—-འབའ་སྲས།
སེམས་ཀྱི་སྙིགས་རོ་གསང་བའི་དུར་དུ་སྦོས།།
ཁ་བཤད་ཝུ་དཀར་མཛེས་པའི་རྒྱན་དུ་བྱེད།།
མི་སེམས་རྟ་གླང་ཅན་དག་མཐར་སྤྱུགས་ཏེ།།
དྲང་བདེན་མི་རྗེ་གང་གིས་སྲིད་དབང་སྐྱོངས།།
མི་ཡི་ཁྲ་ཁྲ་ནང་གི་གསང་བ་ཉིད།།
སྟག་གི་རི་མོ་བཞིན་དུ་མི་གསལ་བ།།
ཁ་ཁོག་གཏན་ནས་མི་མཚུངས་སྲིད་སྐྱོང་གི །
འོས་མི་འགའ་ཞིག་ཁྱེད་དང་བསྡུར་ནས་བཤད།།
འཇའ་རིས་གུར་དུ་ཕུག་ཐུབ་འུར་ཆེན་པོ།།
བྲག་རི་མཛུབ་མོས་བསྒུལ་ཐུབ་ལབ་ཆེན་པོ།།
དམངས་ལ་མགོ་བསྐོར་ཐེབས་པའི་རྫུན་ཆེན་པོ།།
སྐུ་ངོ་ཁྱེད་ཀྱིས་མ་གསུངས་ཁྱེད་ཉིད་མཆོག །
འོས་ཤོག་འཐོབ་ཆེད་གཞན་གྱིས་འཇོན་ཐང་བསྒྲོགས།།
ཁྱེད་ཀྱི་དངོས་ཡོད་དོན་གྱི་གནས་ལུགས་བགྲངས།།
བདེན་པ་དངོས་མཐོང་ལམ་གྱི་དབུ་མ་བ།།
རྒྱལ་བའི་ཐུགས་དགོངས་རྟོགས་པ་ཁྱེད་གཅིག་གྲང་།།
ལུང་ཚན་དགའ་ཕྱོགས་འཐེན་འཁྱེར་དབང་སོང་ནས།།
ང་ལ་འོས་ཤོག་བླུག་ན་ནོར་བ་སྟེ།།
དངོས་ཡོད་གནས་སྟངས་རྒྱུས་ལོན་གལ་ཆེ་ཞེས།།
སྐུ་ངོ་ཁྱེད་ལས་གཞན་པ་སུ་ཡིས་བཤད།།
རྒྱབ་གཟུགས་གྲིབ་མ་ལུས་ལ་གྱོན་བྱས་ཏེ།།
ཁུ་ཚུར་སྟོང་བས་ས་ཕྱར་གནམ་ཕྱར་གྱིས།།
འོས་ཤོག་ཁ་ཟས་འཚོལ་བའི་སློང་མོ་བ།།
བདེན་པ་ཆོད་པའི་རལ་གྲི་ག་ལ་ཡིན།།
རྒྱལ་བ་གང་གི་གཉིས་ཕན་དབུ་མའི་ལམ།།
བོད་མི་བྱིངས་ཀྱི་ཞེ་འདོད་དེ་ཁོ་ན།།
ལྷག་བསམ་གཙང་མས་བསྒྲུབ་ལ་ཆོད་སེམས་ཅན།།
མི་རྗེ་སྐུ་ངོ་ཁྱེད་ལས་གཞན་པ་མིན།།
སྲིད་སྐྱོང་འཐོབ་ན་ཆང་རག་བཏུང་ངམ་ཞེས།།
སྐྱག་དྲི་ཁ་བའི་དྲི་བ་དེ་ཚོ་ལ།།
གཡས་བསྒྱུར་གཡོན་བསྒྱུར་ཟོལ་བཅོས་ཡིན་མིན་པའི།།
གཏིང་གསལ་ལན་གྱིས་ཁྱེད་ཀྱི་རང་གཤིས་བསྟན།།
རྒྱ་བོད་དབྱིན་གསུམ་སྐད་ལ་བྱང་ཆ་ལྡན།།
བོད་མིའི་སྒྲིག་འཛུགས་བྱ་བར་ཉམས་མྱོང་ཟབ།།
བོད་དོན་རྒྱབ་སྐྱོར་ཁག་ལ་འབྲེལ་བ་བཟང་།།
ཤེས་འཇོན་ཆོད་སེམས་ལྷག་བསམ་དེ་བས་བསྟི།།
སྔོན་བྱས་བྱ་བའི་ཁྲོད་ན་ནོར་བ་མེད།།
ད་ལྟའི་སྒྲུབ་བཞིན་བྱ་བར་འཕྱུགས་པ་མེད།།
མ་འོངས་བྱ་བ་འཐུས་ཤོར་དོགས་པ་མེད།།
ད་ལོའི་འོས་མི་ནང་དུ་ཁྱོད་འདྲ་མེད།།
གཞུང་རྒྱུ་སྒེར་བདག་མ་བྱས་ལག་གཙང་མ།།
རྒྱལ་བར་མཚན་སྨད་མ་ཞུས་ཁ་གཙང་མ།།
བོད་ལ་ལྷག་བསམ་དཀར་བས་སེམས་གཙང་མ།།
ད་ལོའི་འོས་མི་ཁྲོད་ན་ཁྱོད་གཙང་མ།།
རྒྱལ་བའི་སྐུ་ཕྱཱ་བསྲུང་ལ་ལྕགས་ཀྱི་རི།།
བོད་རྒྱའི་གྲོས་མོལ་མཇུག་མཐུད་ཆུ་ཡི་ཟམ།།
བཙན་བྱོལ་སྒྲིག་འཛུགས་བསྐྱང་ལ་མཛངས་པའི་མི།།
ཁྱད་འཕགས་གསུམ་ལྡན་ཁྱེད་ཉིད་གཞན་ལས་མཆོག །
མ་བརྟག་མ་དཔྱད་འོད་ཚོད་དབང་གིས་མིན།།
ལུང་ཚན་དགའ་ཉེ་ཕྱོགས་སུ་ལྷུང་བས་མིན།།
གཞན་གྱིས་ཁར་ཉན་རང་ཚུགས་བོར་བས་མིན།།
ང་ཡི་དྲང་བདེན་འོས་ཤོག་ཁྱེད་ལ་ཕུལ།།
མི་འཇིགས་སྲིད་དབང་བསྒྱུར་པའི་སྟེགས་བུ་ལས།།
བོད་ཀྱི་བདེན་མཐའ་སེལ་བའི་ཁུར་ཆེན་པོ།།
ལྕི་ཡང་སྟོབས་ཀྱིས་འགྱོག་ལ་གྱད་པའི་མི།།
ཁྱེད་ཉིད་མཆོག་ཕྱིར་རྣམ་པར་རྒྱལ་བར་ཤོག །
16/01/19 ཉིན་མདོ་སྨད་ཚོགས་གཙོ་ཟུར་བ་བསྟན་པའི་དངོས་གྲུབ་མཆོག་ནས་རྩོམ་སྐུལ་ལྟར་རང་གི་སེམས་སུ་གནས་པ་ཅི་ལྟ་བ་ཡི་གེར་ཕབ་པའོ།།
འབའ་སྲས་ལགས་དོན་གནད་ཅན་ཞིག་བྲིས་འདུག
བཀའ་དྲིན་ཆེ་ཞུ།
སྤེན་པ་ཚེ་རིང་སྲིད་སྐྱོང་འོས་གཞིར་རྒྱབ་སྐྱོར་བྱེད་ཚོས་འདིར་གཟིགས།https://www.facebook.com/bawatashi.bhuti/videos/879190445512809/
https://www.facebook.com/bawatashi.bhuti/videos/879190445512809/ འདིར་གཟིགས།
བླ་མ་ཞིག་བསད་པའི་དོགས་གཞི་ཁྱོན་ཡོངས་ནས་སེལ་མེད་མཁན་སྤེན་པ་ཚེ་རིང་འདི་ལྟར་རྒྱབ་བསྐྱོར་བྱེད་པ་ནི་ལུང་ཚན་པའི་བྱ་སྤྱོད་རེད་མ་གཏོགས་སྙན་ངག་པའམ་རྩོམ་པ་པོ་ཞིག་གི་བྱ་སྤྱོད་མ་རེད། བཙན་བྱོལ་ནང་གི་རྩོམ་པ་པོ་ཡིན་ཟེར་མཁན་ཚོ་ནི་ལུང་ཚན་ཆབ་སྲིད་པའི་ཁྱི་དབྱུག་ཙམ་མོ།
བཙན་བྱོལ་ནང་གི་རྩོམ་པ་པོ་དང་སྙན་ངག་པ་ཕེལ་ཆེ་བ་ནི་རང་སྟོད་དང་རང་གྲགས་ལ་དགའ་བ། རང་ཕྱོགས་དང་རང་འཛིན་ཆེ་བས་གཞན་གྱི་གནས་ལུགས་མི་སེམས་ལ་རང་གི་ཆ་ལུགས་ཡང་འགན་འཁུར་དགོས་ནི་མ་རེད། ངས་ཁོ་ཚོར་རིན་ཐང་ལྟ་ཡི་མེད་ལ་ཆ་འཇོག་ཡང་བྱེད་ཀྱི་མེད།
ཚིག་དོན་གང་གི་ཆ་ནས་ཀྱང་ཡག་པོ་བྲིས་འདུག་སྙམ། མ་ཟད་རྩོམ་པ་པོ་ཞིག་ཡིན་ན་རྩ་བའི་སྙན་ངག་གི་ལུས་སམ་བརྗོད་བྱའི་དོན་དེ་ཉིད་དངོས་ཡོད་དང་བསྟུན་ཅི་ཐུབ་བྱས་ན་དེ་ལ་སྙན་ངག་གི་ཉམས་ཤིག་དང་།སྙན་ངག་གི་དགེ་མཚན།སྙན་ངག་གི་གྲུབ་དོན་སོགས་རང་བཞིན་གྱིས་ཆ་ཚང་བ་ཞིག་ཏུ་འགྱུར་བ་སྨྱོན་མེད་ཡིན་པ་རེད།དེའི་ཕྱིར་ན་ཁྱེད་ཀྱི་རྩོམ་ཡིག་འདི་ལ་གོང་གི་ཆ་རྐྱེན་དེ་ཚང་བས་གསོན་ཉམས་ལྡན་པ་ཞིག་དང་དངོས་ཡོད་དང་མཐུན་པ་ཞིག་ཏུ་མཐོང་སོང་ངོ་།
སྤེན་ཚེར།
སྤེན་ཚེ་སློབ་དུས་འཇོན་འདུག །
སྤེན་ཚེས་ནང་ལ་ཕན་འདུག །
སྤེན་ཚེས་ཚོགས་གཙོས་འཚོགས་འདུག །
སྤེན་ཚེ་སྲིད་སྐྱོང་ཐོབ་དཀའ། །
ཀརྡོས།
དྲ་གྲོགས་ཚོ། བསྟོད་བསྟོད་སྨོད་སྨོད་ཀྱིས་རང་འདོད་མངས་སོང་ན་རང་ཉིད་བརླག་པའི་རྒྱུ་ལས་མི་འགྱུར། དེ་ལས་རན་པོའི་དགག་སྒྲུབ་ཀྱིས་གོ་རྟོགས་སྤེལ་རྒྱུ་ལེགས། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་གནས་སྟངས་ལ་སེམས་འཁུར་མེད་པའམ་སེམས་ཚོར་མེད་པའི་མི་ཞིག་ཡིན་ན་མ་གཏོགས་སྲིད་སྐྱོང་བློ་བཟང་སེང་གེ་དང་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་རྣམ་གཉིས་ཀྱི་ཤེས་ཡོན་དང་ཉམ་མྱོང་། འཇོན་ཐང་དང་ལྷག་བསམ། མིའི་གཤིས་དང་དྲང་ཚུབ་བཅས་ལ་འགྲེལ་བཤད་རྒྱབ་དགོས་དོག་མེད། གལ་འགྲེལ་བའི་དབང་དུ་སྟངས་ཡང་རང་ཚུབ་མེད་པའི་མི་ཞིག་ཡིན་ན་ལས་དེ་མིན་རང་རང་གི་སེམས་ནང་གིས་ཐག་བཅད་སྔ་ས་ནས་གྲ་སྒྲིགས་ཡོད་ཡོད་པ་རེད།
པདྨར།
ཀླུ་བྱམས་མཁས་དབང་ཡིན་པ་པདྨས་རྟོགས། །
ཀླུ་བྱམས་དཀའ་ཐུབ་སྤྱད་པ་པདྨས་དད། །
འབའ་སྲས་རབ་བཏགས་བྲིས་མིན་མི་ཤེས་ཀྱང་། །
འབའ་སྲས་ལས་ལྷག་པདྨའི་བདེན་གཏམ་རྫུན། །
ཀརྡོས།
བཀའ་ཤག་བཀའ་ཡིས་རྡོག་བརྫིས་བར་ན།།
བཅའ་ཁྲིམས་ཟེར་བ་མིང་ཙམ་རེད་བཞག།
བཀའ་བླུན་ཁྲི་པའི་ཁ་སྟབས་ཤིག་ལ།།
རྒྱལ་རབས་སྨྲ་བས་ཁོངས་དགོད་ཤོར་སོང་།།
སྤྱི་འཐུས་ཚོགས་ར་ཆོལ་ཁང་མ་རེད།།
གཞས་བྱེས་བོད་མིའི་སྤྱི་ཁང་ཡིན་པའ།།
ཆོལ་ཁ་གསུམ་གྱི་དཔུང་ཤུགས་བར་ན།།
༧གོང་ས་མཆོག་ཀྱང་དེ་ཙམ་རེད་བཞག།
རེ་བཞག་མིག་རྡེབ་ཅིག་གིས་འཁུར་སོང་།།
མཆན་འོག་ཟིན་བྲིས་ཤོག་ལྷེ་དམར་ནག།
མི་རབས་ཤིག་གི་ཁྲག་ཡིག་བསམ་ན།།
འཇའ་བཞིན་ཡལ་བར་སེམས་འཁུར་ལྕི་བ།།
འབའ་སྲས་ལ་ངོ་མ་བཅད་རྩོམ་གྱི་རྩལ་འདུག
བཤད་མཁན་དགོས་ན་བློ་སེང་གང་ལས་རྒྱལ།།
ལོ་ལྔ་གཏམ་གྱིས་ཟད་པ་སུས་མ་ཤེས།།
ལས་མཁན་དགོས་ན་སྤན་ཚེ་སུ་ལས་རྒྱལ།།
ལོ་ངོ་ཉི་ཤུའི་འབུལ་བ་སུས་མ་ཚོར།།
སྐྲགས་ཤོར་གང་ཡིན་བཙན་བྱོལ་ཡུལ་ལ་ཤོར།།
རང་ས་གོར་མོ་དཔའ་རོ་རྟ་རོས་གང་།།
སྐྲགས་ས་མེད་པའི་རྡ་ས་ལྷ་ཡུལ་ནས།།
ང་དཔའ་ང་ཕོ་ཟེར་བའི་ཁྱི་སྐུན་སུ།།
ཕྱོགས་གཏོགས་ལ་འགན་འཁུར་ནས་སྟོད་ཆེ་ན་མི་མང་
ལྐུག་པ་མ་རེད་འོས་ཤོར་ཡོང་ངོ་ཟབ་ཟབ་གནང་རོགས་།
ཐུགས་རྗེའི་གཟིགས་།
སྲིད་སྐྱོང་གིས།
བོད་སྐད་བོད་ཡིག་ཤེས་པར་ཤོག །
ཆོས་དད་ཡ་རབས་བཟང་བར་ཤོག །
དྲང་བདེན་ལ་རྒྱ་ཡོད་པར་ཤོག །
རྟག་འགྲུས་འཇོན་སྟངས་ཡོད་པར་ཤོག །
ཀརྡོས།