—-མངའ་རིས་ཕྲིན་ལས།
ཁྱེད་གཉིས་འོས་བསྡུ་མི་དགོས་པར་ཐད་བསྐོས་སམ་རེ་མོས་གནང་ན་ག་འདྲ་འདུག གཉིས་ཀ་ལང་ཕྱོགས་མཐུན་པའི་དབུ་མའི་སྡོམ་ལྡན་ཡིན་པས་སོ། །
བཙན་བྱོལ་བོད་མིའི་འོས་བསྡུ་ནི་མི་མང་གི་རྒྱུ་དངོས་ཆུད་ཟོས་དང་། ཆོལ་གསུམ་མཐུན་འབྲེལ་གནོད་སྐྱོན་ཡོང་གཞི་ལས་ཕན་འབྲས་མེད་པའི་ནང་ཁུལ་ཁྲབ་སྟོན་ཞིག་ཆགས་སོང་བས་ད་རེ་དངོས་གཞི་འོས་བསྡུའི་ཆ་ཤས་ལེན་རྒྱུ་མིན།
༡༽ ༡༩༥༩ ལོར་བོད་རྒྱལ་ཁབ་ཡོངས་རྫོགས་རྒྱ་དམར་གྱིས་རྩ་མེད་ནུས་མེད་དུ་བཟོས་ཀྱང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དབུས་བོད་གཞུང་གི་ལུགས་གཉིས་ཀྱི་མངའ་བདག་བླ་དཔོན་ཕལ་ཆེ་བ་བཙན་བྱོལ་རང་དབང་ལུང་པར་བདེ་ཕེབས་གྲུབ་འཕྲལ། བོད་གཞུང་སྐྱར་འཛུག་སོགས་ཡུལ་དུས་གནས་སྐབས་ལ་དཔག་ནས་ཆོས་སྲིད་ཀྱི་མཛད་པ་དང་ཕྱག་རྗེས་རླབས་ཆེན་བཞགས།
འོན་ཀྱང་སྟབས་མ་ལེགས་པ་ཞིག་ལ་བར་སྐབས་ནས་བོད་གཞུང་དེ་ཉིད་བཙན་བྱོལ་སྒྲིག་འཛུག་ཅེས་པའི་མིང་བྱང་འོག་བཙན་གྱིས་སྒྱུར་བཅོས་བྱས་པ་དུས་དེ་ནས་བཟུང་མིང་རྫིག་པོ་དང་འགྲེལ་བཤད་སྙན་པོ་ག་ཚོད་རྒྱབ་ཀྱང་། ལོ་རབས་དང་མི་རབས་ནས་བརྒྱུད་པའི་བོད་གཞུང་དེ་ཉིད་ཚོགས་པ་བྱེ་བྲག་པའི་གནས་བབས་སམ་སྒྱུར་བཅོས་བྱས་པ་ནི་ང་ཚོའི་མི་ཐོག་གསར་རྙིང་བར་དུ་བོད་ཀྱི་ལོ་རྒྱུས་སྟེང་ཆེས་འཇིགས་སུ་རུང་བའི་ནག་ཐིག་ཕབ་ཟིན།
༢༽ དེ་ལྟ་ན་འཛམ་གླིང་སྤྱི་སྲོལ་ལྟར་ཚོགས་པ་ཞིག་ལ་མཚོན་ན་ཚོགས་གཙོ་དང་དྲུང་ཡིག་ཚོགས་མི་ཙམ་ལས་མི་དགོས་མོད། འོན་ཀྱང་ད་དུང་བཙན་བྱོལ་བོད་པའི་ཚོགས་པར་སུ་གཅིག་དང་མི་འདྲ་བར། བཀའ་ཤག་དང་། གྲོས་ཚོགས་ཡོད་པ་ནི་ཐུན་མོངས་མིན་པའི་ཁྱས་ཆོས་སུ་བགྲང་བར་བྱེད་མོད། དོན་དུ་ཆོལ་ཁ་དང་ཆོས་ལུགས་ལུང་ཚན་འཐེན་འཁྱེར་གྱི་དམགས་འཁྲུགས་རྒྱབ་ས་མ་གཏོགས་བོད་རྒྱལ་ཁབ་དང་མི་མང་གི་ཚབ་མཚོན་ནུས་པ་ཞིག་མིན་པ་ཕྱི་ནང་ཚང་མའི་སེམས་ཁུངས་སུ་སྔར་ནས་བསྐྲུན་ཟིན་པ་མ་ཚད། ཆབ་སྲིད་ལྟ་གྲུབ་ལ་འགྱུར་ལྡོག་ནམ་ཡང་ཡོང་ས་མེད་པའི་འཆིང་རྒྱ་ཞིག་གི་འོག་འོས་སུ་ལ་ཐོབ་ཀྱང་དམིགས་བསལ་བྱ་རྒྱུ་དང་བྱེད་ས་མེད་པས་འོས་བསྡུ་ནི་ཚོགས་པའི་རྒྱུ་དངོས་འགྲོ་གྲོན་ཆུད་ཟོས་རེད།
༣༽ དེ་ལྟར་ན་ཡང་དྲང་བདེན་དང་འགྲོ་ལུགས་མཐུན་པ་ཞིག་བྱས་ན་ད་དུང་ཅུང་རེ་བའི་མིག་འབུར་ཞིག་གཏོད་ཆོག་མོད། དེ་ལས་ལྡོག་སྟེ་ཁ་སྔོན་སྔོན་འགྲོའི་འོས་བསྡུ་ཚར་བ་དང་། འོས་བསྡུ་ལས་ཁུངས་ཀྱིས་འཛམ་གླིང་གང་ས་ནས་སྐྱོན་བརྗོད་དང་། ཟུར་ཟ་བསམ་ཚུལ་བྱུང་མིན་ལ་མ་ལྟོས་པར་སྡིག་པ་མིག་བཙུམ་གྱིས་དྲང་བདེན་དང་བྲལ་བའི་སྒྲིག་གཞིར་སྲིད་སྐྱོང་འོས་མི་གཉིས་ལས་ཡོང་མི་ཆོག་པར་བཟོས་པ་དེ་ཉིད་འགྱུར་བ་མ་བཏང་པ་ནི་ད་རེའི་འོས་བསྡུ་འདི་ཉིད་དྲང་བདེན་མིན་པའི་ཁྲབ་སྟོན་ཙམ་ཞིག་ལ་ངོས་འཛིན་གྱིས་འོས་བསྡུ་ནི་ཚོགས་པའི་རྒྱུ་དངོས་འགྲོ་གྲོན་ཆུད་ཟོས་རེད།
༤༽ ད་རེས་འོས་བསྡུ་འདི་ནི་བོད་ཀྱི་ལོ་རྒྱུས་སྟེང་དུ་དགའ་ལྡན་ཕོ་བྲང་སྲིད་དབང་ནས་དགོངས་ཞུ་བྱས་ཏེ། བོད་གཞུང་དེ་ཉིད་ཚོགས་པ་ཞིག་གི་མིང་དུ་སྒྱུར་པ་ནས་བཟུང་འོས་བསྡུ་ཐེངས་དང་པོ་དེ་ཆགས་ཡོད། འོས་བསྡུ་འདིར་འོས་ལང་མཁན་དཔོན་པོ་དང་། འོས་བླུགས་མཁན་མི་མང་ཚང་མས་ཡ་རབས་བཟང་སྤྱོད་དང་ལྡན་པའི་འོག་ནས་བྱས་ན་ཕན་གནོད་ཡོད་མིན་ལ་མ་ལྟོས་པར། འཛམ་གླིང་ནང་བོད་པའི་གཤིས་ཀ་དང་ཀུན་སྤྱོད་མིག་དཔེར་འོས་པའི་གནས་སྟངས་ཤིག་བྱུང་ཚེ་དེ་ཡང་ལས་འགུལ་གྱི་ངོ་བོ་ཙམ་ལ་ངོས་འཛིན་བྱ་འོས་སུ་མཆིས་མོད། དེ་ལས་ལྡོག་སྟེ་བཙན་བྱོལ་བོད་པའི་འོས་བསྡུ་ནི་དྲང་བདེན་དང་ཡ་རབས་མེད་ཅིང་། ངོ་ཚ་དང་ལས་འབྲས་ཡོངས་སུ་དོར་ཏེ་ཆོལ་ཁའི་ཞེན་ཁོག་སོགས་ནད་ངན་སྣ་ཚོགས་ཀྱིས། འོས་མི་གཉིས་ནད་འབུ་འཇིགས་སུ་རུང་བ་གཉིས་ཀྱི་ངོ་བོར་ད་ལྟ་ནས་བསྐྲུན་ཟིན་པས་འོས་བསྡུ་ནི་ཚོགས་པའི་རྒྱུ་དངོས་འགྲོ་གྲོན་ཆུད་ཟོས་རེད།
༥༽ དོན་དུ་ང་ཚོ་བཙན་བྱོལ་བོད་གཞུང་དང་། གཞུང་དེའི་ལས་བྱེད་མི་མང་ཚང་མས་སྒྲུབ་བྱ་གཙོ་བོར་ ༡༩༥༩ ལོར་འཛམ་གླིང་ཡོངས་དང་། གཞིས་ལུས་རྒྱ་ཆེ་མི་མང་གི་མཐོང་ཐོས་སར་དམ་བཅའ་བཞགས་པ་བཞིན་བོད་རང་བཙན་སྐྱར་གསོ་དང་འབྲེལ་བའི་ལས་དོན་འོག་གཞིས་ལུས་རྒྱ་ཆེ་མི་མང་གི་བདེ་སྡུག་ལྟ་རྒྱུ་དེ་རེད། དེ་ལྟར་མ་བྱུང་ནའང་བདེན་དོན་རྩོད་པའི་མ་རྩ་བོད་གཞུང་དེ་ཉིད་འཛམ་གླིང་སྤྱི་དང་བྱེ་བྲག་གཞིས་ལུས་རྒྱ་ཆེ་མི་མང་གི་སེམས་ཁམས་ན་སྲ་བརྟན་གནས་ཐུབ་པའི་འབད་བརྩོན་བྱེད་དགོས་ཀྱང་། དེ་ལས་ལྡོག་སྟེ་བོད་གཞུང་གི་མཚན་མཐོང་ཡོད་སྐབས་སུ་མི་རིགས་ས་ཁོངས་རང་སྐྱོང་གི་བསམ་འཆར་ཡིག་ཆ་ཟེར་བ་སྔ་ཕྱི་གཉིས་སྤྲད་དེ། བཙན་བྱོལ་བོད་གཞུང་དེ་ཉིད་བཙན་གྱིས་ཚོགས་པའི་མིང་དུ་སྒྱུར་བ་དང་། ལྟ་བ་དབུ་མའི་ལམ་ཟེར་བ་དེའི་འཆིང་རྒྱ་ལས་གྲོལ་ཐབས་མེད་པ་ཞིག་བཟོས་ཡོད་པར་བརྟེན། རྒྱ་ནག་ལ་ལག་པ་འཆང་འདོད་མཁན་ཚོར་འཆང་ས་མེད་པ་ཞིག་དང་། འཆང་མི་འདོད་མཁན་ཚོར་འཆང་མི་དགོས་པ་ཞིག་སྔར་ནས་གྱུར་ཟིན་པས་ད་ལྟའི་འོས་མི་སུ་ཞིག་ཐོབ་ཀྱང་འཆིང་རྒྱ་དེ་ལས་ནམ་ཡང་འདའ་ས་མེད་པ་ཀུན་ཤེས་ཡིན་པས་འོས་བསྡུ་ནི་ཚོགས་པའི་རྒྱུ་དངོས་འགྲོ་གྲོན་ཆུད་ཟོས་རེད།
༦༽ གནས་བབ་དེ་འདྲའི་འོག་གི་འོས་མི་སྲིད་སྐྱོང་ལས་ཐོག་མི་རྗེ་སྐུ་ངོ་བློ་བཟང་སེངྒེ་མཆོག་དང་། ཚོགས་གཙོ་ལས་ཐོག་མི་རྗེ་སྐུ་ངོ་སྤེན་པ་ཚེ་རིང་རྣམ་གཉིས་ནི་ཤེས་འཇོན་ཉིས་ལྡན། ཕྱག་ལས་གནང་ས་ཞིག་དང་། ནུས་པ་ངོམ་སའི་སྡིངས་ཆ་གཙང་མ་ཞིག་ཡོད་ཚེ་ཁོང་གཉིས་ལ་འཇོན་ནུས་ཀྱི་ཁྱད་པར་གང་ཡང་མེད་པ་མ་ཟད། རྣམ་པ་གཉིས་ཀའི་ད་བར་གོ་སྐབས་དང་གོ་ས་ཞིག་ཡོད་ཕྱིན་ཕྱག་ལས་ཧུར་ཐག་གནང་ཡོད་པ་དྲང་བདེན་བློ་ཟུ་བོར་གནས་པ་ཡོངས་ཀྱི་མཁྱེན་གསལ་ལྟར་ཡིན་མོད། དེ་ལས་ལྡོག་སྟེ་ཁོང་རྣམ་པ་གཉིས་ལ་རྒྱབ་སྐྱོར་ཡིན་ཟེར་མཁན་ཚོས་བོད་རྒྱལ་ཁབ་ཀྱི་རྩ་དོན་ཐོག་ཕྱག་ལས་སུས་གནད་ལ་འཁེལ་བ་གནང་ཡོད་མིན་མི་གླེང་བར། ཆོལ་ཁའི་འཐེན་འཁྱེར་དང་། རྨོངས་དད། གཡམ་རྒྱུག། ལྐུགས་རྟགས་ཁོ་ནས་ཁུངས་སྐྱེལ་ར་སྤྲོད་དཔང་རྟགས་གང་ཡང་མེད་པར། ཁོང་གཉིས་ཀྱིས་དངུལ་ཟས་རབ། རྫུན་བཤད་རབ། མི་བསད་རབ། ཇག་རྒྱབ་རབ། ཐ་ན་པར་འཇོག་སྟངས་འགྲིག་མིན་སོགས་གནས་ཚུལ་ཆུང་ཙག་འགའ་རེར་ཕན་ཚུན་རྣོ་ངར་དང་ལྡན་ལ་བོད་མི་ནང་ཁུལ་གྱི་ལར་རྒྱ་དང་། བཟོད་སྲན་མེད་པར་བསམ་ཡུལ་ལས་འདས་པའི་གཞི་མེད་སྐྱོན་བརྗོད། ཚིག་མཚོན་འདེབས་རེས་ཀྱི་མུག་འཁྲུགས་གཅིག་སྡུག་གཉིས་སྡུག་བརྒྱབ་པས་ད་ལྟའི་ཆར་ཁོང་གཉིས་འཛམ་གླིང་སྤྱི་དང་བོད་གཞིས་བྱེས་གཉིས་ཀྱི་མི་མང་གི་སེམས་ནང་། མི་རིགས་ཀྱི་རྩ་དོན་རྩོད་རྒྱུ་ཕར་བཞག་ཁོང་གཉིས་ཁྲིམས་ལུགས་དང་བྲལ་བའི་ནག་ཆེན་གཉིས་ལ་རྒྱབ་སྐྱོར་པ་ཚོས་བཙན་གྱིས་སྒྱུར་ཟིན་པ༼རྒྱ་ནག་བོད་ལྗོངས་དྲ་བ་ཟེར་བའི་སྟེང། “ཡུལ་གྱར་བོད་མིའི་ཐེངས་འདིའི་འོས་བསྡུ་ཆེན་མོ་ནི། ཡང་ནས་བསྐྱར་དུ་ཡོངས་གྲགས་ཐོག་ཕན་ཚུན་སྐྱོན་མཚང་སྔོག་ས་ཞིག་ཏུ་གྱུར་ཡོད་པ་ཙམ་མ་ཟད། ཏཱ་ལའི་རུ་ཁག་གི་ནང་ཁུལ་གྱི་འགལ་ཟླ་མུ་མཐུད་ཆེ་རུ་འགྲོ་བཞིན་པའི་གསང་བ་ཕྱིར་གྱར་ཡོད། སུ་ཞིག་འོས་འདེམས་བྱུང་མིན་ལ་མ་ལྟོས་པར། ཡུལ་གྱར་བོད་མི་རྣམས་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་ཉིན་བཞིན་འ་ཆད་འུ་ཐུག་ཏུ་གྱུར་བཞིན་པའི་གནས་སྟངས་ལ་འགྱུར་བ་གཏོང་ཐབས་མེད།”༽ཅེས་པ་ལ་ལྟས་ན་དགྲ་དགའ་གཉེན་སྡུག་གི་ལས་འགུལ་ཞིག་ཆགས་ཟིན་པས་འོས་བསྡུ་ནི་ཚོགས་པའི་རྒྱུ་དངོས་འགྲོ་གྲོན་ཆུད་ཟོས་རེད།
༧༽ གོང་གསལ་རྒྱུ་མཚན་དེ་དག་གཞིར་བཅས། ད་རེ་འོས་མི་སྐུ་ངོ་རྣམ་པ་གཉིས་ལ་ཤེས་ཡོན་དང་། འཇོན་ནུས། ལྷག་བསམ་གང་ཐད་ནས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་རྩ་དོན་དུ་ཕྱག་ལས་གནང་སའི་ཁོར་ཡུག་ཡོད་ཚེ་གནང་ཐུབ་པའི་ཁྱད་ཆོས་སམ་འོས་ཆོས་ལྡན་མོད། འོན་ཀྱང་དབུ་མའི་ལམ་གྱི་འཆིང་རྒྱ་དང་དམ་བཅའི་འོག་ནས་ཁོང་གཉིས་འཇོན་ནུས་ངོམ་ས་མེད་པའི་ངོས་འཛིན་དང་འབྲེལ། མ་འོངས་པར་རྣམ་པ་གཉིས་ཀས་རྒྱལ་སྤྱི་དང་རྒྱ་ནག་གི་འགྱུ་འགྲོས་ལ་གཞིག་ནས་ཆབ་སྲིད་ལང་ཕྱོགས་འཛིན་ནུས་པའི་ཐུགས་སྤོབས་ལྡན་ལ་གོ་སྐབས་མཐུན་རྐྱེན་ཚང་བའི་འོག་མུ་མཐུད་བོད་མི་ས་ཡ་དྲུག་གི་བདེ་དོན་དང་། གཞིས་ལུས་རྒྱ་ཆེ་མི་མང་གི་མངོན་འདོད་དང་ཡོངས་སུ་མཐུན་པའི་དངོས་གཞི་ཕྱག་ལས་གནང་ཐུབ་པའི་རེ་བསྐུལ་ཙམ་ཞུ་བ་ལས། ད་རེས་རྒྱལ་བཅེས་ལྷག་བསམ་ཅན་གྱི་སེར་སྐྱ་འབུམ་ཕྲག་མང་པོས་གཅེས་པའི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བོད་མི་རིགས་རྒྱལ་ཁབ་སྐྱར་བསྐྲུན་ཁོ་ནའི་ཆེད་བློས་བཏང་གནང་མཁན་ཡོངས་དང་། ལྷག་པར་ཉེ་སྔོན་ཕྱི་ཚེས་༢༩ ཉིན་ན་གཞོན་རྒྱལ་བཅེས་ལྷག་བསམ་ཅན་གཞིས་བཞུགས་གྲྭ་སྐལ་བཟང་དབང་འདུས་ལགས་དང་། བཙན་བྱོལ་སློབ་ཕྲུག་ཚེ་རིང་རྡོ་རྗེ་ལགས་རྣམ་པ་གཉིས་ནས་བོད་རང་བཙན་གཙང་མའི་དོན་དུ་ལུས་སྲོགས་ལོངས་སྤྱོད་བློས་བཏང་གནང་བའི་རྗེས་དྲན་རྒྱབ་སྐྱོར་མཚོན་བྱེད་དུ། ད་རེས་དབུ་ལམ་རྐྱང་པའི་སྲིད་སྐྱོང་གི་འོས་བསྡུའི་ཆ་ཤས་ལེན་རྒྱུ་མིན།
མདོར་ན་བཙན་བྱོལ་རྐྱང་པའི་འཛིན་སྐྱོང་ཙག་ཙིག་གི་ཐད་ཁོང་རྣམ་གཉིས་ཤེས་འཇོན་དང་ལྷག་བསམ་ལ་དབྱེ་བ་མེད་པས་གཅིག་མཚུངས་ཀྱིས་གཉིས་ཀར་རྒྱབ་སྐྱོར་ཡོད་ལ། མི་རིགས་དང་རྒྱལ་ཁབ་ཀྱི་རྩ་དོན་ལ་ཕན་པའི་ཆབ་སྲིད་ལང་ཕྱོགས་མེད་པ་གཉིས་ཀ་གཅིག་མཚུངས་ཡིན་པས་གཉིས་ཀར་རྒྱབ་སྐྱོར་མེད། དེས་ན་ང་རང་ཉིད་ལ་དབང་བའི་འོས་གཅིག་པོ་དེ་བོད་མི་རིགས་ཀྱི་ཆེད་དུ་ཡིན་པས་སུ་ལའང་ཐོབ་ཐང་མི་འདུག་པས་ད་རེས་ཆ་ཤས་ལེན་རྒྱུ་མིན།
ཕྱི་ལོ་ ༢༠༡༦། ༣ ། ༣ ཉིན་མངའ་རིས་ཕྲིན་ལས་ནས།
ཀློག་རིན་འདུག
ཡག་པོ་བྲིས་འདུག
སྤེན་པ་ཚེ་རིང་གིས་ཨ་ཚོགས་ཀླུ་མཁར་བྱམས་མཆོག་ལ་སྡིངས་ཆ་གཅིག་མི་ལེན་ཟེར་བར་དགོངས་དག་ཞུ་དགོས་ཀྱི་འདུག རྒྱུ་མཚན་ནི་བོད་རང་བཙན་དེ་བཞིན་བོད་ཕྱི་ནང་གཉིས་ཀྱི་དགོས་འདུན་ཡིན་པ་ངོ་འཕྲོད་ཀྱིན་པས་སོ།
ཡག་པོ་གསུངས་དུག་ ཡིན་ནའི འོས་ངེས་པར་འཕེན་རོགས་
འོས་མ་འཕེན་ན་ཁོང་གཉིས་ལ་ཁྱད་པར་གང་ཡང་འགྲོ་གི་མ་རེད་།
ཁྱེད་རང་གི་མང་གཙོའི་ཐོབ་ཐང་རྩ་ཆེའི་འོས་དེ་ཤོར་བ་རེད་།ཧཧཧཧཧ
རང་བཙན་པ་ཚད་ལྡན་འདྲ་ཡོད་སྲིད་ན་ཡང་། ཀླུ་མཁར་བྱམས་ནི་མི་ངན་ཅིག་རེད་དོ། ཀར་བློ་ལགས།།
་་་་་་་་་ ད་རེས་དབུ་ལམ་རྐྱང་པའི་སྲིད་སྐྱོང་གི་འོས་བསྡུའི་ཆ་ཤས་ལེན་རྒྱུ་མིན། ་་་་་་་ཟེར།
དོན་དངོས་རང་བཙན་གྱི་ལྟ་བ་དེ་རེད་མོ།
བཙན་བོལ་བོད་མིའི་བཅའ་ཁྲིམས་ནང་བོད་དོན་བདེན་མཐའ་གསལ་ཐབས་ཟེར་བ་ལས་རང་
བཙན་དང་དབུ་མ་གང་ཡང་གསལ་མི་འདུག་གོ་།
ལྷག་པར་ཉེ་སྔོན་ཕྱི་ཚེས་༢༩ ཉིན་ན་གཞོན་རྒྱལ་བཅེས་ལྷག་བསམ་ཅན་གཞིས་བཞུགས་གྲྭ་སྐལ་བཟང་དབང་འདུས་ལགས་དང་། བཙན་བྱོལ་སློབ་ཕྲུག་ཚེ་རིང་རྡོ་རྗེ་ལགས་རྣམ་པ་གཉིས་ནས་བོད་རང་བཙན་གཙང་མའི་དོན་དུ་ལུས་སྲོགས་ལོངས་སྤྱོད་བློས་བཏང་གནང་བའི་རྗེས་དྲན་རྒྱབ་སྐྱོར་མཚོན་བྱེད་དུ། ད་རེས་དབུ་ལམ་རྐྱང་པའི་སྲིད་སྐྱོང་གི་འོས་བསྡུའི་ཆ་ཤས་ལེན་རྒྱུ་མིན།
གོང་གི་དེས་གསལ་བོ་བསྟན་འདུག ཧཧཧཧཧཧཧཧཧཧཧཧ
ངོ་མ་ཡག་པོ་བྲིད་འདུག མི་རིགས་ལ་བཅིང་པའི་བརྩེ་སེམས་མཚོན་གྱི་འདུག་ལ། བོད་མི་རིགས་ཀྱི་ལས་དབངས་ལ་བསམ་བློ་གཏང་མཁན་ཞིག་གཏན་གཏན་ཡིན་པ་མ་ཚད། གནས་ཚུལ་གོ་རྟོགས་ཡོད་པས་སྒང་ལ་དྲང་བཤད་གནང་འདུག་བསམ་པ་བྱུང་། ཁྱེད་ཀྱི་བསམ་ཚུལ་རྣམས་དངོས་གྱུར་ནམ་ཡང་ཡོང་ཐབས་མེད་པ་བཟོས་ཟིན་པས་བྱ་ཐབས་ཅི་ཡོད། རྗེས་སུ་ཡི་རང་ཞུ་མངའ་རིའི་འཕྲིན་ལས་ལགས།
ནམ་རྒྱུན་ཁ་བརྡ་དྲ་བའི་མཆན་ཞབས་ན་ཡིག་ནོར་གྱིས་དགོས་མེད་ཕན་མེད་ཀྱི་ཚིག་གི་ལུད་རོ་སྤུང་མཁན། ཀརྡོར་ཕྱག་གཉེར་ཟེར་བའི་བླ་རྒན་ཆགས་སྡང་གིས་བཟི་འདུག་མཁན་དེ་དང་ཟུང་ཏོག་ཟེར་བའི་གླེན་པ་ལུག་འདྲ་བོ་དེ་ཚོ་ནི་དངོས་ནས་དྲ་ཞབས་ཀྱི་སྐྱག་འབུ་དང་གང་ལ་དཀྱེལ་ཡང་བའི་བགྲོ་གླེང་བྱ་མི་འཇུག་པ་དང། དགོས་མེད་ཕན་མེད་ཀྱི་སྐད་ཆའི་ལུད་རོ་མང་པོས་དྲ་བའི་བགྲོ་གླེང་མེད་པར་བཟོས་འགྲོ་བས། རྗེས་ཕྱོགས་ཁ་བརྡ་དྲ་བས་འདི་དག་གཙང་བཟོ་རེ་བྱས་ན་ཡག་གི ཡང་ཅིག་བཤད་ན་ཁོ་བ་དག་གི་ཚིག་ཉོག་ནང་ན་ལེན་རྒྱུ་སོགས་ནི་རི་བོང་གི་རྭ་རེད་མོད། ཆགས་སྡང་ཁོ་ན་ལས།