུར་གྱི་རྨང་རྡོ་ཞིག་འདིང་ཐུབ་དགོས་པ་ནི་གལ་གནད་ཆེན་པོ་རེད། དེ་ལྟར་བྱུང་མིན་གྱུར་པས། ང་ཚོས་དེང་རབས་ཀྱི་བརྡ་འཕྲིན་བརྒྱུད་ལམ་འདི་ནང་དཀྲུགས་ཀྱི་གཡུལ་ས་ལྟ་བུ་ཞིག་ཏུ་བེད་སྤྱོད་པ་ལས་མེད་སྟབས། རང་དབང་ལུང་པར་གནས་སྡོད་ངེད་ཅག་ལ་མཚོན་ན། ངེས་ཅན་དུའང་རང་མིང་དང་འགན་ཁུར་རྣམ་འགྱུར་གསལ་བའི་རྣམ་པ་ཕྱིར་མངོན་བྱེད་པ་ནི་ཅི་བས་ཀྱང་གལ་ཆེ་ལ༌། ཅིས་ཀྱང་དང་དུ་བླང་ནས་སྒྲུབ་དགོས་པའི་དོན་བྱ་གཙོ་གྲས་ཤིག་ཀྱང་རེད་སྙམ་མོ།།
དངོས་གནས་རེད། གོང་གི་བསླབ་བྱ་འདི་ངོ་མ་ཡོན་ཏན་ཅན་པའི་རྟགས་ཞིག་འདུག ཁ་བརྡ་ཁ་ཕྱེ་བ་ནས་མཐོང་བ་ཐེངས་དང་པོ་ཡིན། ཁ་བརྡ་འགོ་བཙུགས་མཁན་དེ་དག་ལའང་བསྐུལ་སློང་དེ་འདྲ་ཞིག་ཡོད་རོགས་བྱས་ན་ཨ། རང་དབང་ལུང་པའི་ནང་བསམ་ཕོད་པ་དང་བཤད་ཕོད་ཀྱང། མིང་མི་འབྲི་བར་རྩོམ་གང་བྱུང་འབྲི་བ་ནི་དངོས་གནས་རང་ཉིད་ལ་བདེན་པས་ཕོངས་པ་རང་རེད། དུས་རྟག་ཏུ་གཞན་གྱི་སྐྱོན་ཁོ་ན་བཏོན་ནས་བསྡད་རྐྱེན་རྒྱུན་པར་སེམས་ནང་འཇིགས་སྣང་ཡོད་སྟབས་མིང་སྦས་དགོས་ཀྱི་ཡོད་པས་སྨྱུག་མིང་ཙམ་ཡང་མི་སྤྱོད་པར་མིང་རྫུན་བཏགས་ཏེ་གླེང་ཕྱོགས་སྤེལ་གྱི་ཡོད། དེར་བརྟེན་ངེས་པར་ཐོག་མར་གླེང་ཕྱོགས་སྤེལ་མཁན་དེ་དག་མི་སུ་ཡིན་ཚང་མས་ ཤེས་རྒྱུ་ཡོད་པ་ཞིག་བཟོས་རྗེས་གཞི་ནས་དེའི་ཐོག་བསམ་ཚུལ་གང་ཡོང་འབྲི་བཅུག་ན་དེའང་དགོས་པ་ཆེན་པོ་ཞིག་འདུག
རྩོམ་ཡིག་འདི་ཚིག་སྦྱོར་ཧ་ཅང་ཡག་པོ་ཞིག་བྲིས་འདུག་པ་མ་ཟད། དག་ཆའང་རེ་ཟུང་ལས་ཤོར་མི་འདུག དངོས་གནས་བྲིས་པ་བཟང་གི འོན་ཀྱང་རང་མིང་དངོས་སུ་བེད་སྤྱོད་བྱས་ན་བསམ་ཚུལ་ལྷུག་པོར་མི་ཤོད་པ་ངས་ཀྱང་འདོད་ཀི དེ་བས་སྨྱུག་མིང་སྤྱོད་བཞིན་ཡོད། ཡིན་ནའང་རྩོམ་ཡིག་དང་མཆན་བུ་གང་ལའང་འགན་འཁུར་དགོས་རྒྱུ་ནི་དངོས་གནས་གལ་ཆེན་པོ་རེད། ཡང་ཁྱོད་ཀྱིས་བཤད་པ་བཞིན། མཆན་བུ་འདེབས་མཁན་ལ་ཤོས་ཀྱིས་རྩོམ་ཡིག་ལ་དཔྱད་གླེང་མི་བྱེད་པར་རྩོམ་པ་པོའི་མི་གཞི་དང་འབྲེལ་བའི་སྐད་ཆ་མང་པོ་ཞིག་བཤད་ཀི་འདུག དེ་ནས་རིམ་པས་མཆན་བུ་འདེབས་མཁན་ནང་ཁུལ་ལ་ཚིག་ཟིན་རེའི་ཐོག་ནས་རྩོད་གླེང་འདྲ་མིན་བཅོ་བརྒྱད་བྱས་ཏེ། མ་རྩོམ་བོར་བའི་མཆན་བུ་བཅུ་ཕྲག་འགའ་རེ་ལོང་བ་འདུག དེ་ཚོ་དངོས་ནས་དོན་མེད་དུས་ཚོད་འཕྲོ་བརླག་དང་དྲ་ངོས་སུ་ཡིག་ཚོགས་སྤུངས་པ་རང་རེད་སྙམ། དཔེར་ན་ཁོ་ཚེ་ཚུལ་ཁྲིམས་ཀྱི་སྐོར་དང༌། ཧོར་གཙང་འཇིགས་མེད་ཀྱི་མདོ་སྨད་ལོ་རྒྱུས་ཀྱི་སྐོར། འགུ་ལོག་དམ་ཆོས་ཀྱི་འགུ་ལོག་ལོ་རྒྱུས་སྐོར། ཆོལ་གསུམ་ལོ་རྒྱུས་འབྲི་མཚམས་བཞག་པ་སོགས་ཀྱི་མཆན་བུ་རྣམས་ལས་མང་ཆེ་བ་མ་ཤེས་མ་མཐོང་བར་ཡིག་ཚོགས་སྤུངས་བ་རང་ཡིན་པ་དྲ་རྩོམ་ཀློག་པ་པོ་ཚོས་མཁྱེན་གསལ་རེད། དེ་བས་ང་ཚོས་རྗེས་ཕྱོགས་དངོས་གནས་འགན་ཡོད་པའི་རྩོམ་ཡིག་དང་མཆན་བུ་རེ་འེ་ཐོབ་ལ་ལྟ་རྒྱུ་ལས། དོན་གྱིས་སྟོང་བའི་ཡིག་ཚོགས་མི་སྤུངས་རྒྱུར་འབད་བརྩོན་བྱ་དགོས་གལ་ཆེ་སྙམ།
དེ་རིང་ཁ་བརྡ་དྲ་རྒྱའི་ནང་ཉི་མ་གསེར་པོ་ཞིག་ཤར་སོང༌། ཉི་མ་འདི་བརྒྱུད་ང་ཚོ་རང་ཉིད་ཀྱི་སྐད་ཡིག་རིག་གཞུང་ལ་ཞེན་པའི་ན་གཞོན་ཕོ་མོ་ཚོར་ཤེས་ཡོན་མི་དམན་པ་ཞིག་ཐོབ་པ་དང་ཉི་མ་འདི་མི་ནུབ་པའི་སྨོན་ལམ་འདེབས། རྗེས་སུ་ཡི་རངས་ཡོད།
རྡོར་དབང་ལགས་ཀྱིས་གསུངས་པའི་དོན་གནད་ཁ་ཤས་ལ་རྒྱབ་སྐྱོར་ཡོད། སྡིགས་མོ་དང་སྨོད་འདེབས་བྱེད་པ་ནི་རྒྱུ་མཚན་མ་རེད། བདེན་པ་མ་རེད། དངོས་ཡོད་མ་རེད། དེའི་སྟེང་འདི་ལྟར་གྱིད་ན། སྐྱོན་ཆ་ཆེན་པོ་ཡོང་གི་འདུག རང་ཉིད་ནས་དེའི་སྐོར་ལ་ཡིད་གཟབ་བྱེད་ཀྱི་ཡོད།
མིང་ངོ་མ་སྤྲོད་མི་ཐུབ་པའི་རྒྱུ་མཚན་ནི། ལོ་ལྟར་བོད་ལ་འགྲོ་བཞིན་ཡོད། ཨ་ཞང་ལོ་ལོས་ཤེས་ན་དོ་སྣང་ཆེན་པོ་བྱེད་བཞིན་འདུག སྔོན་མ་ཆོས་འཁོར་ཆོས་ཚོགས་ (法轮功)ཀྱི་རྒྱ་མི་ཁ་ཤས་མཉམ་དུ་བགྲོ་གླེང་ཆུང་ཆུང་ཞིག་ལ་ཞུགས་པ་ཡིན། ཚང་མ་ཤེས་འདུག ལོ་ལྟར་རེ་ཞིག་སྐད་ཆ་འདྲི་བཞིན་འདུག སེམས་ནང་ལ་སྡུག་པོ་ཆེན་པོ་སྤྲད་བྱུང་།
དེང་སང་གློག་ཀླད་དང་དྲ་རྒྱའི་འཕྲུལ་འཁོར་དེ་ཚོ་སྤུས་ཚད་ལེགས་པོ་ཡོད་སྟབས། ཨ་ཞང་ལོ་ལོར་ཚང་མ་འབྱོར་གྱི་འདུག
ཁྱེད་ཀྱི་བསམ་ཚུལ་འདི་ལ་མོས་མཐུན་ཡོད་པར་མ་ཟད་དུས་ཐོག་ལ་སྤེལ་བར་ཐུགས་རྗེ་ཆེ་ཞུ་འདོད་བྱུང་།
ངེད་ཀྱི་བསམ་ཚུལ་ནི། བོད་རིགས་རྩོམ་འབྲི་བ་མང་པོ་ཞིག་གིས་དཔྱད་ཞིབ་དང་ཞིབ་འཇུག་གི་བློ་སྔོན་ལ་མ་བཏང་བར་རྩོམ་ཡིག་སྤེལ་བཞིན་པ་འདི་ནི་ཉེན་ཚབས་ཤིག་ཏུ་མཐོང་།
ངེད་ཀྱིས་ཉེན་ཚབས་རེད་ཟེར་དོན་ནི། འགན་ཁུར་མེད་པ་དང་ཁུངས་སྐྱེལ་མེད་པ་ལ་ཟེར་གྱི་ཡོད།
དེ་ནས་ད་དུང་སོ་སོའི་ཚོར་བ་འདྲ་བོ་ཞིག་འཁྱེར་ཡོང་ནས་སྡོམ་ཚིག་རྒྱག་བཞིན་པ་དེ་ཡང་ཡོན་ཏན་ཞིག་མ་རེད་བསམ།
ད་ཕན་ཁ་བརྡ་དང་དུས་བབ། བང་ཆེན་སོགས་ཀྱི་སྒང་ལ་རྩོམ་ཡིག་སྤེལ་མཁན་དང་མཆན་བུ་རྒྱག་མཁན་ཇི་སྙེད་ཅིག་བྱུང་བའི་ཁྲོད་ནས།
མང་ཆེ་བས་འགན་ལེན་མེད་པར་བསམ་ཚུལ་སྤེལ་བཞིན་འདུག ད་དུང་ཁ་ཤས་ཀྱིས་སྡོམ་ཚིག་ཆེན་པོ་རྒྱག་གི་འདུག དཔྱད་ཞིབ་དང་ཞིབ་འཇུག་གི་བློ་སྔོན་ལ་བཏང་ནས་བསམ་ཚུལ་སྤེལ་མཁན་ནི་ཉིན་མོའི་སྐར་མ་རེད་ལབ་ན་མི་འགྲིག་ལ་ཅི་ལ་ཡོད།་ མཆན་བུ་འདེབས་སྟངས་ཀྱི་ཐད་ནས་ཀྱང་ཁྱེད་ཀྱིས་གསུངས་བ་ནང་བཞིན་རྩོམ་ཡིག་གི་བརྗོད་དོན་སྒང་ལ་མི་འགྲོ་བར་མི་སྒེར་གྱི་མི་གཞིའི་སྒང་ལ་འགྲོ་གི་འདུག འོན་ཀྱང་། ངེད་ཀྱིས་འདི་དག་ཐམས་ཅད་འཚར་ལོངས་ཀྱི་བརྒྱུད་རིམ་ཞིག་ལ་ངོས་འཛིན་གྱི་ཡོད། བོད་ནང་ལ་མཚོན་ན། བོད་ཡིག་གི་དྲ་རྒྱ་བེད་སྤྱོད་གཏོང་བ་འདི་དར་ནས་ལོ་ངོ་ལྔ་དྲུག་ཞིག་མ་གཏོགས་འགོར་མེད། བཙན་བྱོལ་ལ་མཚོན་ན་ལོ་ངོ་གཅིག་གཉིས་ཙམ་ལས་འགྲོ་གི་མེད། དེར་བརྟེན། གཅིག་བྱས་ན་འདི་འཚར་ལོངས་ཀྱི་བརྒྱུད་རིམ་ལྟ་བུ་ཞིག་མིན་འགྲོ་བསམ། ག་ལེར་ག་ལེར་ཡར་རྒྱས་འགྲོ་གི་རེད་བསམ། དེ་ཙམ་ཞུ།
ང་རང་གིས་དྲན་ཚུལ་ཞིག་བཤད་པ་ཡིན་ན། སྨྱུག་མིང་བེད་སྤྱོད་བྱས་པ་དེ་ནི་སྐད་ཆ་ལ་འགན་འཁུར་མེད་པར་འདོད་པ་དེ་ནི་གཏན་ནས་མོས་འཐད་མེད། གང་ཡིན་ཟེར་ན། བོད་པ་ཞིག་གིས་དངོས་ནས་བཤད་པ་ཡིན་ན་ནི་སྨྱུག་མིང་བེད་སྤྱོད་བྱེད་རྒྱུ་དེ་ནི་དེ་བས་ཀྱང་གལ་ཆེན་རེད་ཟེར་ནས་གླེང་ན་འགྲིག་གི གང་ཡིན་ཟེར་ན། ངེད་ཅག་ལ་དགོས་པ་དེ་ནི་མི་སྒེར་བ་ཞིག་གིས་མིང་དངོས་དང་སྙན་གྲགས་བསྐྱེད་སྲུང་བྱེད་རྒྱུ་དེ་མ་ཡིན་པར་བོད་མི་མང་གི་སྐད་དང་ཡི་གེ བོད་མི་མང་གི་བདེ་སྡུག་བསྐོར། འདི་དག་ལ་བསམ་ཚུལ་འདྲ་མིན་སྤེལ་བ་ལ་མིང་དངོས་དགོས་ཀྱི་མེད་པར་དོན་དངོས་དགོས་ཀྱི་ཡོད་དུས། མི་སུ་ཞིག་དོན་དངོས་བཤད་ཀྱི་ཡོད་པ་ཡིན་ན། ངེད་ཅག་གིས་དེ་ཉིད་བདེན་པར་བཟུང་དེ་ཕན་ཚུན་ལ་བགྲོ་གླེང་ཡག་པོ་བྱེད་རྒྱུ་དང་བསམ་ཚུལ་སྤེལ་རེས་བྱེད་རྒྱུ་དང་། བསམ་བློའི་གོ་རྟོགས་ཇེ་མཐོར་གཏོང་རྒྱུ་དང་། གཞིས་བྱེས་གཉིས་ཀྱི་གྲོས་གཞི་བཏོན་པ་བཅས་ལ་སྨྱུག་དགོས་རྒྱུ་དེ་བས་ཀྱང་གལ་ཆེན་ཆགས་ཡོད་པ་ཡིན། གནད་འགག་དངོས་དང་མ་འཕྲད་བར་དུ་སྨྱུག་མིང་བེད་སྤྱོད་བྱས་པ་ཡིན་ན་ཡག་པོ་འདུག གལ་སྲིད། མི་དེ་ནི་མ་ཤེས་ཐབས་མེད་ལྟ་བུ་ཞིག་ཆགས་ཉིན། མི་དེའི་རང་ཉིད་རང་གིས་དྲ་གྲོགས་སྤུན་ཟླ་དག་ལ་ངོ་སྤྲོད་བྱེད་ཆོག་གི་རེད། འདི་ནི་ང་རང་གིས་སྨྱུག་མིང་གི་འོག་ནས་རྩོམ་ཡིག་སྤེལ་མཁན་གྲལ་མཐའ་བ་ཞིག་ཡིན་པས་སྟབས་ཀྱིས་རང་གི་བསམ་ཚུལ་དངོས་བཤད་པ་ཡིན།
ང་ཚོ་དྲ་རྒྱའི་ནང་གི་གྲོགས་པོ་ཚོ་ལ་ཟུར་ཙམ་བཤད་རྒྱུར། སྨྱུག་མིང་གི་སྐོར་འདི་ན་ཚ་ཞིག་རེད། འདི་འགོས་ནད་ཅིག་རེད། ངས་རྒྱ་ཡིག་མི་ཤེས་སྟབས་འགོས་ནད་འདིའི་འབྱུང་རྩ་གསལ་པོ་མི་ཤེས། རྒྱ་ཡིག་ལ་མཁྱེན་རྒྱ་ཡངས་པ་ཞིག་གིས་ང་ལ་གསུངས་གསལ་ལ། འགོས་ནད་འདི་རྒྱ་ནག་ལ་དབྱིན་ཡིག་ནས་བྱུང་བ་རེད་ཟེར། དེ་ནས་བོད་ཡུལ་ལ་དར་བ་རེད་ཟེར། དབྱིན་ཇི་སོགས་ཡུ་རོབ་ཀྱི་རྒྱལ་ཁབ་ཁག་དང་ནུབ་ཕྱོགས། དེ་བཞིན་རྒྱ་ནག་བཅས་སུ་སྨྱུག་མིང་བེད་སྤྱོད་བྱེད་སྲོལ་ཡོད་པ་དེ་རང་ལགས་དྲན། བོད་ཡིག་ལ་རང་གྲོལ་ལྟ་བུ་དོན་གྲུབ་རྒྱལ་གྱིས་བྲིས་པ་དེ་འདྲ་ནི་གང་ཟག་སུ་ཡིན་ཧ་ལམ་ཡོངས་གྲགས་ཆགས་ཟིན་པ་རེད་དྲན། དེ་ལས་ཀྱང་ཡིད་མི་རངས་ས་ཞིག་ལ། དབྱིན་ཡིག་གི་མིང་ཐོག་མ་དང་བར་མ། མཐའ་མ་གསུམ་དུ་ཡོད་པའི་ཐོག་མཐའ་གཉིས་ལ་མིང་གཞིའི་གསལ་བྱེད་གཅིག་པུས་འཐུས་པ་བྱས་ཏེ་འབྲི་སྲོལ་དེའི་ལད་ཟློས་བྱས་ནས་བོད་ཡིག་ཏུ་སྐྱེས་ཡུལ་དང་རང་མིང་བསྡུས་ནས། དཔེར་ན། གཅན་ . ཚེ་རིང་། ཞེས་པ་ལྟ་བུའི་འབྲི་སྲོལ་ཆགས་འདུག འདི་དག་ནི་འགོས་ནད་སྡུག་ག་ཞིག་ཡིན་པ་ཐག་གིས་ཆོད།
དེ་སྔོན་བོད་ཀྱི་འགྲོ་ལུགས་ལ། ཆུང་དུས་ཕ་མས་བཏགས་པའི་མིང་། དེ་ནས་གྲྭ་པ་ཞིག་ཡིན་ཚེ་རབ་ཏུ་བྱུང་བའི་མིང་དང་བསྙེན་པར་རྫོགས་པའི་མིང་། དེ་མིན་སྒྲ་ཞིག་སྦྱངས་ཚེ་དབྱངས་ཅན་དགྱེས་པའི་བློ་གྲོས་སོགས་ཀུན་བཤད་ཀྱི་མིང་། དབང་སོགས་ཞུས་སྐབས་གསང་མཚན་ཞེས་པའི་མིང་སོགས་ཅི་རིགས་བྱུང་ཡོད་པ་རེད་ལ་དེ་དག་བསྟན་བཅོས་ཁག་ཏུའང་ཁྱབ་ཆེར་སྤྱད་ཡོད་པ་རེད་དྲན།
ད་ནི་དྲ་རྒྱའི་ཐོག་གི་མིང་རྫུན་དེའི་དགག་དགོས་རྣམས་གོང་དུ་གླེང་འདུག་པས་འདིར་བསྐྱར་གླེང་མི་ཞུ་མོད། འདི་དང་འབྲེལ་བའི་སྐད་ཆ་ཞིག་བཤད་འདོད་བྱུང་། ང་ཚོའི་སེམས་ལ། དྲ་རྒྱའི་ཐོག་ནས་ཅི་ཞིག་བྲིས་ཀྱང་དེ་ནི་སུས་ཀྱང་མི་ཤེས་པའི་ཡིད་ཆེས་ལྟ་བུ་ཞིག་ཡོང་གི་ཡོད་པ་རེད། ངོ་མ་བཤད་ན། དྲ་རྒྱ་ནི་ཧ་ལམ་གསང་བ་ཉར་མི་ཐུབ་པའི་བང་མཛོད་ཅིག་དང་འདྲ་བོ་རེད། ཨ་རིའི་ཡུལ་གྱི་རྐུན་ཇག་དེ་ཚོའི་མང་པོ་ཞིག་དྲ་རྒྱའི་ཤུལ་རྗེས་བཙལ་ནས་རྙེད་འགྲོ་གི་འདུག དེ་བཞིན་དྲ་རྒྱའི་ཐོག་ནས་ཧ་ལམ་ཁྱེད་ཀྱིས་གློག་ཀླད་གང་ཞིག་སྤྱད་པ་དང་། དེའི་མཉེན་ཆས་གང་ཡིན་པ་སོགས་ཧ་ལམ་མི་ཚང་མས་ཤེས་ཐུབ་པ་ཞིག་ཡོད་པ་རེད། དེ་ཚོ་ཡང་འདིར་ཞུས་ན་བསམས་བྱུང་། སྐད་ཆ་བཤད་གིན་བཤད་གིན་ཆད་འགྲོ་བའི་དཔེ་བཞིན་ངའི་སྐད་ཆ་འདི་དག་གོ་རིམ་ཅན་ཞིག་བྱུང་མ་སོང་། བསྐྱར་དུ་ཞུ་དག་ཞུས་ཆོག་པ་ཞུ།
དོན་དངོས་ཐོག་མིང་གང་ཞིག་བེད་སྤྱད་ཀྱང་དེ་ལ་གནད་འགག་མི་འདུག གཙོ་བོ་དེ་ནི་མི་དེའི་བཤད་བཞིན་པའི་སྐད་ཆའི་ནང་དོན་དང་དེའི་བསམ་བློ་དངོས་དེ་བསྔོགས་རྒྱུ་དེ་ནི་གལ་ཆེན་པོ་རེད། ང་ཚོས་དྲ་ཐོག་ནས་མིང་རྩར་གཅོད་བྱེད་རྒྱུ་དེ་ནི་གཙོ་བོ་མ་ཡིན་པར་སྐད་ཆའི་ནང་དོན་ལ་རྩར་གཅོད་བྱེད་རྒྱུ་དེ་ནི་གནད་འགག་རེད་སྙམ། རྒྱ་ལྟ་དང་དབྱིན་རྟ་གང་ཡིན་ཡང་ང་ཚོས་དེ་ལ་རྩོད་པ་བྱེད་དགོས་དོན་ཆེན་པོ་ཞིག་མེད་པར་སྙམ། གལ་ཏེ་དེ་ལྟར་རྩོད་པ་བྱས་དེ་སོང་དུས། བོད་པ་ཚང་གི་གཞིས་་བཞུགས་སྙན་ངག་པར་འབོད་པ་མང་བོ་ཞིག་གིས་དེང་སང་ཆེས་སྤྲོ་སྣང་གི་ལམ་ནས་འབྲི་བཞིན་པའི་རང་མོས་སྙན་ངག་དེ་དག་ཡང་བོད་པ་ཚང་གི་དར་སྲོལ་མ་ཡིན་པས་དོར་དགོས་ཟེར་ཡང་སྲིད་པ་རེད། དེ་ལས་ངེད་ཅག་གིས་གནས་ལུགས་དང་རྒྱུ་མཚན་ལ་གལ་གནད་དུ་བཟུང་ན་ག་འདྲ་འདུག་ལགས། ཁ་བརྡའི་དྲ་དཔོན་ལགས།
རབ་གསལ་ལགས་དང་རྡོར་དབང་ལགས། ང་ལ་ཐབས་ཤེས་ཡག་པོ་ཞིག་ཡོད། རྩོམ་པ་པོའི་རྒྱབ་ལྗོངས་ཀྱི་གནས་ཚུལ་ལེན་ཐུབ་ལ། མཆན་གྱི་ནང་དོན་ཀྱང་ལེན་ཐུབ་པ། ད་དུང་སྡིགས་མོ་སོགས་བཀག་ཐུབ་པའི་མཆན་གྱི་སྒྲོམ་གཞི་གསར་པ་ཞིག ཚོད་ལྟ་གནང་རོགས།
མཆན་འགོད་པའི་འགེངས་ཤོག།
༡༽ ༼མིང་།༽ བསམ་ཤེས།
༢༽ ༼ ཕོ་མོ།༽ ཕོ།
༣༽ ༼སེར་སྐྱ།༽ དང་པོ་སེར། རྗེས་ལ་སྐྱ་བོ།
༤ ༽ ༼ཆབ་སྲིད་ལྟ་བ།༽ རབ་བྱུང་ན་རང་བཙན། དེ་མིན་དབུ་མ།
༥༽ ༼མཆན་འགོད་སའི་རྩོམ་པ་པོ།༽ ཀླུ་སྨྱོན།
༦༽ ༼རྩོམ་པ་པོ་དང་འབྲེལ་བ།༽ ལྟ་བ་མཐུན་གྱི་མེད།
༧༽ ༼ཐེངས་འདིའི་མཆན་གྱི་ནང་དོན་གཙོ་བོ།༽ དེང་དུས་རྩོམ།
༨༼རྩོམ་པ་པོ་ལ་རྒྱབ་སྐྱོར་བྱེད་དམ་རྒོལ་བ་བྱེད།༽ རྒོལ་བ་བྱེད།
༩༽ ༼རྒོལ་བ་བྱེད་པའི་རྒྱུ་མཚན་གཙོ་བོ།༽ ཁོང་གིས་་ག་དུས་ཡིན་ནའི་སྨྱོ་གཏམ་ཤོད་ཀྱི་འདུག
༡༠༽ ༼དཔང་པོ།༽ སྔོན་མའི་རྩོམ་རྣམས་ལ་གཟིགས།
༡༡༽ ༼རང་བཙན་ལག་དེབ།༽ ༡༢༥༤་༥༨༤་༢༤༥
༡༢༽ ༼སྡིགས་མོའི་ཚིག།༽ སྨྱོན་པ།
༡༣༽ ༼གུས་ཞབས་ཀྱི་ཚིག༽ ཁོང།
༡༤༽ ༼རང་གི་འདོད་པ་གཙོ་བོ།༽ ལྟ་བ་ངན་པ་རྣམས་འཇོམས་འདོད།
༡༥༽ ༼རང་གི་ཁོང་ཁྲོ་གཙོ་བོ།༽ གོང་གི་བྱ་བ་འདི་སྒྲུབ་ཐུབ་མི་མེད་པ།
གཟིགས་དང་། གོང་གི་འགེང་ཤོག་འདིས། རྩོམ་གྱི་ནང་དོན་ཚང་མ་འདོན་ཐུབ་ལ། སྒེར་གྱི་གནས་ཚུལ་ཡང་ཚང་མ་འབྲི་ཐུབ།
ཁྱེད་ནས་འགེང་ཤོག་འདི་འདྲ་ཞིག་བཟོས་ནས་དྲ་སྟེང་འཇོག་ན། གནས་ཚུལ་མང་པོ་ཞིག་ཐག་གཅོད་ཐུབ་ཡོང་།
སྨྱུང་མིང་འདོགས་དགོས། སྨྱུག་མིང་མང་བོ་འདོགས་དགོས། ལྷག་པར་དུ་ང་ཚོའི་སྤྱི་ཚོགས་འདིའི་ནང་དང་། དུས་སྐབས་འདི་འདྲ་ཞིག གནས་སྟབས་འདི་འདྲ་ཞིག་གི་འོག་སྨྱུག་མིང་འདོགས་དགོས། མི་རང་ཉིད་ལ་རང་ཉིད་སྲུང་བའི་ཐོབ་ཐང་ཡོད་། ཚང་མའི་ཤེས་གསལ་བཞིན་། ཁ་ཁོག་མེད་པར་བཤད་འདོད་པའི་སྐད་ཆ་བཤད་མཁན་མང་བོ་ཞིག་ཁ་བརྡ་དྲ་རྒྱ་འདིའི་ནང་ལྟོས་ལྟོས་ལ་མཆི་ལམ་དུ་བསྐྱལ་བ་དང་རྒྱང་ཕུད་དུ་བཏང་བ། ནག་ཉེས་འགལ་བ་སོགས་ཅི་རིགས་བྱུང་བ་ང་ཚོས་མཐོང་ཟིན། དཔེར་མཚོན་ཙམ་ཞུས་ན།
དེ་སྔོན་སྤོབས་པ་ཟེར་བ་ཞིག་གིས་བཤད་འདོད་པའི་སྐད་ཆ་ཞིག་ལྷུག་པོར་བརྗོད་དུས་། དེ་ལ་དང་ལེན་ལྟ་ཅི་བཏང་སྙོམས་ཙམ་ཡང་ཞུ་མ་ཐུབ་པར་རྨག་མེད་དུ་བཅོམས་སོང་། ཁ་འཇམ་ཁོག་རྩོག་མང་བོ་ཞིག་རུབ་རྒྱབ་ནས་བསད་སོང། དེ་བཞིན་གདོང་དམར་གྱི་བུ་ཟེར་བ་ཞིག་དང་། མེ་རི་ཟེར་བ་ཞིག། སྟག་སྨྱོན་ཟེར་བ་ཞིག དེ་བཞིན་མང་བོ་ཞིག་ང་ཚོས་མཐོང་ལམ་ནས་ཡལ་སོང་། ངོ་མ་མི་དེ་དག་ནི་ད་དུང་འདིར་ལྷག་པའི་འཆན་འགོད་པ་ཁ་གཡང་ལ་འགུགས་མཁན་ཚོ་དང་གཏན་ནས་མི་འདྲ་ཡ།
ངས་བལྟས་ན་མཆན་འགོད་ས་དེར་ཉེན་རྟོག་པ་དང་ཁྲིམས་ཁང་གི་དྲི་བ་འགོད་སྟངས་དང་མཚུངས་པར་རེའུ་མིག་གྲུ་བཞི་ཆུང་ཆུང་གཉིས་ལ་རྡེག་གནོན་བྱེད་པ་ལས་དགོས་ཀྱི་མི་འདུག དེ་གཉིས་ནི་བོད་ཡིག་གི་བཟང་དང་མི་བཟང་གཉིས། དབྱིན་ཡིག་གི Yes་དང་Noགཉིས་ཡིན། དེ་ལྟར་བྱས་ན་མ་གཏོགས་མཆན་འདེབ་རྒྱུ་སྤུས་དག་ཅིག་གནམ་འོག་འདི་ནས་ཡོང་ཐབས་མེད།
རྩོམ་ཡིག་འདི་སྤྱི་བའི་ཆ་ནས་ལྷག་བསམ་དང་ཀུན་སློང་ཡག་པོ་རེད། གནས་ལུགས་དང་རྒྱུ་མཚན་ཡང་གང་འཚམ་རེ་འདུག ཡིན་ནའང་འདིའི་ཞན་ཆའི་ངོས་ནས་བཤད་ན་ཧ་ལུས་པའི་རྗེས་ལུས་རང་རེད་འདུག དེ་མ་ཚད་རབ་གསལ་དང་བསམ་ཤེས་སོགས་ཀྱིས་རྒྱབ་སྐྱོར་དང་འགེང་ཤོག་བཟོ་རྒྱུའི་བསམ་ཚུལ་བཏོན་པ་ནི་ཐལ་དྲགས་པའི་བསམ་ཚུལ་བྱུང། ཁོང་ཚོའི་ཐུགས་དགོངས་ལ་བོད་ཡིག་གི་ལམ་ནས་ཚིགས་བཅད་རྐང་གཅིག་མིག་ལམ་དུ་མངོན་ན་དེ་ན་ལཎྡའི་བསྟན་བཅོས་ལྟ་བུ་ཞིག་དང་། བོད་སྔ་ཕྱིའི་མཁས་གྲུབ་ཚོའི་གཞུང་ལུགས་ལྟ་བུ་ཡིན་དགོས་པར་དགོངས་བཞིན་པ་ལྟ་བུ་འདུག སྔོན་མ་བོད་ནང་དོན་གྲུབ་རྒྱལ་གྱིས་རང་མོས་སྙན་ངག་གསར་བཏོད་ཐོག་གཞོན་སྐྱེས་གང་མང་ཞིག་དེར་དབྱིངས་ཞུགས་སྐབས་མཁས་དབང་རྒན་རབས་པ་མང་པོ་ཞིག་གིས་དེར་མི་འདོད་པའི་དགོངས་ཚུལ་བཏོན་ཡོད་ལ། དེ་ནི་བོད་ཀྱི་རིག་གཞུང་རྩ་གཏོར་ལྟ་བུ་ཡིན་པའི་ཉེས་མིང་ཡང་བཏགས་ཡོད། ཁོང་ཚོ་ནི་བོད་ཀྱི་བསྟན་སྲིད་ཆེ་ཉག་ཕྲ་སྐབས་བོད་ལ་ཕྱག་རྗེས་དང་བཀའ་དྲིན་འགྲན་ཟླ་བྲལ་བའི་མཁས་དབང་ཚེ་ཏན་ཞབས་དྲུང་དང་མུ་དགེ་བསམ་གཏན། དོར་ཞིག་གདོང་དྲུག་སྙེམས་བློ་སོགས་ཡིན། ཁོང་རྣམ་པས་བཀའ་དྲིན་དང་ཕྱག་རྗེས་ང་ཚོས་གླེང་དགོས་པ་ཞིག་མིན། འོན་ཀྱང་སྙན་ངག་གསར་བའི་ཐད་བཏོན་པའི་དགོངས་ཚུལ་ལ་ནོར་འཁྲུལ་བྱུང་ཡོད་པ་ད་ལྟ་དུས་ཚོད་ཀྱིས་བདེན་དཔང་བྱས་ཡོད། འདི་དཔེ་མཚོན་ཙམ་ཡིན། ང་དང་པོ་རྡ་སར་འབྱོར་སྐབས་ཨ་ཁུ་པདྨ་མ་འབུམ་དང་རབ་གསལ་སོགས་ལ་སྤྱི་ཚོགས་ཐོག་སྙན་གྲགས་མི་ཆུང་བ་ཞིག་འདུག དེ་བཞིན་བོད་ཡིག་དུས་དེབ་དང་ཚགས་པར་སོགས་གསར་གཏོད་གནང་བ་དེས་ང་ལ་བག་ཆགས་གཏིང་ཟབ་མོ་ཞིག་བཞག ད་ལྟ་ངས་བཙན་བྱོལ་ནང་གི་མཁས་བ་ཞིག་དཔེ་འདྲེན་དུས་ཁོ་གཉིས་འདྲེན་གི་ཡོད། ཡིན་ནའང་ད་ཐེངས་ཀྱི་དྲ་ཐོག་རྩོམ་ཡིག་དང་མཆན་བུ། དེ་བཞིན་སྨྱུག་མིང་འདོགས་སྟངས་ཀྱི་དགོངས་ཚུལ་འདིར་ངས་ངོས་ལེན་བྱེད་ཐུབ་མ་སོང་། དེ་རིང་དེ་ཙམ་བྱེད་། དུས་ཚོད་མི་འདུག
གོང་གི་དཔྱད་བརྗོད་འབྲི་མཁན་དང་མཆན་བརྒྱབ་མཁན་ཚོ་ལ།
ང་ཚོ་བོད་པ་ལ་ན་ཚ་ཆེན་པོ་ག་རེ་ཞིག་ཡོད་རེད་ཟེར་དགོས་པས?
ཀུན་སྤྱོད་བཟང་དྲགས་པས་སྐྱོན་ཡོད་པ་རེད། ཀུན་སྤྱོད་བཟང་དྲགས་པ་རང་མ་རེད།
ཀུན་སྤྱོད་བཟང་མདོག་བྱ་རྒྱུ་དེ་རེད།
སྤྱོད་ལམ་བཟང་རྒྱུ་འདི་གཙོ་བོ་བཟུང་ནས་གནས་འགག་གཞན་ཚང་མ་ལ་ཡན་ལག་དང་ཉིང་ལག་ལྟ་བུ་ལ་བརྩིས་པ་འདི་རེད།
༢
ན་ཚ་གཉིས་པ་དེ་ནི་འགོས་ནད་ཞིག་ཡིན་སྲིད། བརྗོད་བྱའི་དོན་ལ་གཙོ་བོ་མི་འཛིན་པ་བརྗོད་མཁན་གང་ཟག་ལ་གཙོ་བོ་འཛིན་པ་དེ་རེད། ན་ཚ་གཉིས་པ་འདི་བོད་པ་ཙམ་མ་ཟད་དྲ་དེབ་གང་དུ་འགྲོ་ནའང་མཐོང་ཐོས་སུ་ཡོད་པ་རེད། དམིགས་བསལ་གྱིས་གླེང་གཞི་ཆབ་སྲིད་ཀྱི་རང་བཞིན་ཅན་ཞིག་ཡིན་ན་མི་ཚོའི་རྣམ་དཔྱོད་ཀྱི་རིག་པ་དེ་ཡང་ས་སོའི་དགའ་ཞེན་ཕྱོགས་ཞེན་གྱི་དབང་དུ་སོང་ནས་འཆལ་གཏམ་གཙོ་འདེན་བྱེད་ཀྱི་ཡོད། གཤིས་ཀ་འདི་ནི་འབྲི་མཁན་ཚོ་རང་ངོས་ནས་བཅོས་བསྒྱུར་གཏོང་དགོས་པ་ལས་དྲ་བདག་ཚོས་སྒྲིག་ལམ་བསྡོམ་པས་གོ་ཆད་རྒྱུ་ཞིག་ཡིན་རྒྱུ་མ་རེད།
དྲ་དེབ་ཀྱི་རྩོམ་ཆོས་དེ་བོད་ཀྱི་དུས་དེབ་དང་བསྟན་བཅོས་སོགས་ཀྱི་རྩོམ་ཆོས་དང་བསྡུར་ཨེ་ཡོད་ན་སྙམ།
སྤྱི་ནུའུ་ཡོག་དུས་བབ་ལྟ་བུ་ལ་མཚོན་ན་འཛམ་གླིང་ནང་དུ་སྤུས་ཚད་མཐོ་ཤོས་ཅན་གྱི་གསར་ལམ་ཞིག་ཏུ་བརྩི་འི་རེད། ཚགས་པ་འདིའི་དྲ་དེབ་ཏུ་འབྲི་བ་རྣམས་ཀྱི་ཁྱད་ཆོས་དང་བརྗོད་དོན་ལ་བལྟས་ན་ང་ཚོ་བོད་ཀྱི་དུས་བབ་དང་བང་ཆེན་དང་ཁ་བརྡ་སོགས་དང་ཅང་ཁྱད་པ་མིན་འདུག
ཁྱད་པ་གཅིག་ཡོད་པ་ནི་ང་ཚོའི་དྲ་དེབ་ཏུ་རྫོགས་རྒྱུ་མེད་པའི་ “སྙན་ངག་” འདི་དང་ “སྙན་ངག་”་དེ་ཟེར་ནས་དུས་ཚོད་བསྐྱེལ་པ་དེ་ནུའུ་ཡོག་དུས་བབ་ཏུ་མཐོང་མེད་པ་རེད། དྲ་དེབ་ནང་དུ་བྲིས་པའི་རྩོམ་ཆོས་ལ་བཞིགས་ནས་ནུའུ་ཡོག་དུས་བབ་ཀྱི་སྤོས་ཚད་ལ་འདེང་འཇོག་བྱེད་ཀྱི་མེད་པ་རེད། གསར་འགོད་པ་མིན་པའི་མི་དམངས་ཚོའི་བསམ་ཚུལ་གླེང་སྟེགས་ཀྱི་རང་དབང་ཅན་གྱི་དྲ་དེབ་ཞིག་བསྐྲུན་པ་དེ་ནི་དུས་བབ་འདིའི་ཡག་པའི་ཡོན་ཏན་ཞིག་ཏུ་བརྩི་འི་ཡོད་པ་རེད།
ང་ཚོའི་དྲ་བདག་དང་ང་ཚོའི་མི་དམངས་ཀྱིས་དྲ་དེབ་ཀྱི་ངོ་བོ་དེ་དྲ་དེབ་ཀྱི་ངོ་བོ་ལ་འཇོག་ནས་དྲ་དེབ་ཀྱི་ཁྱད་ཆོས་དེ་དྲ་དེབ་ཀྱི་ཁྱད་ཆོས་ལ་བརྩིས་ན་ཡག་གི་རེད་སྙམ།
རང་དབང་ཅན་གྱི་དྲ་དེབ་ཏུ་གང་ཐོན་པ་ནི་འབྲི་པ་པོ་རང་གི་བསམ་ཚུལ་ཡིན་པས་མི་དམངས་དང་ཚོགས་པ་དང་གཞུང་སོགས་ཀྱིས་དྲ་བདག་ལ་སྐྱོན་འཛུགས་དང་སྡིག་ར་བྱ་རྒྱུ་མེད་པ་རེད། དེ་འདྲ་སྐྱོན་འཛུགས་དང་སྡིག་ར་ཡོང་སྲིད་པས་དྲ་བདག་གིས་དྲ་དེབ་ཀྱི་རང་དབང་ལ་བཀག་སྡོམ་བྱ་མི་རུང་བ་ཡིན། དེ་ནི་གཞུང་སྒེར་གཉིས་ཀྱི་ཤེས་དགོས་པ་ཞིག་ཡིན།
གལ་སྲིད་དྲ་དེབ་ཏུ་འབྲི་བའི་རྩོམ་ཆོས་དེ་དག་གང་ཟག་སུ་ཡིས་བཀླག་འདོད་མེད་བཞིན་དུ་ཨ་ཚུགས་ཀྱིས་འདི་རུ་ཡོང་དགོས་དོན་མེད། དྲ་གྲོགས་འགའ་ཤས་ཀྱི་ཚོར་སྣང་ལ་དྲ་དེབ་ཀྱི་སྤོས་ཚད་ཞན་དུ་འགྲོ་ཡི་ཡོད་པས་འདིར་མ་ཡོང་ནས་རྒྱུན་རིང་པོ་སོང་ཟེར་བ་སོགས་བཤད་པ་ནི་ཆོ་མེད་པ་དང་འགན་མེད་པའི་སྐད་ཆ་རེད། འདི་ལ་རང་དབང་ཡོད་པས་ཁྱེད་རང་ཡང་འདི་རུ་མཉམ་ཞུགས་ཀྱིས་བསམ་འཆར་སྤེལ་ནས་བསམ་བློ་གང་ཞིག་ཁ་བསྒྱུར་འདོད་ན་དེར་ཤུགས་བརྒྱབ་རྒྱུ་རེད། རང་དབང་ཅན་གྱི་མཉམ་ཞུགས་ནི་དམངས་གཙོའི་ཁྱད་ཆོས་གལ་ཆེན་པོ་ཞིག་ཡིན་པ་ཤེས་དགོས་སོ།
གལ་སྲིད་རང་དབང་དང་གུ་ཡོངས་མེད་ན་མཉམ་ཞུགས་བྱ་རྒྱུ་ལ་བར་ཆད་ཡོང་གི་ཡོད་པས་དེས་དམངས་གཙོའི་སྤུས་ཚད་ཀྱང་ཞན་དུ་གཏོང་གི་ཡོད་།
དཔེར་ན། མཚམས་རེར་ངས་དབྱིན་ཡིག་བེད་སྤྱད་ན་འབྲི་བདེ་བ་འདུག ཡིན་ནའང་དབྱིན་ཡིག་ཏུ་ཡོད་པའི་ཕ་ཡུལ་དྲ་རྒྱ་དེས་དེ་ཙམ་གྱིས་ཀློག་པ་པོ་ལ་རང་དབང་ཐོག་ནས་མཆན་འདོགས་རྒྱུའི་གོ་སྐབས་སྤྲོད་ཀྱི་མིན་འདུག མཆན་བུ་འཇོག་པ་དེ་དག་བསྟོད་བསྔགས་ཡིན་ན་ག་དུས་ཡིན་ནའང་དྲ་རྒྱ་རུ་ཐོན་ཡོང་བ་དང་། སྐྱོན་བརྗོད་ཡིན་ན་དྲ་རྒྱ་རུ་འཇོག་པ་ཤིན་ཏུ་དཀོན་པ་མ་ཟད་བཀོད་པ་དེ་ཡང་དུས་ཐོག་ཏུ་ཐོན་གྱི་མེད་པས་དེ་ལ་གསོན་ཉམས་ལྡན་པ་ཞིག་དང་འཁྲུག་ཆ་དོད་པ་ཞིག་མི་འདུག
དེ་རུ་བཞག ད་འགྲོ་རན་གྱི་འདུག
ཅི་ཞིག་འབྲི་རུང་བརྗོད་ཀྱང་འགན་འཁུར་དགོས་པ་མིའི་བཟང་སྤྱོད་ཡིན། བཟང་སྤྱོད་མེད་ཅིང་འགན་མི་ལེན་པར་གང་བྱུང་ཐོལ་རྒྱལ་དུ་འབྲི་བརྗོད་བྱེད་མཁན་དེ་ཚོས་སྤྱི་ཚོགས་ནང་རྙོག་དྲ་སློང་གཞི་ལས་ཅི་ཡང་མེད།
བཅོས། “དྲ་དེབ་ཀྱི་རྩོམ་ཆོས་དེ་བོད་ཀྱི་དུས་དེབ་དང་བསྟན་བཅོས་སོགས་ཀྱི་རྩོམ་ཆོས་དང་བསྡུར་ཨེ་ཡོད་ན་སྙམ།” དེ་ལ། ་་་་་་་་་ བསྡུར་རྒྱུ་ཨེ་ཡོད་ན་སྙམ།
“ཚགས་པ་འདིའི་དྲ་དེབ་ཏུ་འབྲི་བ་རྣམས་ཀྱི་ཁྱད་ཆོས་དང་བརྗོད་དོན་ལ་བལྟས་ན་ང་ཚོ་བོད་ཀྱི་དུས་བབ་དང་བང་ཆེན་དང་ཁ་བརྡ་སོགས་དང་ཅང་ཁྱད་པ་མིན་འདུག” དེ་ལ། ་་་་་དྲ་དེབ་ཏུ་འབྲི་བའི་མཆན་བུ་རྣམས་ཁྱད་ཆོས་དང་བརྗོད་དོན་ལ་་་་་་་་་་་་་་་་།
།
སྤྱི་མཉམ་ཐོག་ནས་བཤད་ན། ང་ཚོ་བོད་པའི་སེམས་ནང་དུ་ཡོད་པའི་འཇིག་རྟེན་ལ་ལྟ་ཚུལ་དང་སོ་སོ་རང་ཉིད་ཀྱི་ཉིན་རེའི་འཚོ་བའི་ནང་གི་འཇིག་རྟེན་ངོ་མ་དེ་གཉིས་ཀྱི་བར་ཐག་རྒྱང་པོ་ཞེ་དྲག་རེད་འདུག
འདི་spang rgyan ཟེར་མཁན་ཁྱེད་རང་གིས་རང་ཉིད་ལ་མཛུབ་མོ་བཙུགས་ནས་ཁྱེད་ཀྱིས་ “ཅི་ཞིག་འབྲི་རུང་བརྗོད་ཀྱང་འགན་འཁུར་”བྱེད་ཀྱི་ཡོད་དམ་དྲི་རྒྱུ་ཡིན།
གལ་སྲིད་ང་ཚོ་གསར་འགོད་པ་ཞིག་གི་ངོ་བོ་ཐོག་ནས་གསར་ཤོག་ཁག་ཏུ་སོ་སོའི་བསམ་ཚུལ་རྣམས་དངོས་ཡོད་གནས་ཚུལ་ཡིན་ཁུལ་བྱེད་ནས་སྤེལ་ན་བཟང་སྤྱོད་དང་ཕར་བཞག དེ་ཁྲིམས་འགལ་དུ་འགྲོ་ཡི་ཡོད།
ངས་གོང་དུ་བཤད་པ་ལྟར་དྲ་དེབ་(blog)་དེ་གསར་འགྱུར་བརྒྱུད་ལམ་གཞན་དང་བསྡུར་རྒྱུ་མེད་པ་བཤད་ཚར་བ་ཡིན།
མདོ་བསྡུས་ན། ངས་བཟང་སྤྱོད་དང་འགན་འཁུར་མི་དགོས་ཟེར་གྱིན་མེད། སྤྱོད་ལམ་ཡག་མིན་ལ་བཞིགས་ནས་དྲ་རྒྱ་འདིའི་ཐོག་ཏུ་བཀག་རྒྱ་བསྡོམ་གྱིན་སྡོད་ན་དྲ་རྒྱ་འདི་ཡིས་བསྒྲུབ་ཐུབ་པའི་ལས་ཀ་མང་པོ་ཞིག་ལ་བར་ཆད་ཡོང་གི་རེད་ཟེར་གྱིན་ཡོད།
བོད་མི་ཚོ་དང་བོད་ཡིག་ཀློག་མཁན་ཚོས་ལེགས་ཉེས་འབྱེད་མི་ཤེས་པ་ལོང་བ་གང་འཁྲིད་ལྟ་བུ་ཡིན་རྒྱུ་མ་རེད་བསམ་གྱི་ཡོད་། གལ་སྲིད་དམངས་གཙོའི་སྤྱི་ཚོགས་གཅིག་ནང་འཚོ་བ་བསྐྱེལ་འདོད་ཡོད་ན་བསམ་ཚུལ་འདྲ་མིན་ལ་ཡིད་སྨོན་སྐྱེས་མ་ཐུབ་ནའང་བརྩི་བཀུར་བྱ་ཐུབ་མཁན་ཞིག་བྱུང་ན་མི་ཚེ་སྐྱིད་དུ་འགྲོ་རྒྱུ་རེད།
བསམ་ཤེས་ཁྱེད་ཀྱིས་བསམ་ཤེས་ཡག་པོ་བྱས་འདུག ད་དུང་གཅིག་བརྗེད་ཡོད་ས་རེད། རྒྱ་ནག་གི་དུང་རབས་ཅན་གྱི་དྲ་རྒྱའི་ལྕགས་རི་ག་འདྲ་བྱེད་ནས་བརྩིགས་ཡོད་པར་སློབ་སྦྱོང་བྱེད་ན་ཁྱེད་རང་གི་དོན་ཚན་བཅོ་ལྔ་བསྒྲིགས་པ་དེ་དང་bachchA bachchA བཟོ་ཡི་རེད། དེའི་གོང་ལ་སྐུ་ངོ་རབ་གསལ་གྱི་བློ་དཔྱད་གསར་པ་ཞིག་རག་འདུག་པ་དེ་ “ཨ་རིའི་ཡུལ་གྱི་རྐུན་ཇག་དེ་ཚོའི་མང་པོ་ཞིག་དྲ་རྒྱའི་ཤུལ་རྗེས་བཙལ་ནས་རྙེད་འགྲོ་གི་འདུག” ཁྱི་སྤྱང་ལག་འབྲེལ་བྱེད་ནས་ཁ་བརྡ་ཡི་མ་འོངས་པ་དེ་བརླག་མ་གཏོང་རོགས་གྱིས།