ཆ་འགག་མེ་བསྟན།
ཕྱི་ལོ་ ༢༠༡༩ ལོའི་ཟླ་ ༡༢ ཚེས་ ༣༠ ཉིན་རྒྱ་ནག་ཝུའུ་ཧན་གྲོང་ཁྱེར་ནས་ཏོག་དབྱིབས་ནད་དུག་དེ་བྱུང་ནས་འཛམ་གླིང་གང་སར་ཁྱབ་གདལ་དུ་སོང་བ་ཞིག་རེད། རྒྱ་ནག་དམར་ཕྱོགས་གཞུང་གི་གསང་སྟབས་ཀྱིས་ཡོངས་བསྒྲགས་མ་བྱས་པ་མ་གཏོགས། ཆེད་ལས་སྨན་པ་ཁག་གིས་གཙོས་རྒྱལ་ཁབ་གཞན་དག་གིས་ཚོད་དཔག་བྱས་གསལ་ལྟར་ན་ཕྱི་ཟླ་ ༡༠ བ་དང་ ༡༡ ནང་ནས་ནད་དུག་དེ་བྱུང་ཚུལ་བརྗོད་བཞིན་ཡོད། དང་ཐོག་གསར་འགྱུར་བརྒྱུད་ལམ་ཁག་ཚང་མས་རྒྱ་ནག་ཝུའུ་ཧན་ནས་བྱུང་བའི་ཏོག་དབྱིབས་རིམས་ནད་ཅེས་འབོད་བཞིན་ཡོད་ལ། རིམ་པས་(coronavirus) covid 19 ལ་འགྱུར་སོང་བ་རེད།
མ་ཟད་ད་དུང་རྒྱལ་ཁབ་ཕན་ཚུན་བར་ངན་ཁག་དཀྲི་འདོད་ཀྱི་སྦྱོར་ངན་མང་པོ་བརྩམས་ཡོད་པ་བརྗོད་མ་དགོས་ལ། ཨ་རི་སྟོབས་ཆེན་རྒྱལ་ཁབ་ཀྱི་སྲིད་འཛིན་(Donald Trump)ཁྲོམ་གྱིས་ཐད་ཀར་ཁ་གསལ་དོན་གསལ་ཐོག་རྒྱ་ནག་མིང་འདོན་བྱས་ན་ཡང་། རྒྱ་ནག་གཞུང་ཕྱོགས་ནས་དེར་ངོས་ལེན་བྱས་མེད། ཨེ་ཤ་ཡའི་རྒྱལ་ཁབ་ཁག་དང་། ཡུ་རོབ་རྒྱལ་ཁབ་ཁག་གིས་ཀྱང་མི་འདོད་བཞིན་ཏུ་ཁ་བཙུམ་ནས་སྡོད་དགོས་པ་ཅི། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་གཙོས་ཀུན་གྱིས་དྲང་བདེན་ལ་རྒྱབ་སྐྱོར་བྱེད་རྒྱུ་ལག་བསྟར་བྱེད་ཐུབ་ཀྱི་མེད་པ་གསལ་པོ་ཆགས་ཡོད། དཔེར་ན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཕྲོད་བསྟེན་འགན་འཛིན་(Tedros Adhanom Ghebreyesus) གྱིས་སྐོག་དངུལ་བླངས་ནས་སྐད་ཆ་དྲང་པོ་མ་བཤད་པ་ལ་སོགས་པར་མི་མང་ནས་སྐྱོན་བརྗོད་འདྲ་མིན་དང་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་ཡང་སྤེལ་ཡོད།
བོད་མི་ཚོར་མཚོན་ན་དྲང་བདེན་མེད་པས་གནས་ལུགས་དེའི་འོག་ཏུ་ལོ་ངོ་དྲུག་བཅུ་ལྷག་གི་རིང་རེ་སྟོང་བརྒྱབ་ནས་བསྐྱལ་ཡོད་ལ། ད་ལན་རྒྱ་ནག་ཝུའུ་ཧན་ནས་བྱུང་བའི་ཏོག་དབྱིབས་ནད་དུག་འདིའི་རྐྱེན་བྱས་ཏེ་ཚང་མའི་ལས་འབྲས་དང་དྲང་བདེན། འཛམ་གླིང་གི་ཁོར་ཡུག་སོགས་ལ་གཅེས་སྤྲས་སྔར་ལྷག་བྱེད་རྒྱུ་དང་། ལྷག་པར་རྒྱ་ནག་དམར་ཕྱོགས་གཞུང་གི་གོ་ལ་ཧྲིལ་བོ་གཏོར་སྐྱོན་ཚབ་ཆེན་བཏང་ཡོད་པ་དང་། འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་བཏང་བ། བོད་དང་ཡུ་གུར་སོགས་ལ་ཁྲག་གི་མཚོ་མོ་བསྐྱིལ་ཏེ་སྐད་ཡིག་གི་རང་དབང་འཕྲོག་པ། སྨྲ་བརྗོད་རང་དབང་མེད་པ། འགྲོ་འོང་གི་རང་དབང་སོགས་མེད་པ་མཉམ་འབྲེལ་རྒྱལ་ཚོགས་གཙོས། ནུབ་ཕྱོགས་སྟོབས་ཆེན་རྒྱལ་ཁབ་ཨ་རི་དང་། ཡུ་རོལ། ཨེ་ཤ་ཡ་སོགས་ཀྱིས་མཉམ་རུབ་སྒོས་སྣེ་ཁྲིད་དེ་འཛམ་གླིང་འདིའི་སྒང་ལ་དྲང་བདེན་དང་། གནས་ལུགས་སོགས་གཙུག་ཏུ་བཀུར་མཁན་གྱི་རྒྱལ་ཁབ་དག་གིས་རྒྱ་ནག་དམར་ཕྱོགས་གཞུང་འདི་ཕྱི་མཛེས་ཁོག་རུལ་གྱི་རྒྱལ་ཁབ་ཅིག་ཡིན་པ་གསལ་འདོན་བྱེད་རྒྱུ་དུས་ལ་བབ་པ་དམ་འཛིན་བྱེད་དགོས།
རང་ས་ཤོར་ཏེ་ལོ་ངོ་དྲུག་བཅུ་ལྷག་གི་རིང་མིའི་ཡུལ་དུ་སྐྱབས་བཅོལ་ནས་འཚོ་བས་བོད་མི་རྣམས་དང་བོད་མིའི་སྒྲིག་འཛུགས། གཞུང་འབྲེལ་མ་ཡིན་པའི་ཚོགས་སྐྱིད་ཁག་གི་ནང་ཁུལ་གྱིས་ནད་རྙིང་རུལ་བ་དེ་གཡུག་སྟེ། བོད་སྤྱི་བའི་རྩ་དོན་སླད་ཚང་མའི་ཁ་ཞེ་གཉིས་མེད་ཐོག འབད་པ་ལྷོད་མེད་བྱེད་རྒྱུ་ལས་ད་དུང་དུས་ཚོད་གང་འཁྱོལ་དང་ཉི་མ་གང་འགྲོ་བྱས་བསྡད་ན་མ་འོངས་འགྱོད་པའི་གནས་སུ་ལྷུང་རྒྱུ་ཉག་གཅིག་གོ།།
ང་ཚོའི་དཔྲལ་བའི་མིག་དང་ཁོག་པའི་སྙིང་ལྟ་བུ་འཛམ་གླིང་ཞི་བདེའི་དེད་དཔོན་ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་༧སྤྱི་ནོར་༧གོང་ས་སྐྱབས་མགོན་རྒྱལ་བའི་དབང་བོ་ཐམས་ཅད་མཁྱེན་ཅིང་གཟུགས་པ་ཆེན་པོ་མཆོག་གི་དགུང་ལོའི་བབ་དང་། ད་ལྟའི་ཛ་དྲག་གི་གནས་སྟངས་ཕྱོགས་ཡོངས་ལ་གཟིགས་ཏེ་བོད་མི་ཐམས་ཅད་རྡོག་རྩ་གཅིག་སྒྲིལ་ངང་གོ་སྐབས་དམ་འཛིན་གྱིས་བོད་སྤྱི་བའི་རྩ་དོན་ཐོག་སྔར་ལྷག་འབད་བརྩོན་གནང་རྒྱུ་ཕྱི་མ་དྲགས་ན་སྔ་དྲགས་མེད་དོ།།
ཕྱི་ལོ་ ༢༠༢༠ ཟླ་ ༠༥ ཚེས་ ༠༡ ཉིན་ལ།