ཡོང་ཁུངས། རྒྱལ་བ་རིན་པོ་ཆེ་བོད་ཡིག་དྲ་བ།
(ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༡༠ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་གྲོས་ཚོགས་འཐུས་མི་ནེན་སི་པེ་ལོ་སི་ Nancy Pelosi མཆོག་གིས་དབུས་ཨ་རིའི་གྲོས་ཚོགས་གོང་འོག་གི་འཐུས་མི་བརྒྱད་ཀྱིས་གཙོས་པའི་ཨ་རིའི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ཞིག་རྡ་ས་བཞུགས་སྒར་དུ་ཆེད་ཕེབས་གནང་བར་བོད་མིའི་སྒྲིག་འཛུགས་ཀྱིས་དགའ་བསུའི་གཞུང་འབྲེལ་མཛད་སྒོའི་དབུ་བཞུགས་ཐོག་སྩལ་པའི་བཀའ་སློབ།)
༡ བདེན་པ་ཡོད་ཀྱང་འཚེ་བའི་ལམ་དུ་ཕྱིན་ན་མིས་ཤ་ཚ་རྒྱུ་ཁག་པོ་རེད།
དེ་རིང་དངོས་སུ་འདིར་འཁོད་པའི་བོད་རིགས་རྒན་བྱིས་སེར་སྐྱ་རྣམ་པ་དང་། འདིར་དངོས་སུ་མ་འཁོད་པའི་འཛམ་གླིང་རང་དབང་ཡུལ་གྲུ་ཁག་ལ་ཡོད་པ། ལྷག་པར་དུ་རང་དབང་བྲལ་ནས་དངངས་སྐྲག་འོག་སྡོད་མཁན་གྱི་གཞིས་བཞུགས་རྒྱ་ཆེའི་མི་མང་ཚང་མར་ངོས་ནས་ཚིག་ཁ་ཤས་ཞུ་འདོད་བྱུང་། ང་ཚོ་བོད་མི་རིགས་ནི། ས་འོག་ནས་དངོས་རྫས་ཐོན་པ་གཞིར་བཞག་བྱས་ཚེ་ཕལ་ཆེར་ལོ་སྟོང་ཕྲག་ཉི་ཤུ་སུམ་ཅུའམ་ཁྲི་གཉིས་གསུམ་གྱི་སྐད་ཆ་བཤད་ཀྱི་ཡོད་པས། མི་སྡེའི་སྤྱི་ཚོགས་ཆགས་པའི་ནང་གི་སྔ་ཤོས་ཀྱི་གྲས་ཤིག་ཆགས་ཡོད། ང་ཚོའི་མི་རབས་འདི་ལ་དུས་ཀྱི་འགྱུར་བ་ཧ་ཅང་ཆེན་པོ་བྱུང་ཞིང་། ཕྱི་ལོ་ ༡༩༥༩ ལོར་འདིར་བཙན་བྱོལ་དུ་འབྱོར་དུས་བོད་ཀྱི་ཁ་རྒྱུན་དུ་ཡོད་པ་ལྟར། ངོ་ཤེས་པ་གནམ་དང་ས་ལས་མེད་པར་གང་འདྲ་བྱེད་ཡོང་བསམ་སྟེ་དངངས་འཚབ་ཀྱིས་སྡོད་དགོས་པའི་གནས་སྟངས་ཆགས་པ་རེད། ང་ཚོ་བཙན་བྱོལ་བ་ཆགས་ནས་རིམ་གྱིས་ལོ་ ༥༨ ལྷག་ཕྱིན་པ་རེད། འགོ་སྟོད་དངངས་སྐྲག་ངང་སྡོད་དགོས་པ་དེ་རིམ་གྱིས་འགྱུར་བ་ཕྱིན་ནས་དེ་རིང་འདིར་ཆ་བཞག་ན་ང་ཚོ་བཙན་བྱོལ་བ་རེད། བཙན་བྱོལ་བའི་ངོས་ནས་བཤད་ན་སྐྱབས་མེད་མགོན་མེད་ལྟ་བུ་རེད། ཡིན་ནའང་། ང་ཚོར་ངོ་ཤེས་མེད་སར་ངོ་ཤེས་བྱུང་བ་དང་། གྲོགས་པོ་མེད་སར་གྲོགས་པོ་བྱུང་སྟེ་ལྷག་བསམ་རྣམ་དག་གིས་རྒྱབ་སྐྱོར་བྱས་པ་རེད། དེ་ཡང་དཔལ་འབྱོར་གྱི་ཁེ་ཕན་ལ་བལྟས་ནས་རྒྱབ་སྐྱོར་བྱས་པ་མ་རེད། ཆབ་སྲིད་ཀྱི་གནས་སྟངས་ཐོག་ནས་རྒྱབ་སྐྱོར་བྱས་པའང་མ་རེད། བདེན་པ་ལ་རྒྱབ་སྐྱོར་བྱས་པ་རེད། དེ་རིང་འདིར་ཆ་བཞག་ནའང་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ནེན་སི་པེ་ལོ་སི་ Nancy Pelosi མཆོག་ལོ་མང་སྔོན་ནས་ང་ཚོའི་ངོ་ཤེས་རེད། ཁོང་དང་ཁོང་གི་ཕྱག་རོགས་འཐུས་མི་མང་པོ་ཞིག་ཕེབས་པ་རེད། ཁོང་ཚོས་དཔལ་འབྱོར་ཐོག་ནས་རོགས་རམ་བཙལ་བ་རེད་དམ་ཟེར་ན་མ་རེད། ང་ཚོ་སྐྱོ་པོ་བྱས་ནས་བསྡད་ཡོད་པ་རེད། གང་རེད་ཟེར་ན་ང་ཚོར་བདེན་པ་ཡོད་པ་རེད། བདེན་པ་ཡོད་པ་གཅིག་པུའི་འགྲིག་གི་མི་འདུག བདེན་པ་ཡོད་ཀྱང་འཚེ་བའི་ལམ་དུ་ཕྱིན་པ་ཡིན་ན་མིས་ཤ་ཚ་བྱ་རྒྱུ་ཁག་པོ་རེད། ང་ཚོར་བདེན་པ་ཡོད་པ་མ་རྩར་བཞག་སྟེ། མཐའ་གཅིག་ཏུ་འཚེ་བ་མེད་པའི་ལམ་ལ་བརྟེན་ནས་རྒྱ་གཞུང་དང་འཐབ་རྩོད་བྱེད་ཀྱི་ཡོད་པ་རེད། ཡིན་ནའང་། རྒྱ་མི་རིགས་ལ་གུས་བརྩི་བྱེད་པ་དང་། གུང་ཁྲན་ཏན་ཡོན་བསམ་བློ་གུ་དོག་པོར་སྡོད་མཁན་ཚོར་སྙིང་རྗེ་སྒོམ་པ་དང་། ཐ་ན་གཏོང་ལེན་གྱི་དམིགས་པ་བྱས་ཏེ་དེ་དག་གི་སེམས་ཀྱི་དངངས་སྐྲག་དང་ཁོང་ཁྲོ། དོགས་པ་སོགས་ཚུར་བླངས། ང་རང་ཚོའི་བྱམས་བརྩེ་དང་བཟོད་པ། ཡིད་ཆེས་བཅས་ཕར་སྦྱིན་པས་དངོས་སུ་ལག་ལེན་གྱི་ཐོག་ལ་ཕན་ཐོགས་ཆེན་པོ་མེད་ཀྱང་བསམ་བློའི་ནང་དུ་ཁྱད་པར་ཆེན་པོ་འདུག
༢ བྱམས་བརྩེ་དེ་ང་ཚོ་བོད་ཀྱི་རིག་གཞུང་དང་གོམས་གཤིས་ཆགས་ཡོད།
ང་ཚོས་འདིར་འཐབ་རྩོད་བྱེད་ཀྱི་ཡོད་ཀྱང་བྱམས་བརྩེའི་བློ་དང་མ་བྲལ་བའི་ཐོག་ནས་འཐབ་རྩོད་བྱེད་ཀྱི་ཡོད་པར་བརྟེན། བོད་ཀྱི་རྒྱབ་སྐྱོར་བྱེད་མཁན་གྲོགས་པོ་རྣམས་ལོ་བཅུ་ཕྲག་ནས་བཅུ་ཕྲག་རིང་མང་དུ་མང་དུ་འགྲོ་བཞིན་པ་ནི་ང་ཚོའི་ལྷག་བསམ་དང་། བསམ་པ་རྣམ་དག དྲང་བདེན། རྒྱ་མི་རིགས་ལའང་ཁོང་ཁྲོ་སོགས་མེད་པར་གཉིས་ཕན་གྱི་ཐོག་ནས་དཀའ་ངལ་སེལ་ཐུབ་ན་བསམ་སྟེ་འབད་བརྩོན་བྱས་པས་རྒྱ་རིགས་ཀྱི་ནང་དུའང་རྒྱབ་སྐྱོར་བྱེད་མཁན་མང་དུ་མང་དུ་འགྲོ་བཞིན་འདུག དེ་ང་ཚོས་ཤེས་དགོས་པ་རེད། ང་ཚོ་བོད་པ་གྲོགས་པོ་མེད་སར་གྲོགས་པོ་བྱུང་། ངོ་ཤེས་མེད་སར་ངོ་ཤེས་མང་པོ་བྱུང་སྟེ་ལོ་རེ་ནས་ལོ་རེར་ཤུགས་ཆེ་རུ་འགྲོ་བ་དང་། ང་ཚོས་བསམ་པ་རྣམ་དག་དང་དྲང་པོ་དྲང་བཞག མིའི་བརྩེ་བ་མ་བོར་བའི་ཐོག་ནས་དཀའ་ལས་རྒྱག་གི་ཡོད་པས་འཛམ་གླིང་འདིར་རིན་ཐང་སླེབས་ཏེ་མི་མང་པོས་དོ་སྣང་བྱེད་ཀྱི་འདུག བྱམས་བརྩེ་དེ་ང་ཚོ་བོད་ཀྱི་རིག་གཞུང་དང་གོམས་གཤིས་ཆགས་ཡོད། སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་གཅིག་མཚུངས་ཀྱི་བསམ་བློ་བཏང་ཚེ། བོད་ཀྱི་དཀའ་ངལ་ཙམ་མ་ཡིན་པར་འཛམ་གླིང་འདིར་མིས་བཟོས་པའི་དཀའ་ངལ་ཅི་ཙམ་འདུག མི་ག་ཚོད་གསོད་ཀྱི་འདུག འདི་དག་བྱམས་བརྩེའི་བསམ་བློ་དང་གཉིས་ཕན་གྱི་བསམ་བློའི་ཐོག་ནས་སེལ་རྒྱུ་མ་གཏོགས་གོ་མཚོན་དང་དབང་ཡོད་བཤད་ནས་སེལ་ཐབས་ཡོད་པ་མ་རེད།
གནམ་གཤིས་ཀྱི་འགྱུར་བའི་ཐོག་ནས་བྱུང་བའི་དཀའ་ངལ་ལྟ་བུ་ནི་གནས་ཚུལ་ཁ་ཁ་རེད། མིས་བཟོས་པའི་དཀའ་ངལ་དེ་དག་དྲག་པོའི་ཤུགས་ཀྱི་ཐོག་ནས་མེད་པ་བཟོ་རྒྱུ་ནི་ཧ་ཅང་ཁག་པོ་རེད། འདས་པའི་དུས་རབས་ཉི་ཤུ་པའི་ནང་དུ་གོ་མཚོན་བེད་སྤྱོད་བྱས་ཏེ་མི་ས་ཡ་ཉིས་བརྒྱ་ལྷག་བསད་ཡོད་པ་རེད། མི་བསད་པ་དེས་དངོས་གནས་ཞི་བདེ་དང་འཆམ་མཐུན་ཡོང་ཐུབ་པ་བྱུང་མེད། དེར་བརྟེན་འདས་པའི་ལོ་རྒྱུས་ནང་དབང་ཡོད་བཤད་པ་དང་ཐུབ་ཚོད་བྱས་པ། གོ་མཚོན་གྱི་ནུས་པའི་ཐོག་ནས་ཁ་གཏད་བཅག་པ་སོགས་ཀྱིས་འདས་པའི་ལོ་རྒྱུས་ནང་དུ་དཀའ་ངལ་སེལ་ཐུབ་པ་བྱུང་མེད་ལ། མ་འོངས་པར་ཡང་གོ་མཚོན་གྱིས་མིའི་དཀའ་ངལ་གཏན་ནས་སེལ་ཐུབ་ཀྱི་མ་རེད། དེར་བརྟེན་བོད་དོན་གྱི་དཀའ་ངལ་ཡང་ལྷག་བསམ་རྣམ་དག་དང་དྲང་པོ་དྲང་བཞག བྱམས་བརྩེ་ལྡན་པའི་ངང་སེལ་ཐུབ་ན་དེས་འཛམ་བུའི་གླིང་གི་དཀའ་ངལ་གང་ལ་གང་འཚམ་ཞིག་སེལ་ཐུབ་རྒྱུར་མིག་དཔེ་སྟོན་ཐུབ་པ་དང་ཕན་ཐོགས་ཡོང་ཐུབ་པ་ཞིག་ཡོད་པ་རེད།
ཁ་སང་ཁོ་ཚོར་མཇལ་དུས་ཀྱང་ཞུས་པ་ཡིན་ལ་ནམ་རྒྱུན་དུའང་ཤོད་ཀྱི་ཡོད། བོད་དོན་ལ་རྒྱབ་སྐྱོར་གནང་མཁན་རྣམས་ནི་བོད་པ་ལ་ཕྱོགས་སུ་ལྷུང་བའི་བསམ་བློའི་ཐོག་ནས་རྒྱབ་སྐྱོར་བྱས་པ་མ་རེད། དྲང་བདེན་ལ་ཕྱོགས་ནས་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དང་། དྲང་བདེན་ལ་རྒྱབ་སྐྱོར་བྱེད་མཁན་རེད་ཅེས་ཤོད་ཀྱི་ཡོད། ངོས་ནས་དེ་ལྟར་དྲན་གྱི་འདུག ང་ཚོ་འཚེ་བའི་ལམ་ལ་ཕྱིན་ནས་མི་བསད་ཁྲག་སྦྱོར་བྱས་ཡོད་ན་ཤ་ཚ་དང་རྒྱབ་སྐྱོར་བྱེད་མཁན་འདི་ལྟ་བུ་ཞིག་ཡོང་ཡོད་པ་མ་རེད། ངོས་རང་ལ་ཆ་བཞག་ན་འཛམ་གླིང་གང་སར་སླེབས་སྐབས། མི་མང་པོས་ཧ་ཅང་དགའ་བོ་བྱེད་པ་ནི་ལྷག་བསམ་རྣམ་དག་དང་། རྒྱབ་མདུན་མངོན་ལྐོག་མེད་པར་ཀུན་ལ་ཕན་ཞིང་བདེ་བ་ཞིག་ཡོང་བའི་ཆེད་དུ་བསམ་བློ་བཏང་བས་ཡིན། དེ་ནི་ངོས་ཀྱི་ཁྱད་ཆོས་མ་ཡིན་པར་བོད་མི་རིགས་ཀྱི་ལོ་ངོ་སྟོང་ཕྲག་ལྷག་གི་རིང་ལ་གཙོ་བོ་དཔལ་ན་ལེནྡྲའི་ཆོས་བརྒྱུད་བྱམས་བརྩེ་ཙམ་དུ་མ་ཟད་རྒྱབ་རྟེན་ལྟ་གྲུབ་ཟབ་མོ་ཞིག་བཤད་ཀྱི་ཡོད་པ་དེའི་དབང་གིས་རེད། ལྟ་གྲུབ་དེ་དེང་སང་ཚན་རིག་པ་དང་མཉམ་དུ་གོ་བསྡུར་བྱེད་ཐུབ་པ་ཙམ་དུ་མ་ཟད་ཕན་ཚུན་ལ་བློ་སྐྱེད་ལེན་ཐུབ་པ་ཞིག་ཆགས་སྡོད་ཀྱི་འདུག དེ་ནི་ང་ཚོ་བོད་མི་རིགས་ཀྱིས་སྤོབས་པ་བྱེད་དགོས་པའི་རིག་གཞུང་ཞིག་རེད། འཛམ་གླིང་འདིར་ནང་པ་ཧ་ཅང་མང་པོ་ཡོད་ཀྱང་། བྱམས་བརྩེ་དང་འབྲེལ་བའི་ལྟ་གྲུབ་ཟབ་ཅིང་བརླིང་པོ་རྒྱ་ཆེ་བ་འདི་འདྲ་བོད་ལ་མ་གཏོགས་ཡོད་པ་མ་རེད། ཕ་མེས་ནས་རྒྱུ་མཚན་དང་བཅས་པའི་ཐོག་ནས་བྱམས་བརྩེ་སྒོམ་རྒྱུའི་གོམས་གཤིས་ཤིག་ཡོད་པ་དེ་བོད་པ་གཅིག་པུས་ངོམ་པའི་སྐད་ཆ་མ་ཡིན་པར་འཛམ་གླིང་སྤྱི་ལ་ཕན་ཐོགས་བྱེད་པའི་ནུས་པ་ཏན་ཏན་འདུག
ང་ཚོ་དེ་སྔ་བཙན་བྱོལ་བ་སྐྱབས་མེད་མགོན་མེད་ཉུང་ཤས་ཤིག་ཡིན་ཀྱང་། དེང་སང་འཛམ་གླིང་འདིར་བྱམས་བརྩེ་ལ་དོ་སྣང་གསར་པ་སླེབས་པ་ཞིག་ང་ཚོས་བྱེད་ཐུབ་ཀྱི་འདུག དེ་ང་ཚོ་ཚང་མས་ཤེས་དགོས། བོད་མི་རིགས་ལ་མིས་དགའ་བོ་བྱེད་པ་དང་རྒྱབ་སྐྱོར་བྱེད་པ་ནི་བོད་མི་རིགས་ལ་བྱམས་བརྩེའི་རིག་གཞུང་ཞིག་ཡོད་པ་དང་དེ་ལག་ལེན་བྱེད་ཀྱི་ཡོད་པའི་དབང་གིས་རེད། གཙོ་ཆེ་ཤོས་བོད་ནང་དུ་ཡོད་པའི་རྒྱ་ཆེའི་མི་མང་གིས་ཉེན་ཁ་དང་དཀའ་ངལ་འོག་བྱམས་བརྩེ་ཉམས་ལེན་བྱས་ཏེ་བོད་མི་རིགས་ཀྱི་རིག་གཞུང་བཟུང་བསྡད་ཡོད་པ་རེད། རྒྱ་རིགས་གྲོགས་པོ་མང་པོ་ཞིག་ཀྱང་ང་ཚོར་ངོ་མཚར་སྐྱེས་ནས་རྒྱབ་སྐྱོར་བྱེད་ཀྱིན་འདུག ང་རང་ཚོར་བྱམས་བརྩེ་དང་འབྲེལ་བའི་སྙིང་སྟོབས་ཤིག་ཡོང་བ་ནི་རིག་གཞུང་གི་ཐོག་ནས་ཡོང་གི་ཡོད་པ་རེད། བོད་ཀྱི་རིག་གཞུང་དེ་ནི་སྔ་མོ་བོད་མི་ས་ཡ་དྲུག་གི་དཀྱིལ་འཁོར་དུ་ཡོད་པ་ཞིག་དང་། དེང་སང་བོད་ཀྱི་རིག་གཞུང་དེ་འཛམ་གླིང་སྤྱི་ལ་གང་ལ་གང་འཚམ་གྱིས་ཕན་ཐོགས་ཏན་ཏན་ཡོད་པ་ཞིག་ཆགས་འདུག དེ་ལ་ངོས་རང་གདེང་འཁེལ་གྱི་འདུག
༣ གོ་མཚོན་འཁྱེར་ནས་དཀའ་ངལ་སེལ་རྒྱུ་ཁག་པོ་རེད།
བོད་དོན་ལ་ང་ཚོ་ཚང་མར་སེམས་ཁུར་ཡོད་པ་རེད། བོད་ནང་དུ་ཡོད་པའི་རྒྱ་ཆེའི་མི་མང་ཡང་བོད་དོན་སྐོར་ལ་སེམས་ཁུར་ཡོད་པ་རེད། ང་ཚོས་སེམས་ཁུར་དེ་ཁོང་ཁྲོ་དང་མི་ལ་གནོད་པ་སྐྱེལ་བའི་སྐད་ཆ་མ་རེད། ང་ཚོའི་སེམས་ཤུགས་ནི་བྱམས་བརྩེ་སྤེལ་བ་དང་སུ་ལ་ཡིན་ནའང་དངོས་གནས་དྲང་གནས་གྲོགས་པོ་བྱེད་རྒྱུའི་འོག་ནས་ང་ཚོའི་བདེན་པའི་མཐའ་ཏན་ཏན་གསལ་གྱི་རེད། དེའི་རྒྱུ་རྐྱེན་གཙོ་བོ་ངོས་ནས་བྱམས་བརྩེ་སྤེལ་བ་དེ་མཐོང་གི་ཡོད། གོ་མཚོན་འཁྱེར་ནས་དོན་དག་སྒྲུབ་རྒྱུ་དེ་མ་རེད། རྒྱལ་ཁབ་ཆེན་པོའི་གྲས་ཀྱིས་གོ་མཚོན་འཁྱེར་ནས་དཀའ་ངལ་སེལ་རྒྱུའི་ཐབས་ཤེས་བྱེད་ཀྱི་འདུག་ཀྱང་དཀའ་ངལ་མང་པོ་འཕྲད་ཀྱི་འདུག བྱམས་བརྩེས་དཀའ་ངལ་སེལ་རྒྱུར་དུས་ཚོད་འགོར་ངེས་ཡིན་ནའང་། བྱམས་བརྩེའི་ཐོག་ནས་དཀའ་ངལ་སེལ་རྒྱུར་ངོས་ཀྱིས་བདེན་ཚིག་སྨོན་ལམ་ནང་དུ་བྲིས་ཡོད་པ་ལྟར། བྱམས་བརྩེ་བསྐྱེད་ནས་བོད་ཀྱི་བདེན་དོན་གསལ་ཐུབ་པ་ཞིག་དང་། འཛམ་གླིང་སྤྱི་ལ་ཡིན་ནའང་སྤོབས་པ་ཆེན་པོའི་ཐོག་ནས་མིག་དཔེ་སྟོན་ཐུབ་པ་ཞིག་ང་ཚོས་བསམ་བློ་གཏོང་དགོས། འདིར་སྐུ་མགྲོན་རྣམ་པ་ཚོ་ཡོད་པའི་མདུན་དུ་དེ་ངོས་ཀྱིས་བཤད་འདོད་བྱུང་།
ཁྱོད་རང་ཚོ་ཡིན་ནའང་དངོས་གནས་ད་ལྟའི་བར་དུ་བོད་ལ་ཤ་ཚ་དང་རྒྱབ་སྐྱོར་ཧ་ཅང་ཡག་པོ་རེད། ཆབ་སྲིད་དང་དཔལ་འབྱོར་གྱི་དཀའ་ངལ་ཐོག་ནས་སྐབས་རེར་བདེ་མ་བདེ་ཡོང་གི་ཡོད་ཀྱང་། ལྷག་བསམ་འཁྱེར་ནས་འཛེམ་ཟོན་མེད་པར་བོད་དོན་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་རེད། ཨ་རི་ལ་ཆ་བཞག་ན་ཕལ་ཆེར་རང་དབང་ལྡན་པའི་འཛམ་གླིང་རྒྱལ་ཁབ་ཡོངས་རྫོགས་ཀྱི་འགོ་ཁྲིད་ལྟ་བུ་ཆགས་ཡོད། ཨ་རི་ཧ་ཅང་གལ་ཆེན་པོ་རེད། ཨ་རིའི་གྲོས་ཚོགས་གོང་འོག་གི་འཐུས་མི་རྣམ་པ་དེ་རིང་འདིར་གློ་བུར་དུ་སྐུ་མགྲོན་ལ་ཕེབས་པ་ཞིག་མ་ཡིན་པར་ལོ་མང་པོའི་གོང་ནས་ངོ་ཤེས་དང་གོམས་འདྲིས་བརྟན་པོ་ཡོད་པ་དང་། ང་ཚོའི་གྲོགས་པོ་དང་རྒྱབ་སྐྱོར་བ་ཆགས་ཡོད། ཁྱོད་ཚོ་འདིར་ཆེད་མངགས་ཕེབས་ནས་བོད་པ་ཚོར་གདུང་སེམས་མཉམ་བསྐྱེད་དང་། བདེན་པའི་རྒྱབ་སྐྱོར་གྱི་རྣམ་འགྱུར་བོད་རྒྱ་ཆེའི་མི་མང་གི་མདུན་དུ་བསྟན་པ་ལ་བཀའ་དྲིན་ཆེ་ཞེས་ཞུ་རྒྱུ་ཡིིན།
༤ ལྟོས་གྲུབ་ཀྱི་བློ་སྦྱོང་གིས་སེམས་ལ་ཞི་བདེ་སྐྲུན་ཐབས།
ང་ཚོའི་རིག་གཞུང་ཟེར་བ་ནི་ཕྱི་ལ་མཐོང་རྒྱུ་ཡོད་པ་ཞིག་ཕལ་ཆེར་མ་རེད། རིག་གཞུང་ནི་གཙོ་བོ་སེམས་ཀྱི་ནང་དུ་ཡ་རབས་སྤྱོད་བཟང་དང་། དེ་ཡང་རྒྱུ་མཚན་ལྡན་པའི་ཐོག་ནས་རེད། གནས་གཞི་ཡོངས་རྫོགས་རྟེན་ཅིང་འབྲེལ་བར་འབྱུང་བའི་རང་བཞིན་དང་། ལྟོས་གྲུབ་རེད། ལྟོས་གྲུབ་ཡིན་པས་རང་ལ་དགོས་པའི་བདེ་སྐྱིད་ཀྱང་ལྟོས་ནས་གྲུབ་པ་རེད་མ་གཏོགས། བདེ་སྐྱིད་ཅེས་རྡོག་རྡོག་ཅིག་ཡོང་རྒྱུ་ཡོད་པ་མ་རེད། སྡུག་བསྔལ་ཡང་ལྟོས་ནས་གྲུབ་པ་རེད་མ་གཏོགས་རང་གཅིག་པུའི་ཐོག་ནས་ཡོད་པ་མ་རེད། དེར་བརྟེན་ལྟོས་གྲུབ་ཀྱི་གནས་སྟངས་ལ་བསམ་བློ་གཏོང་སྐབས། ཉོན་མོངས་ཀྱི་བློ་ཆུང་དུ་འགྲོ་བ་དང་། ཉོན་མོངས་ཞེས་བརྗོད་སྐབས་འབེན་ལྟ་བུ་ཞིག་ལ་མཛུབ་གུ་བཙུགས་ནས་འདི་ངའི་གཉེན་ཡིན་དེ་ངའི་དགྲ་ཡིན་ཞེས་སེམས་ནང་ཧ་ཅང་མཁྲེགས་པོ་ཞིག་སླེབས་བསྡད་པ་དེ་ནི་རང་བཞིན་གྱིས་ཤུགས་ཆུང་དུ་འགྲོ་ངེས། དགྲ་གཉེན་གང་ཡིན་ཀྱང་ལྟོས་ནས་གྲུབ་པ་རེད་མ་གཏོགས་ཧྲེང་ཧྲེང་གཅིག་གི་ཐོག་ནས་ཡོང་རྒྱུ་མེད་པའི་རྣམ་གཞག་དེ་ཤེས་པ་ཡིན་ན། བསམ་བློའི་ནང་དུ་རང་བཞིན་གྱིས་བློ་ལྷིང་པོར་སྡོད་ཐུབ་པ་ཞིག་ཏན་ཏན་ཡོད་པ་རེད། འདི་ངའི་དགྲ་ཡིན་ཞེས་མཐའ་གཅིག་ཏུ་སྡང་སེམས་སྐྱེ་བ་དང་། འདི་ངའི་གཉེན་ཡིན་ཞེས་མཐའ་གཅིག་ཏུ་ཞེན་ཆགས་བྱེད་ཀྱི་ཡོད་སྐོར་ཚན་རིག་པས་ཀྱང་ཤོད་ཀྱི་འདུག ཁོང་ཁྲོ་ཟ་བའི་སྐབས་སུ་ཡུལ་དེ་ཧ་ཅང་མི་སྡུག་པ་ཞིག་ཏུ་མཐོང་གི་ཡོད་པ་དེའི་བརྒྱ་ཆའི་དགུ་བཅུ་ཐམ་པ་ཁོང་ཁྲོ་ཟ་མཁན་གྱི་སེམས་ཀྱིས་བཟོས་པ་རེད་འདུག་ཅེས་ཚན་རིག་པས་ཀྱང་ཤོད་ཀྱི་འདུག སངས་རྒྱས་པའི་གཞུང་གི་ནང་དུའང་དེ་བཞིན་གསུངས་ཡོད། དེར་བརྟེན་ང་ཚོར་སེམས་ཀྱི་བྱམས་བརྩེ་ཡོད་པ་ཡིན་ན་སེམས་ལ་ཞི་བདེ་ཡོང་གི་རེད། ཁོང་རྣམ་པ་ཚོས་ད་གིན་ངོས་རང་རྒས་མི་འདུག་ཅེས་བསྟོད་པ་བྱེད་ཀྱི་འདུག ངོས་ནས་ནམ་རྒྱུན་རྩེད་མོ་དང་སྦྲགས་ངོས་རང་ཆུ་ཚོད་དགུ་རིང་གཉིད་ཀྱི་ཡོད་པ་དང་། ཆུ་ཚོད་ལྔ་ཙམ་ལ་སྒོམ་རྒྱག་གི་ཡོད། དེ་ལྟ་བུའི་ཐོག་ནས་སེམས་ལ་ཞི་བདེ་ཞིག་སླེབས་ཀྱི་འདུག སེམས་ལ་ཞི་བདེ་སླེབས་པ་དེས་ལུས་ཀྱི་འབྱུང་བ་ལ་ཕན་ཐོགས་ཡོད་པ་ཞིག་ཏན་ཏན་རེད། སེམས་ཁོང་ཁྲོའི་ངང་དུ་སོང་ན། ཚེ་སྒྲུབ་བྱེད་ཀྱི་ཡོད་ཟེར་ན་ཡང་ཧ་ཅང་ཁག་པོ་རེད། སེམས་ལ་བྱམས་བརྩེ་ཡོད་ན་ཚེ་སྒྲུབ་ཡག་ཤོས་དེ་རེད། དེ་ངོས་རང་གི་ཉམས་མྱོང་གི་ཐོག་ནས་ཤོད་ཀྱི་ཡོད།
ང་ཚོ་ཚང་མས་བོད་ཀྱི་ཆོས་དང་རིག་གཞུང་ཞེས་བརྗོད་དུས་ཕར་ཕྱོགས་ལ་ལྷ་དང་ཀླུ་ལྟ་བུ་ཞིག་བཟོས་ནས་འཇོག་རྒྱུ་དེ་མ་ཡིན་པར་སེམས་ལ་འགྱུར་བ་གཏོང་རྒྱུ་ཞིག་རེད། དེ་ཡང་སྨོན་ལམ་རྒྱབ་ནས་མ་ཡིན་པར་རྟེན་འབྲེལ་ལྟོས་གྲུབ་ཀྱི་རྒྱུ་མཚན་ལ་བསམ་བློ་བཏང་བའི་ཐོག་ནས་སེམས་ལ་འགྱུར་བ་གཏོང་རྒྱུ་ཞིག་རེད། རྣམ་གཞག་དེས་ཕལ་ཆེར་འཛམ་གླིང་སྤྱི་ལ་ཕན་ཐོགས་བྱེད་ཐུབ་པ་ཞིག་རེད། ཆོས་དད་ཡོད་མེད་དང་ཆོས་དད་འདྲ་མིན་ཡོད་པ་ལ་མ་བལྟོས་པར་ཆོས་ལུགས་ཚང་མས་བྱམས་བརྩེ་གསུངས་བཞིན་པ་དང་། བྱམས་བརྩེ་སྒྲུབ་པའི་ཐབས་ལམ་དེ་དད་པ་གཅིག་པུ་མ་ཡིན་པར་རྒྱུ་མཚན་ལ་བརྟེན་པ་དང་། སེམས་ཁམས་རིག་པ་ཡག་པོ་ཤེས་ན་རྟེན་འབྱུང་ལྟོས་གྲུབ་ཀྱི་རིག་པ་དེ་ཚད་རྡུལ་དངོས་ཁམས་རིག་པ་རང་སླེབས་ཀྱི་ཡོད་པ་རེད།
༥ འཆམ་མཐུན་བྱུང་ན་བརྟན་བརླིང་ཡོང་གི་རེད།
ངོས་རང་བཙན་བྱོལ་བ་ཆགས་ནས་ལོ་ ༥༨ ཕྱིན་པ་རེད། བཙན་བྱོལ་ལ་སླེབས་སྐབས་ལོ་ ༢༤ ཡིན། ད་ལྟ་ལོ་ ༨༢ སླེབས་བསྡད་ཡོད་པ་རེད། ད་ལྟ་ཉམས་མྱོང་ཕྱོགས་བསྡོམས་བྱེད་པའི་སྐབས། ང་རང་ཚོ་བོད་མི་རིགས་ཀྱི་མེས་པོ་ཚོས་དཀའ་ལས་བརྒྱབ་ནས་བོད་ཀྱི་རིག་གཞུང་ཟེར་བ་ཞིག་བཙུགས་བཞག་པ་དེ་དངོས་གནས་རིན་ཐང་བྲལ་བ་ཞིག་རེད་འདུག་བསམ་པ་ཞིག་དང་། ངོས་རང་སོ་སོ་ཡིན་ནའང་དེ་ལྟ་བུའི་རིག་གཞུང་ཡོད་པའི་མི་རིགས་ཤིག་གི་ནང་དུ་སྐྱེས་པ་དེ་སྐལ་བ་བཟང་པོ་ཡིན་བསམ་གྱི་ཡོད། ད་དུང་ཚང་མས་ཧུར་ཐག་བྱེད་དགོས་པ་རེད། དེ་ཞུ་འདོད་བྱུང་།
དེ་རིང་གྲོགས་པོ་རྣམ་པ་ཚོར་མ་གཞི་ཞུས་ཚར་བ་རེད། ང་ཚོས་རྒྱ་ཟེར་བའི་སྐབས་སུ་གྲོགས་པོའི་འདུ་ཤེས་བཞག་ནས་ད་ལྟ་དཀའ་ངལ་ཡོད་པ་དེ་རྒྱ་ལའང་ཕན་གྱི་ཡོད་པ་མ་རེད། བོད་ལའང་ཕན་གྱི་ཡོད་པ་མ་རེད། དེ་སེལ་དགོས་པ་ཞིག་རེད། དེ་སེལ་བ་ལ་དྲག་གནོན་བྱས་ནས་ལོ་དྲུག་ཅུ་ལྷག་ཕྱིན་པ་རེད། དཀའ་ངལ་སེལ་ཐུབ་ཀྱི་མི་འདུག དྲག་གནོན་བྱས་ན་མིའི་སེམས་ལ་དོགས་པ་དང་འཇིགས་སྣང་སླེབས་ཀྱི་རེད། འཇིགས་སྣང་སླེབས་ན་འཆམ་མཐུན་ཡོང་གི་མ་རེད། འཆམ་མཐུན་མེད་ན་དཀའ་ངལ་སེལ་ཐབས་མེད། བོད་མི་རིགས་རྩ་མེད་ཟེར་བ་ཧ་ཅང་ཁག་པོ་རེད། བོད་མི་རིགས་སྡོད་ཀྱི་རེད། བསྡད་པའི་སྐབས་སུ་འཆམ་མཐུན་བྱུང་ན་བརྟན་བརླིང་ཡོང་གི་རེད། བརྟན་བརླིང་བྱུང་ན་རྒྱ་བོད་གཉིས་ཀར་ཕན་གྱི་ཡོད་པ་རེད། དེར་བརྟེན་དེ་རིང་ང་ཚོ་འདིར་འཚོགས་ནས་རྒྱ་མི་རིགས་ལ་ངོ་རྒོལ་བྱེད་ཀྱི་ཡོད་པ་ལྟ་བུ་རྩ་བ་ཉིད་ནས་མ་རེད། རྒྱ་མིས་གསར་འགྱུར་བཤད་སྲིད་པ་རེད། ཨ་རིའི་ལོག་སྤྱོད་པ་ཚོ་ཏཱ་ལའི་ལོག་སྤྱོད་པ་དང་མཉམ་དུ་ལག་པ་སྦྲེལ་གྱི་འདུག་ཅེས་བཤད་སྲིད་པ་རེད། དོན་དག་དངོས་དེ་མ་རེད། ང་ཚོའི་ངོས་ནས་རྒྱ་མི་རིགས་ལ་གྲོགས་པོའི་འདུ་ཤེས་བཞག ལོ་རྒྱུས་ཀྱི་ཐོག་ནས་དམིགས་བསལ་གྱི་འབྲེལ་བ་ཡོད་པ་ལ་བསམ་བློ་བཏང་ནས། གཉིས་ཕན་ལ་བསམ་བློ་གཏོང་བཞིན་ཡོད་པ་རེད་མ་གཏོགས་དགྲ་དང་གཉེན་གྱི་སྐད་ཆ་རྩ་བ་ཉིད་ནས་མ་རེད་ཅེས་སོགས་སྩལ།
བོད་རྒྱལ་ལོ་༢༡༤༤ ཕྱི་ལོ་༢༠༡༧ ཟླ་༥ ཚེས་༡༢ ལ་སྤེལ།
ཟུར་ཞུ། ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༡༠ ཉིན་བོད་མིའི་སྒྲིག་འཛུགས་ཀྱིས་ཨ་རིའི་གྲོས་ཚོགས་འཐུས་མི་ནེན་སི་པེ་ལོ་སི་ Nancy Pelosi མཆོག་གིས་དབུས་ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་རྡ་རམ་ས་ལར་ཕེབས་པ་དང་། དེར་གཞུང་འབྲེལ་ཕེབས་བསུའི་མཛད་སྒོ་འཚོགས་པར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་གནང་བའི་གནས་ཚུལ་དང་། ཉིན་དེར་སྩལ་བའི་བཀའ་སློབ་ཆ་ཚང་གསར་འགྱུར་ལེ་ཚན་ནང་གི་དྲ་ཐག་http://www.gyalwarinpoche.com/node/351འདི་ནས་གཟིགས།
མི་ཁ་ཤས་ཀྱིས་ཞེ་འདོད་སྒྲུབ་ཕྱིར་དུ་བཀའ་སློབ་བཅད་གཏུབ་བྱས་ནས་བཀོད་ན་རང་གཞན་གཉིས་ཕུང་ཡིན་པར་ཤེས་གལ། བོད་མའི་སྒྲིག་འཛུགས་དྲ་རྒྱ་ནང་དུ་གསུང་ཆ་ཚང་བཀོད་འདུག་པས་དགའ་གུས་ཡོད། ད་ནས་བཟུང་ཁ་བརྡ་དྲ་བས་ལུང་ཚན་འཐེན་འཁྱེར་མེད་པའི་རེ་སྨོན་ཧ་ཅང་ཆེ། གོང་གི་བཀའ་སློབ་དེའི་མཇུག་ཏུ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
༼གོང་དུ་གསུང་བཤད་གནང་མཁན་ཁྱེད་རང་ཚོ་ཚང་མས་དངོས་གནས་སེམས་འགུལ་ཐེབས་རྒྱུའི་གསུང་བཤད་གནང་བ་དེ་འདྲ་བྱུང་སོང་། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་བཞིན་ང་ཚོ་མང་གཙོའི་ལམ་གྱི་ཐོག་ནས་འོས་བསྡུ་བྱས་ཏེ་ཡར་བསླེབས་པའི་སྲིད་སྐྱོང་མཆོག་གིས་གསུང་བཤད་ཧ་ཅང་ཡག་པོ་གནང་སོང་། ཐུགས་རྗེ་ཆེ་ཟེར་གྱི་ཡིན།>>>>>>>>>>> ང་ཚོ་བོད་སྐད་ཐོག་སྲིད་སྐྱོང་ཟེར་རྒྱུ་འདི་ཏག་ཏག་འགྲོ་གི་ཡོད། ཨིན་ཇིའི་ཚིག་ཐོག་ Political Leader ཟེར་རྒྱུ་ལྟ་བུ། སྐབས་རེ་མང་པོ་ཞིག་གིས་ Prime Minister ཟེར་རྒྱུ་དེ་འདྲ་བཤད་ཀྱི་འདུག འདི་ཆབ་སྲིད་ཀྱི་གནས་ཚུལ་ཆགས་ཀྱི་འདུག འདི་ལས་ President བརྗོད་པ་ཡིན་ན་སློབ་གྲྭའི་གཙོ་འཛིན་ལ་གོ་རྒྱུ་ཡོད། གང་ལྟར་སྐྱིད་སྡུག་ཚོགས་པ་འདྲ་མིན་ལ་ President ཟེར་རྒྱུ་འདི་གོ་རྒྱུ་འདུག ལོ་ཤས་ནས་ང་ཚོ་བསམ་བློ་བྱུང་བ་རེད། དེ་འདྲའི་སྐད་ཆ་ཕྲན་བུ་བྱུང་བ་རེད། བར་སྐབས་ཨིན་ཇིའི་ཚིག་ནང་ཚིག་མང་པོ་འགྲེལ་བཤད་མི་དགོས་པར་ President བརྗོད་པ་ཡིན་ན། ང་ཚོ་འདིར་སྒྲིག་འཛུགས་ཤིག་ཡོད། སྒྲིག་འཛུགས་འདིའི་ President ཞེས་བརྗོད་པ་ཡིན་ན་མ་འགྲིག་པ་གང་ཡང་མི་འདུག ང་ཚོ་དེ་ལྟར་སྐད་ཆ་བྱུང་བ་རེད། དེ་ནས་དེ་རིང་འདིར་ང་ཚོའི་གྲོས་ཚོགས་ཀྱི་ཚོགས་གཙོས་ཨིན་ཇིའི་གསུང་སྐད་ཐོག་གསུང་བཤད་གནང་བར་ཧ་ཅང་དགའ་པོ་བྱུང་ཐུགས་རྗེ་ཆེ་ཞུ་གི་ཡིན། ཞེས་བཀའ་སློབ་སྩལ།།
ངས་རྒྱལ་བ་རིན་པོ་ཆེའི་བོད་ཡིག་དྲ་བར་བལྟས་པ་ཡིན། དེར་ཉིན་དེའི་གནས་ཚུལ་གྱི་སྐོར་དང་༧གོང་མཆོག་གི་བཀའ་སློབ་ཆ་ཚང་བ་ཡོད་པ་གཅིག་འདུག http://www.gyalwarinpoche.com/node/351དྲ་འདི་རེད། དེའི་ཟུར་དུ་༼དྲང་བདེན་དང་བྱམས་བརྩེའི་སྙིང་སྟོབས།༽ཞེས་བརྗོད་གཞི་བསལ་འདོན་ཞུས་པའི་བཀའ་སློབ་གཅིག་འདུག དེ་ནི་གོང་གི་འདི་རེད་འདུག
གངས་མྱི་ཟེར་བ་འདི་ལྟ་བུར་ཆ་འཇོག་བྱེད་དགོས་དོན་མེད་ཀྱང་། རྒྱལ་དབང་ཐམས་ཅད་མཁྱེན་པའི་མཛད་འཕྲིན་དང་རྗེས་འབྲེལ་དུ་སོང་བ་ཞིག་རེད་འདུག་པས་རང་ངོས་ནས་ཞིབ་བལྟ་ཞིག་བྱས་པ་ཡིན།
མ་གཞི་ནས་སྲིད་སྐྱོང་གི་དབྱིན་ཡིག་མིང་དོད་ President བཏགས་པ་འདི་ལུང་ཚན་འཐེན་འཁྱེར་གྱི་གནད་དོན་ཞིག་དང་འབྲེལ་བ་ཇི་ལྟར་ཡོད་པ་རེད། ཧ་ཧ་ཧ་་་རྐུན་མའི་གདོང་ལ་གྲིབ་མག་ཅེས་པའི་དཔེ་རང་རེད།
ཆོས་དང་འཇིག་རྟེན་གཉིས་ཀ་ལེགས་པ་མེད་པ་ཉམམ་ཆུང་བདག་གིས། བོད་ཀྱི་ཡི་གེའི་དག་ཆའི་སྐོར་ལ། ་༧་སྐྱབས་མགོན་རྒྱལ་བ་རིན་པོ་ཆེར་ཞུ་ཤོག་འབུལ་བ་ན། རིང་མིན་བཀའ་ལན་སྩལ་པ་ལན་འགའ་བྱུང་བ་ནི་བོད་དང་བོད་མི་སྐོར་ལ་ཐུགས་འགན་བཞེས་པའི་རྟགས་ཡང་དག་ཏུ་སྣང་ངོ་།
དེ་ལྟར་ཡིན་ན་༼གཞུང༽་ཟེར་ན་མང་པོ་ལ་གོ་རྒྱུ་ཡོད་པའི་་་་དགོན་པ་གཞུང་་སློབ་གྲྭ་གཞུང་་སྡེ་བ་གཞུང་་ཚོགས་སྡེ་རེ་རེ་ལ་གཟུང་ཟེར་ན་འོས་པ་ལས་་་་བོད་གཞུང་ཟེར་ན་མི་འགྲིག་པ་མེད་པའི་སྡེ་ཚན་ཞིག་ལ་གོ་བའི་སྒྲིག་འཛུགས་ཅེས་བརྒྱུར་དགོས་དོན་ག་རེ་ཡིན་ནམ།