དོར་ཞི་གདོང་དྲུག་སྙེམས་བློ། (ཁ་བས་འོས་སྦྱོར་བྱས།)
འགྲོ་བའི་སྐྱབས་གཅིག་ཐུབ་དབང་ལྷ་ཡི་ལྷ། །
དེ་ཡི་རྗེས་འཇུག་བསྟན་འཛིན་རྒྱལ་བའི་སྲས། །
གྲུབ་མཐའ་རིས་མེད་གོས་མདོག་མི་གཅིག་པའི། །
སྐྱ་སེར་ཕོ་མོ་གང་ཡང་ཕྱག་གི་ཡུལ། །
མཆོག་གསུམ་སྐྱབས་བསྟེན་ལྟ་བའི་ཕྱག་རྒྱ་བཞི། །
ཁས་ལེན་གང་ཟག་ཐམས་ཅད་ནང་བ་ཡིན། །
ནང་བའི་གྲུབ་མཐའ་ཐམས་ཅད་རང་རང་གི། །
དམ་པ་གོང་མའི་ཆོས་ཀྱི་རྒྱུན་བཟང་བོ། །
ཆུ་ལམ་ཞུགས་དང་རྡོ་ལག་བརྒྱུད་ཀྱི་ཚུལ། །
འཛིན་ཅིང་མི་ཉམས་གོང་འཕེལ་གཏོང་བ་གཅེས། །
རང་སྟོང་གཞན་སྟོང་ཕྱག་ཆེན་རྫོགས་ཆེན་སོགས། །
གང་ལ་མོས་ན་དེ་ཉིད་སྒོམ་པས་འཐུས། །
ཆོས་ཀྱི་རྩ་བ་སྙིང་རྗེ་ཆེན་པོ་ཡིས། །
དྲང་བའི་གཞན་ཕན་སེམས་དང་བདག་མེད་ལྟ། །
དེ་ལ་གྲུབ་མཐའི་ཁྱད་པར་ཡོད་མིན་པས། །
དེ་ཡི་སྟེང་ནས་བསམ་པ་གཅིག་སྒྲིལ་གཅེས། །
དེ་མིན་རང་ལྟར་ཞེན་པའི་འདོད་ཆགས་དང་། །
གཞན་ལྟར་སྡང་བའི་ཞེ་སྡང་ཕྲག་དོག་སོགས། །
ཆོས་ཀྱི་སྤང་བྱ་ཉམས་ལེན་སྙིང་བོ་རུ། །
བཟུང་ནས་བདག་བསྟོད་གཞན་ལ་སྨོད་པ་སོགས། །
བསྟན་པ་ནང་དཀྲུགས་བྱེད་པའི་བདུད་ཀྱི་ལས། །
བདུད་ཚར་གཅོད་པའི་སྔགས་ཀྱིས་བཟློག་པར་འོས། །
རི་དྭགས་རྒྱལ་པོ་ཁོག་གི་འབུ་ཡིས་བསད། །
དཔའ་མཁར་བཙན་རྫོང་ནང་གི་དགྲ་ཡིས་བརླག །
རྒྱལ་བའི་བསྟན་པ་ནང་ནས་མ་རུལ་ན། །
ཕྱི་ཡི་རྐྱེན་ངན་རླུང་གིས་བཤིག་མི་ནུས། །
དཔེར་ན་མེ་འཇིག་ཐེབས་པའི་རྩི་ཤིང་བཞིན། །
སྔར་ལོ་འཚིག་པ་ཕྱིར་ལོ་སླར་ཡང་སྐྱེ། །
གལ་ཏེ་རྩད་པ་རུལ་ལམ་འབུས་ཟོས་ན། །
ཕྱི་ཡི་གནོད་པ་མེད་ཀྱང་རང་ཉིད་སྐམ། །
ཚེ་སྔོན་བགས་ཆག་སད་དམ་སྦྱངས་ཐོབ་ཀྱི། །
ལུང་རྟོགས་ཡོན་ཏན་ཕལ་ལས་ལྷག་ཅིག་དང་། །
བསྟན་དང་འགྲོ་ལ་ཕན་པའི་ལག་རྗེས་གཉིས། །
སྤྲུལ་སྐུའི་གོ་སར་གནས་པ་ཀུན་ལ་དགོས། །
མཚན་ཉིད་དེ་ལྡན་ཕྱི་ཡི་ཆ་ལུགས་ལ། །
ཁྱིམ་པ་རབ་བྱུང་གང་བྱེད་ངེས་པ་མེད། །
དཔེར་ན་བླ་མ་མར་བ་འབྲོམ་སྟོན་བཞིན། །
དེ་མིན་ཁྲི་ཁར་བཞུགས་པའི་འཇིམ་གཟུགས་བཞིན། །
བརྟན་པོར་གནས་ཀྱང་བསྟན་ལ་ཕན་མེད་ཀྱང་། །
གནོད་པ་མེད་པས་མ་མཐའ་དེ་ཙམ་དགོས། །
གྲྭ་བ་ཟེར་བའང་གྲྭ་རྟགས་གཟན་ཤམ་ཞིག །
གོན་པས་མི་ཆོག་བསླབ་གསུམ་ཡོན་ཏན་དགོས། །
གྲྭ་བའི་བྱ་བ་ཁྲིམས་སྲུང་གཞིར་བྱས་ནས། །
འཆད་ཉན་སྒོམ་སྒྲུབ་ལས་ལ་གཞོལ་བ་ཡིན། །
མ་མཐའ་རྩ་བཞི་ཆང་བཅས་སྲུང་བ་ཡི། །
དགེ་འདུན་ཞབས་འདེགས་སྒྲུབ་མཁན་ཉན་ཡང་རུང་། །
མ་མཐའི་བསྲུང་བྱ་དེ་ཡང་མ་ནུས་ན། །
བསླབ་པ་ཕུལ་ནས་སྐྱ་སར་བབས་ན་གཙང་། །
ལ་ལས་གོས་རྟགས་གྲྭ་ཆས་མ་དོར་བར། །
གྲུབ་ཆེན་ཡིན་ཁུལ་ཆང་དང་བུད་མེད་སོགས། །
ངོ་ཚ་མེད་པར་བག་མེད་སྤྱོད་པ་དང་། །
ལུང་བསྟན་དབང་སྐུར་རྫུན་མས་མགོ་སྐོར་གཏོང་། །
ལ་ལས་བླ་རྟགས་གོས་སེར་ལུས་ལ་གཡོགས། །
བླ་སྤྲུལ་དགེ་བཤེས་མཁན་པོ་ཡིན་ཟེར་ནས། །
རྒྱ་ཡུལ་གྲོང་ཁྱེར་རིག་རིག་ཁྱི་ལྟར་ཉུལ། །
ཆོས་རྒྱུས་མེད་པའི་བླུན་པོ་རྨོངས་དད་ཅན། །
རྒྱ་དང་རྒྱ་མོ་མང་བོ་འཁོར་དུ་བསྡུས། །
ཆོས་དང་དབང་སྐུར་རྫུན་མས་ནོམ་རྫས་སྡུད། །
བསྟན་པའི་བླ་བཙོང་ཆོས་ཀྱི་སྲོག་གཅོད་པའི། །
མི་ངན་སྤྱོད་ངན་ས་སྟེང་ཀུན་ཏུ་ཁྱབ། །
བསྟན་སྲུང་རྒྱ་མཚོ་གཟིམས་སུ་ཤོར་མེད་ན། །
དེ་དག་དག་ཐེར་བྱེད་པའི་དུས་ལ་བབས། །
བླ་སྤྲུལ་དགེ་བཤེས་རྫུན་མའི་སྤྱོད་ངན་དག །
རྟགས་སུ་བཀོད་ནས་བོད་རྒྱུད་ནང་བསྟན་ནི། །
བསྣུབ་པར་འོས་པའི་ཆོས་ལོག་ཡིན་ཟེར་བའི། །
བརྙས་སྨོད་རྩོམ་འཆལ་ཐེ་ཝན་ཡུལ་དུ་བྱུང་། །
དེ་ཡི་ལན་ལ་ཁོ་བོས་རྒྱ་ཡིག་གི། །
བདུད་སྡེ་ཚར་གཅོད་རྡོ་རྗེ་མདའ་ཆར་ཞེས། །
དགག་ཡིག་བརྩམས་ནས་རྒྱ་ཡུལ་ཀུན་ཏུ་བཀྲམས། །
ལྟ་བའི་ཆ་ནས་བླུན་པོའི་བརྡོལ་གཏམ་དག །
ཚར་གཅོད་སུན་འབྱིན་བྱེད་པར་སླ་མོད་ཀྱང་། །
རང་གི་ཕྱོགས་ལ་འབབ་པའི་སྤྱོད་པའི་སྐྱོན། །
སྤྱི་ལ་མ་ཁྱབ་ན་ཡང་བྱེ་བྲག་ལ། །
སྐྱོན་དེ་ཡོད་པ་མངོན་སུམ་བསྙོན་མི་ནུས། །
དེ་ནི་བསྟན་པར་གཅེས་སེམས་ཡོད་པ་ཡི། །
གྲུབ་མཐའ་སོ་སོའི་བླ་སྤྲུལ་གྲྭ་རིགས་ཀུན། །
ཐུགས་བསམ་ཞིབ་ཏུ་བཞེས་དགོས་གནས་ཤིག་ཡིན། །
སངས་རྒྱས་བཅོམ་ལྡན་འདས་ཀྱི་རྗེས་འཇུག་གི། །
གྲལ་དུ་གནས་པའི་གྲུབ་མཐའ་གང་ཡིན་ཀྱང་། །
བསམ་པ་དང་ནི་ཀུན་སྤྱོད་གང་ཅིའི་ཐད། །
སྟོན་པས་དགག་སྒྲུབ་གནང་གསུམ་མཛད་པ་ཀུན། །
ཐམས་ཅད་སྒྲུབ་མ་ནུས་ཀྱང་སྤང་བླང་གི། །
མ་མཐའི་སྲུང་མཚམས་དེ་ལས་འདའ་སོང་ན། །
མི་སྟེགས་ཕྱི་རོལ་བ་དང་ཁྱད་མེད་པའམ། །
དེ་ལས་ཀྱང་ནི་ཐ་ཆད་དུ་འགྱུར་ཕྱིར། །
སྟོན་པའི་ཞལ་ངོ་ས་ལ་འཕངས་པ་ཡི། །
བསྟན་བཤིག་སྤྱོད་པར་དོགས་ཟོན་བྱེད་པ་གལ། །
བར་སྣང་ཁམས་སུ་ཉི་ཟླ་འོད་ཟེར་འཕྲོ། །
ས་ཡི་སྟེང་འདིར་རྒྱལ་བསྟན་གཟི་བརྗིད་འབར། །
བསྟན་འདིར་དོན་གྱིས་ཞུགས་སམ་མིང་ཡང་རུང་། །
མཆོག་གསུམ་ལས་འབྲས་དམྱལ་བ་ཡི་དྭགས་སོགས། །
དད་པ་དང་ནི་ཡིད་ཆེས་མེད་ན་ཡང་། །
མི་ཞིག་ཡིན་ན་ཁྲེལ་དང་ངོ་ཚ་དགོས། །
ངོ་ལྤགས་བཤུས་ནས་གཡོ་སྒྱུ་ཁྲམ་གསུམ་གྱིས། །
རྙེད་དང་བཀུར་སྟིར་ཁྱི་ལྟོགས་ཟས་འཕྲོག་ཚུལ། །
ཆོས་དང་འཇིག་རྟེན་གཉིས་ཀར་ངན་པར་བརྩི། །
དམ་པའི་ཆོས་ནི་ལུས་ངག་ཡིད་གསུམ་གྱིས། །
དངོས་སུ་སྒྲུབ་བྱ་ཡིན་ལ་ཆོས་ཚིག་ཙམ། །
ཀློག་འདོན་དང་ནི་ཁ་བཤད་ཙམ་ཞིག་མིན། །
སྡིག་སྤོང་དགེ་སྒྲུབ་ལག་ལེན་མ་བྱས་ན། །
ཁ་ནས་འདོན་པ་རྫུན་དུ་འགྱུར་ཉེན་ཡོད། །
རྫུན་དུ་མི་འགྱུར་བ་ཞིག་གནད་དུ་ཆེ། །
གཞན་ཕན་སྒྲུབ་པ་ཕར་ཞོག་ཕན་སེམས་ཙམ། །
སྐྱེ་བའང་སངས་རྒྱས་མཆོད་ལས་ལྷག་གསུངས་པས། །
ཁ་ནས་སེམས་ཅན་ཟེར་ཞིང་བསམ་བྱ་དང་། །
བསྒྲུབ་བྱ་རང་དོན་ཁོ་ན་ག་ལ་འོས། །
སློབ་གྲྭ་སྨན་ཁང་རྒན་རྒོན་སྙོར་སྐྱོང་ཁང་། །
དབུལ་སྐྱོབ་སྙིང་རྗེ་ཚོགས་པ་སོགས་བཙུགས་ནས། །
སྤྱི་ཚོགས་ཕན་བདེའི་ཞབས་འདེགས་སྒྲུབ་པ་ནི། །
སངས་རྒྱས་བྱང་སེམས་དགྱེས་པའི་མཆོད་པ་དང་། །
སེམས་ཅན་ཕན་བདེ་སྒྲུབ་པའི་ཐབས་མཆོག་ཡིན། །
རྒྱ་སེར་ཆོས་ལུགས་དེ་ལྟར་བྱེད་འདུག་པས། །
གཞན་ཕན་གཙོར་བྱེད་ནང་བའི་ཆོས་ལུགས་ཀྱིས། །
དེ་ལྟར་བྱེད་དགོས་མི་དགོས་ཐེ་ཚོམ་ཅི། །
མདོར་ན་བསྟན་པའི་རྗེས་འཇུག་སྐྱ་སེར་ཀུན། །
བསྟན་པའི་གནད་རྣམས་ཤེས་ནས་བསྟན་པ་ལ། །
བཅོས་མིན་དད་མོས་དང་ནི་གཅེས་སེམས་ཀྱིས། །
ཆོས་མཐུན་ལྟ་སྤྱོད་གོང་དུ་སྤེལ་བ་དང་། །
བསྟན་པའི་སྲོག་རྩར་རྒོལ་བའི་ལྟ་ངན་དང་། །
སྤྱོད་ངན་ཚར་གཅོད་སུན་འབྱིན་དུས་ལ་བབས། །
ཞེས་པ་འདི་ཡང་ཉིས་སྟོང་དྲུག་གི་ལོར། །
རྒྱལ་བའི་བསྟན་ལ་དད་དང་གཅེས་སེམས་ཀྱི། །
མེ་སྟག་ཕྲ་མོ་ཁོང་ནས་མ་ཉམས་པ། །
དོར་ཞི་གདོང་དྲུག་སྙེམས་བློར་འབོད་པས་བྲིས། །
སྤྲུལ་སྐུ་ཏང་ཡོན་ཅན་གྱི་གསུང་ལ་བསྟོད་དོ།དེང་སང་དོར་ཞིའི་སྙིང་ལ་དཔའ་རྒྱས་ཡོད་ས་རེད།ཡིན་ཡང་བུ་ཕྲུག་ཚོར་བོད་སྐད་ཞིག་བསླབས་ཐུབ་པའི་འབོད་སྐུལ་ཞུ་གི་ཡོད།
དོར་ཞི་ཟེར་བ་དེ་མཁས་པ་ཞིག་ཡིན་ཡང་ཕྱོགས་ཞེན་ཅན་ཞིག་ཡིན་པ་འདྲ། ཁོས་རྒྱ་ཡིག་ནང་ལ་རྙིང་ཆོས་ཡང་དག་མ་ཡིན་པ་མང་པོ་ཞིག་བྲིས་ཡོད་རབས་འདུག
དོར་ཞིས་བྲིས་པ་ཞིག་གི་ནང་རྙིང་མའི་རྫོགས་ཆེན་ནི་ཧ་ཤང་གི་ལྷམ་ཆད་དང་། བོན་པོའི་ཞྭ་ཆད་རེད་ལབ་འདུག
ཀུན་གྱི་གྲུབ་མཐའ་སྦྱོངས་ཤིག་བོད་རིགས་ཚོ། །
རང་ཆོས་རང་བརྒྱུད་ཐུལད་ཅིག་བོད་རིགས་ཚོ། །
ཀུན་ལ་དག་སྣང་སྦྱོངས་ཤིག་བོད་རིགས་ཚོ། །
རང་ལུགས་ཉམས་མེད་སྐྱོངས་ཤིག་བོད་རིགས་ཚོ། །
ཀ་རྡོའི་གསུང་ལ་མངོན་པར་བསྟོད།